རྒྱ་གཞུང་གིས་ནག་ཆུའི་ས་ཡོམ་རྗེས་ཀྱི་གནས་ཚུལ་དང་རྒུད་སྐྱོབ་ལས་ཀར་དམ་དྲག་བྱེད་བཞིན་པ།

0
ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་མཚན་མོའི་ཆུ་ཚོད་༡༠ དང་སྐར་ ༣༣ ཐོག་ནག་ཆུ་སྦྲ་ཆེན་རྫོང་དུ་རིམ་པ་ ༧་༠ ཅན་གྱི་ས་ཡོམ་བརྒྱབ་རྗེས་གཞུང་ཕྱོགས་ནས་ཕྱོགས་ཡོངས་ལ་བཀག་སྡོམ་དང་དམ་དྲག་ཤུགས་ཆེན་བྱས་ཡོད།  ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་གནོད་འཚེ་ཕོག་པའི་གནས་ཚུལ་དང་ཤི་རྨས་བྱུང་བའི་གནས་ཚུལ་རང་དབང་གིས་ཁྱབ་བསྒྲགས་བྱ་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད།  ས་ཡོམ་བྱུང་སའི་ཡུལ་དངོས་ཀྱི་གནས་ཚུལ་དྲ་ལམ་དུ་སྤེལ་མཁན་ལ་བཙན་ཤེད་ཀྱིས་རང་ཉེས་ངོས་ལེན་གྱི་བརྙན་ཐུང་བཟོ་རུ་འཇུག་པ་དང་། གཞི་རིམ་མི་མང་གི་མི་ཆོས་རིང་ལུགས་ཀྱི་རོགས་རམ་ཁག་ལ་དམ་དྲག་དང་ཚད་བཀག་བཟོ་བཞིན་ཡོད། གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གི་ནང་མི་ ༡༦ ཤི་བ་དང་ ༧༦ ལ་རྨས་སྐྱོན་ཕོག་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། ས་གནས་མི་མང་གིས་བཤད་པ་ལྟར་ན་ཤི་རྨས་ཀྱི་གྲངས་འབོར་ལྡབ་འགྱུར་གྱི་མང་པ་ཡོད་པ་རེད།།  ས་གནས་བོད་མི་ཚོས་བཤད་པ་ལྟར་ནརྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་སྒོ་ནས་གནོད་འཚེ་ཐེབས་པའི་གྲངས་འབོར་སྦེད་སྐུང་བྱེད་བཞིན་ཡོད་པ་རེད། བོད་མི་ཞིག་གིས་འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་དོན། ཁོང་གི་ཉེ་འཁོར་གཅིག་པུ་ནས་མི་གྲངས༥༠ ལྷག་ཙམ་འདས་གྲོངས་སོང་འདུག་ཅེས་འགྲེལ་བརྗོད་གནང་སོང་། ས་ཡོམ་རྗེས་སུ་བོད་ས་ཡོངས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། དེའི་ནང་ནས་ཀྱང་སྦྲ་ཆེན་རྫོང་དང་དེའི་ཉེ་འཁོར་གྱི་གྲོང་གསེབ་ཁག་ལ་དམ་དྲག་བྱེད་བཞིན་འདུག  ས་གནས་བོད་མི་དང་དང་བླངས་པ་ཚོས་གནོད་འཚེ་ཕོག་ཁུལ་དུ་རྒུད་སྐྱོབ་ལས་དོན་སྤེལ་བར་འགྲོ་སྐབས། སྲིད་གཞུང་གི་དམ་དྲག་ཆེ་བའི་བཀའ་རྒྱར་མོས་མཐུན་བྱས་ན་མ་གཏོགས་འགྲོ་བསྐྱོད་མི་ཆོག་པ་ཡོད། གནོད་འཚེ་ཕོག་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་གཙོ་གནད་ཀྱི་དམ་དྲག་ཁག་གཤམ་གསལ་ལྟར། ༡། གནོད་འཚེ་ཕོག་ཁུལ་ནས་པར་དང་བརྙན་ལེན་མི་ཆོག་པ་དང་ཐད་གཏོང་བྱེད་མི་ཆོག ༢། གཞུང་གི་བཀའ་འཁྲོལ་མེད་པར་གསར་འགོད་པ་དང་། དང་བླངས་པས་མི་དམངས་ལ་བཅར་འདྲི་བྱེད་མི་ཆོག ༣།  གཞུང་འབྲེལ་ཆོག་མཆན་མ་ཐོབ་པར་ས་ཡོམ་དང་འབྲེལ་བའི་གནས་ཚུལ་རྒྱུད་སྤེལ་བྱས་པ་ཡིན་ནརྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དཀྲོག་གཏམ་སྤེལ་བར་ངོས་འཛིན་བྱེད་ཀྱི་ཡོད། ༤། གནོད་འཚེའི་ས་ཁུལ་གྱི་བརྙན་ཐུང་དང་པར་རིས་བེད་སྤྱོད་བྱས་ཏེ་སྤྱི་ཚོགས་ཐོག་གང་བྱུང་གི་རོགས་རམ་དང་ཞལ་འདེབས་བསྡུ་ལེན་མི་ཆོག གནས་ཚུལ་བཀག་སྡོམ་བྱ་ཆེད་སོག་རྫོང་དང་། ལྷོ་རོང་རྫོང་། ཤན་རྩ་རྫོང་བཅས་ཀྱི་ཉེན་རྟོག་པས་དཀྲོག་གཏམ་བཟོས་པ་དང་། དྲ་ལམ་དུ་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་བོད་མི་བཅུ་གྲངས་ཁ་ཤས་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།  དེ་རྗེས་སྤྱི་བདེ་ལས་ཁུངས་ནས་མི་སྣ་དེ་དག་གིས་ནག་ཉེས་ངོས་ལེན་བྱས་ལུགས་ཀྱི་བརྙན་ཐུང་བཀྲམ་ནས་མི་དམངས་ལ་འཇིགས་སྐུལ་བྱས་ཡོད། དཔེར་ན། ལྷོ་རོང་རྫོང་སྤྱི་བདེ་ཅུས་ཀྱིས་བོད་རིགས་བུ་མོ་ཞིག་འཇུ་བཟུང་བྱས་ཏེ་མོ་ལ་ནག་ཉེས་ངོས་ལེན་གྱི་བརྙན་ཐུང་བཟོ་རུ་བཅུག་ཡོད། དེ་ནི་བུ་མོ་དེས་དྲ་ལམ་དུ་ས་ཡོམ་རྐྱེན་པས་མི་བརྒྱ་ལྷག་རྐྱེན་འདས་སོང་བའི་གནས་ཚུལ་སྤེལ་བའི་རྐྱེན་གྱིས་རེད། ད་ལྟའི་ཆར་བུ་མོ་དེའི་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མ་ཐུབ་པར་ལུས་ཡོད། ཡང་གནས་ཚུལ་གཞན་ཞིག་ནི། ཟླ་ ༡༠ ཚེས་ ༢༤ ཉིན་གྱི་སྔ་དྲོར་ས་གནས་བོད་མི་ཞིག་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད། དེ་ནི་མི་དེས་སྐད་འཕྲིན་ནང་སོག་རྫོང་ཉེན་རྟོག་ལས་ཁུངས་ཀྱི་དྲ་རྒྱའི་བདེ་འཇགས་སྐོར་གསལ་བསྒྲགས་དེ་མི་དམངས་ལ་འཇིགས་སྐུལ་བྱ་ཆེད་རྫུན་བཟོ་བྱས་པ་ཡིན་སྐོར་བརྗོད་ཡོད་ཅིང་། དེ་ནི་སྔོན་མ་བོད་མི་ཞིག་གིས་གླེ་སོག་སུམ་མདོའི་ཆུ་མཛོད་བརྡོལ་ཉེན་ཡོད་སྟབས་གྲོང་མི་རྣམས་རི་ལ་གནས་སྤོ་དགོས་པའི་དྲན་སྐུལ་བཏང་བར་འཇུ་བཟུང་བཀག་ཉར་བྱས་རྗེས་སུ་བྱུང་བ་ཞིག་རེད། ས་གནས་ཉེན་རྟོག་པས་འཛིན་སྐྱོང་དང་ཁྲིམས་ལུགས་ཉེས་དོན་གྱི་ཐབས་ལམ་སྤྱད་ནས་གཞུང་གི་ལྟ་ཚུལ་དང་མི་མཐུན་པའི་བོད་མིར་ཉེས་འཛུགས་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་གི་བཅོས་སྐྱོང་དོ་དམ་གྱི་ཁྲིམས་ཡིག་དོན་ཚན་ ༢༩ ཡི་ནང་།  གལ་ཏེ་ཉེན་རྟོག་ལས་ཁུངས་ནས་དཀྲོག་གཏམ་བཟོས་པ་དང་། གནོད་འཚེ་ཕོག་ཁུལ་གྱི་གནས་ཚུལ་རྫུན་བཟོས་བྱས་པར་བྱས་ཚེ་མ་མཐར་ཡང་ཉིན་ ༡༠ བཀག་ཉར་དང་མི་དམངས་ཤོག་སྒོར་ ༡༠༠༠ གི་ཉེས་ཆད་གཏོང་རྒྱུ་རེད། རྒྱ་ནག་གི་ཉེས་ཁྲིམས་ནང་གསལ་ལྟར་ན། གནོད་འཚེ་ཕོག་པའི་གནས་ཚུལ་རྫུན་བཟོ་དང་ཤེས་བཞིན་དུ་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་བཏང་ཚེ་འབྲེལ་ཡོད་མི་སྣ་དེར་མ་མཐར་ཡང་ལོ་ ༣ གྱི་བཙོན་འཇུག་ཕོག་ངེས་རེད།  ད་ལྟའི་ཆར་ཉེན་རྟོག་ལས་ཁུངས་ནས་བཀག་ཉར་བྱས་པའི་མི་འགའ་ཤས་ལ་ཉེས་རྡུང་བཏང་བ་དང་། དངུལ་ཆད་བཅད་པ། བཙན་ཤེད་ཀྱིས་བརྙན་ཐུང་བཟོ་རུ་བཅུག་ཏེ་གཞི་ནས་གློད་གྲོལ་བཏང་ཡོད། རང་བྱུང་གནོད་འཚེས་རྐྱེན་པས་མི་སྣ་ཤི་རྨས་དང་སྤྱི་ཚོགས་ལ་གྱོན་གུན་ཆེན་པོ་བཟོས་རྗེས་སྲིད་གཞུང་གི་ལས་འགན་ལྗིད་ཤོས་དེ་ཚེ་སྲོག་སྲུང་སྐྱོབ་དང་གནས་ཚུལ་ཁག་ཕྱི་གསལ་ནང་གསལ་བཟོ་རྒྱུ་དེ་ཡིན་པ་ལས་གཏམ་བརྗོད་རང་དབང་ལ་ཉེས་འཛུགས་བྱ་རྒྱུ་དེ་མ་ཡིན། ཚབས་ཆེའི་གྱོང་གུན་དང་རྨས་སྐྱོན་གྱི་གནོད་འཚེ་ཕོག་པའི་རྗེས་གཞུང་དང་ས་གནས་ཉེན་རྟོག་པས་རངདབང་ལྡན་པའི་ཐོག་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་དགོས་པ་དང་།  ཛ་དྲག་གི་གནས་སྟངས་དེ་འདྲའི་འོག་མི་དམངས་ལ་དངོས་ཡོད་གནས་ཚུལ་བདེན་དཔང་བྱ་རྒྱུ་གལ་ཆེན་པོ་ཡིན་ནའང་། དཀའ་ངལ་ལ་གདོང་ལེན་བྱེད་པའི་ཐབས་ལམ་ལེགས་ཤོས་ནི་ཕྱི་གསལ་ནང་གསལ་དང་རང་དབང་གི་ཐོག་ནས་གཏམ་བརྗོད་རང་དབང་འགན་སྲུང་ཡོང་བ་བྱ་རྒྱུ་དེ་རེད།  གྲོང་མི་ཚོས་སྡོད་ཁང་གི་རྨང་གཞིའི་འཛུགས་སྐྲུན་གྱི་ཉེན་ཁར་སྔོན་འགོག་བྱེད་པའི་དྲན་སྐུལ་བཏང་བའམ་ཡང་ན་རང་གི་གཉེན་ཉེའི་གནས་ཚུལ་འཚོལ་ཞིབ་བྱས་པར་ཉེས་འཛུགས་བྱེད་པ་ནི་མི་མང་གི་སེམས་ཁྲལ་ཆེ་རུ་གཏོང་བ་དང་མི་ཆོས་རིང་ལུགས་ཀྱི་རོགས་རམ་བཀག་འགོག་བྱེད་ཀྱི་ཡོད། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གཞུང་དང་ས་གནས་ཉེན་རྟོག་ལས་ཁུངས་ཁག་ལ་འབོད་སྐུལ་ཞུ་རྒྱུར། རང་བྱུང་གནོད་འཚེའི་རྐྱེན་པས་ཤི་རྨས་བྱུང་བའི་གནས་ཚུལ་རྣམས་ཁ་གསལ་བཟོ་དགོས་པ་དང་། གནས་ཚུལ་རྒྱུས་ལོན་བྱེད་པའི་བརྒྱུད་ལམ་ཁག་གི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་པ། གནོད་འཚེ་དང་འབྲེལ་ནས་གནས་ཚུལ་ཕྱིར་བསྒྲགས་བྱས་པར་བརྟེན་འཇུ་བཟུང་བྱས་པའི་མི་སྣ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་གཏོང་དགོས། དང་བླངས་རོགས་ཚོགས་དང་གསར་འགོད་པ་རྣམས་རང་དབང་གི་ཐོག་ནས་གནོད་འཚེ་ཕོག་ཁུལ་དུ་བཀག་འགོག་མེད་པར་འགྲོ་བསྐྱོད་ཆོག་པ་བཅས་ཀྱི་འབོད་སྐུལ་ཞུ་བཞིན་ཡོད།

རྒྱ་གཞུང་གིས་སློབ་གྲྭ་གསུམ་སྒོ་བརྒྱབ་ནས་བོད་ཀྱི་སྐད་ཡིག་སློབ་གྲྭར་ཉེན་ཚབ་ཆེན་པོ་བཟོས་འདུག

0
འདི་ག་ལྟེ་གནས་ཁང་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། རྒྱ་གཞུང་གིས་འདས་པའི་ཟླ་བ་གསུམ་གྱི་ནང་མདོ་སྨད་མགོ་ལོག་ཁུལ་དུ་བཙན་ཤེད་ཀྱིས་བོད་པའི་སློབ་གྲྭ་གསུམ་སྒོ་བརྒྱབ་པའི་གནས་ཚུལ་ཐོན་ཡོད། རྟ་བྲག་དྭ་ཕྲུག་སློབ་གྲྭ་དང་།  ར་རྒྱ་འཇིགས་མེད་རྒྱལ་མཚན་གྱི་རྩ་ཐང་བུ་མོའི་སློབ་གྲྭ།  དེ་བཞིན་ཇ་སག་སྡེ་པའི་གྲོང་མིས་གཉེར་བའི་སློབ་གྲྭ་བཅས་རེད། དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༨ ནས་ཟླ་ ༩ བར་སློབ་གྲྭ་དེ་དག་སྒོ་རྒྱག་དགོས་པའི་བཀའ་བཏང་ནས་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་། དེ་བཞིན་སྲོལ་རྒྱུན་གཙོ་བོར་གྱུར་བའི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མེད་པ་བཟོས་འདུག ད་ཐེངས་སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་དེ་དག་ནི་བོད་པའི་རང་སྐྱོང་དང་སྒེར་བཙུགས་སློབ་གྲྭ་ཁག་ལ་དཀའ་ངལ་ཆེན་པོ་འཕྲད་པའི་རྗེས་སུ་བྱུང་བ་ཞིག་ཡིན་སྟབས་མི་མང་པོས་དེ་བས་ཀྱང་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། དེ་ཡང་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱིས་འཛིན་སྐྱོང་བྱེད་པའི་སློབ་གསོའི་ལམ་ལུགས་ཕུད་པའི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་གཞན་དག་ཚང་མ་མེད་པ་བཟོ་བཞིན་པའི་སེམས་ཁྲལ་རེད། འདི་ག་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༢ ལོའི་དམིགས་བསལ་སྙན་ཐོ་<<ཞི་ཅིང་ཕིང་གི་སྲིད་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་།>> ཞེས་པའི་ནང་བོད་པའི་སྒེར་བཙུགས་སློབ་གྲྭ་དང་། སྤྱི་ཚོགས་ཀྱིས་གཉེར་བའི་སློབ་གྲྭ། དེ་བཞིན་དགོན་སྡེ་ཁག་དང་འབྲེལ་བ་ཡོད་པའི་སློབ་གྲྭ་ཁག་ལ་བཀག་སྡོམ་བྱེད་པའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་སྔོན་ཚུད་ནས་ཉེན་བརྡ་བཏང་ཡོད། རྟ་བྲག་དྭ་ཕྲུག་སློབ་གྲྭ་དང་རྩ་ཐང་བུ་མོའི་སློབ་གྲྭ་སྒོ་བརྒྱབ་པ། ཕྱི་ལོ་  ༢༠༢༦  ཟླ་ ༩  ཚེས་  ༢ ཉིན་རྒྱ་གཞུང་གིས་བཀའ་བཏང་ནས་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་ཉེ་འགྲམ་དུ་ཡོད་པའི་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་སྒོ་བརྒྱབ་པ་དང་། སློབ་གྲྭ་དེ་ནི་ཕྱི་ལོ་ ༢༠༠༥ ལོར་སྐུ་གཤེགས་རྟའུ་བློ་བཟང་དཔལ་ལྡན་ལགས་དང་ཁོང་གི་སྐུ་ཟླའི་རོགས་རམ་འོག་གསར་འཛུགས་གནང་བ་ཞིག་རེད། སློབ་གྲྭ་དེས་དྭ་ཕྲུག་དང་ཉམས་ཐག་དཀའ་ངལ་ཅན་གྱི་སློབ་ཕྲུག ༣༠༠ ཙམ་ལ་ལྟ་སྐྱོང་དང་སློབ་གསོ་མྱོང་བའི་གོ་སྐབས་ཐོབ་ཡོད། སློབ་གྲྭ་དེའི་ནང་བོད་ཡིག་དང་། ནང་པའི་མཚན་ཉིད་རིག་པ།  ཚན་རིག  གསོ་བ་རིག་པ།  སྐར་རྩིས།  ལག་ཤེས། ཐང་ག་སོགས་སློབ་སྦྱོང་སྤྲོད་བཞིན་པ་མ་ཟད། བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་སློབ་ཕྲུག་བསྡུ་ལེན་བྱེད་ཀྱི་ཡོད་ལ། ལྷག་པར་དུ་འབྲོག་ཁུལ་གྱི་བུ་མོ་ཚོར་སློབ་གསོ་མྱོང་བའི་གོ་སྐབས་ཁྱད་པར་ཅན་ཞིག་ཐོབ་ཡོད། མང་ཚོགས་ཀྱིས་མ་དངུལ་བཏང་ནས་བཙུགས་པའི་སློབ་གྲྭས་བོད་ཡིག་སློབ་ཁྲིད་བྱས་རྐྱེན་སྒོ་བརྒྱབ་ཡོད། ཕྱི་ལོ་ ༢༠༢༦ ཟླ་ ༨ ནང་ས་གནས་འབྲེལ་ཡོད་ལས་ཁུངས་ནས་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ཇ་སག་གྲོང་མིས་བཙུགས་པའི་སློབ་གྲྭ་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་ཅིང་། གནས་ཚུལ་འབྱུང་ཁུངས་ལས་གསལ་སྟོན་བྱས་པར་གཞིགས་ན། སློབ་གྲྭ་དེར་བོད་ཡིག་སློབ་ཁྲིད་བྱ་རྒྱུ་མཚམས་འཇོག་བྱས་ཏེ་རྒྱ་ཡིག་སློབ་ཁྲིད་བྱེད་དགོས་པའི་བཀའ་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་རྒྱལ་ཡོངས་གཅིག་གྱུར་གྱི་སྲིད་ཇུས་གཅིག་ཡིན་པ་དང་། དེས་རྒྱ་ཡིག་དེ་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། སློབ་གྲྭས་བོད་ཡིག་སློབ་ཁྲིད་མཚམས་འཇོག་བྱ་རྒྱུར་ཁས་ལེན་མ་བྱས་སྟབས། འབྲེལ་ཡོད་ཚན་པས་སློབ་གྲྭ་ལམ་སེང་སྒོ་རྒྱག་དགོས་པའི་གནོན་ཤུགས་སྤྲད་པ་མ་ཟད། སློབ་ཕྲུག་རྣམས་གཞུང་བཙུགས་སློབ་གྲྭར་འགྲོ་དགོས་པའི་བཀའ་བཏང་བའི་གནས་ཚུལ་ཐོན་ཡོད། སློབ་གྲྭ་སྒོ་རྒྱག་དགོས་པའི་གནས་ཚུལ་འདི་དག་ནི་རྒྱ་གཞུང་གི་སྐད་ཡིག་སྲིད་ཇུས་ལ་འགྱུར་བ་བཏང་བའི་གནས་སྟངས་འོག་བྱུང་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༧ ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཕྱི་ལོ་ ༢༠༠༠ ལོར་གཏན་འབེབས་བྱས་པའི་སྤྱི་སྐད་གཏན་འབེབས་དང་བེད་སྤྱོད་སྐོར་གྱི་ཁྲིམས་ཡིག་བསྐྱར་བཅོས་བྱས་པ་དང་།  བསྐྱར་བཅོས་བྱས་པའི་ཁྲིམས་ཡིག་དེ་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡ ཉིན་ནས་ལག་བསྟར་བྱས་ཡོད།  གཞན་ཡང་སྤྱིར་བཏང་གི་སློབ་གྲྭའི་ནང་སློབ་ཁྲིད་ཀྱི་སྐད་ཡིག་གཙོ་བོ་རྒྱ་ཡིག་བྱེད་དགོས་པའི་ཆ་རྐྱེན་དེས་དམིགས་བསལ་གྱི་གནས་སྟངས་ལ་དམིགས་བསལ་གྱི་ཐག་གཅོད་དགོས་པའི་ཐོབ་ཐང་དེ་དག་མེད་པ་བཟོས་ཡོད། རིན་ཐང་ཆེ་བའི་སྐད་གཉིས་སློབ་གསོར་རྒྱབ་སྐྱོར་བྱ་རྒྱུའི་ཚབ་ཏུ་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུ་བཀག་སྡོམ་བྱས་པར་བརྟེན། སློབ་མ་རྣམས་ལ་རང་གི་ཕ་སྐད་ཀྱི་ཐོག་ནས་ཤེས་ཡོན་དང་ལག་རྩལ་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་པ་ཆགས་ཡོད། སློབ་ཕྲུག་རྣམས་གཞུང་བཙུགས་སློབ་གྲྭར་བསྐྱོད་སྐབས་ཕྲུ་གུ་ཚོས་རང་གི་ནང་མི་དང་སྤྱི་ཚོགས་ལྷན་དུ་རྒྱུན་ལྡན་གྱི་འབྲེལ་ལམ་རྒྱུན་གནས་དང་རང་གི་སྐད་ཡིག ལོ་རྒྱུས།  རིག་གཞུང་རྣམས་རྒྱུན་མཐུད་སློབ་གཉེར་ཐུབ་མིན་ལ་སེམས་ཁྲལ་བྱེད་བཞིན་ཡོད། མགོ་ལོག་ཁུལ་དུ་རང་དབང་གི་ཞིབ་འཇུག་ལ་བཀག་སྡོམ་བྱས་འདུག ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ནང་པེ་ཅིང་དུ་གནས་སྡོད་ཡུ་རོབ་ཀྱི་གསར་འགོད་པ་ཞིག་གིས་མགོ་ལོག་ཁུལ་དུ་བསྐྱོད་ཐབས་བྱས་ཡོད་ཀྱང་། ས་གནས་དབང་འཛིན་པས་བཀག་སྡོམ་བྱས་ཏེ་དཀའ་ངལ་བཟོས་ཡོད། གསར་འགོད་པ་དེས་འགྲེལ་བརྗོད་བྱས་པ་ལྟར་ན།  ཉེན་རྟོག་པས་ས་གནས་དཔོན་རིགས་ཚོས་ཕྱི་མི་གང་བྱུང་ཡོང་བར་མོས་མཐུན་བྱེད་ཀྱི་མེད་པ་དང་།  དེ་ལྟར་བྱས་ཚེ་ས་གནས་དེ་གའི་ཆེ་མཐོང་ལ་གནོད་འཚེ་བཟོ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་སོང་།  ཉེན་རྟོག་པས་ཆོས་ལུགས་དང་རིག་གཞུང་གི་བྱེད་སྒོ་རྣམས་ཚོར་བ་སྐྱེན་པོ་ཡིན་པས་མི་སྣ་འགྲོ་འོང་ལ་ཚོད་འཛིན་དགོས་པའི་རྒྱུ་མཚན་བགྲངས་ཡོད། ཉེ་ལམ་སྒོ་བརྒྱབ་པའི་གནས་ཚུལ་དེ་དག་གི་ཐོག་ནས་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༥ པར་འདི་ག་ལྟེ་གནས་ཁང་གིས་བཏོན་པའི་སྙན་ཐོའི་ནང་གི་<<ཞི་ཅིང་ཕིང་གི་སྲིད་དབང་འོག་གི་བོད་ཀྱི་སྐད་ཡིག་དང་སློབ་གསོའི་ཐོབ་ཐང་།>>ཞེས་པའི་ཉེན་བརྡ་དག་བདེན་དབང་བྱས་ཡོད།  སྙན་ཐོའི་ནང་རྒྱ་གཞུང་གི་འགོ་ཁྲིད་ཚོས་ཤེས་ཡོན་སློབ་གསོའི་ཁྲོད་རྒྱ་ཡིག་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་བཞིན་པ་དང་ཕྱོགས་མཚུངས་བོད་མིའི་ཤེས་ཡོན་སློབ་གཉེར་ཁང་ཁག་ལ་ས་གནས་འབྲེལ་ཡོད་ཚན་པས་ལྟ་ཞིབ་དང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་གསལ་སྟོན་བྱས་ཡོད། འདི་ག་ལྟེ་གནས་ཁང་གི་ཞིབ་འཇུག་གྲུབ་དོན་ལས་གསལ་བར།  གཞུང་འབྲེལ་གྱི་འཛིན་སྐྱོང་འོག་ཡོད་པའི་ཤེས་ཡོན་ལམ་ལུགས་ཀྱི་ཕྱི་རོལ་དུ་འབད་བརྩོན་ཆེན་པོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་པའི་སྒེར་བཙུགས་སློབ་གྲྭ་དང་།  དམངས་བཙུགས་སློབ་གྲྭ། དེ་བཞིན་དགོན་པ་ཁག་དང་འབྲེལ་བ་ཡོད་པའི་སློབ་གྲྭ་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་ཡིན།  སྙན་ཐོའི་ནང་ཕྱི་ལོ་ ༢༠༢༡ ལོར་སྒོ་བརྒྱབ་པའི་སེང་འབྲུག་སྟག་རྩེའི་སློབ་གྲྭའི་གནས་ཚུལ་བཀོད་ཡོད་པ་མ་ཟད།  བོད་ཀྱི་སྐད་ཡིག་སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་སྟངས་ལ་དཔྱད་ཞིབ་བྱས་ཡོད། སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་ནས་སྒེར་བཙུགས་སློབ་གྲྭ་དེ་དག་ལ་རྒྱ་ནག་གཞུང་གི་སློབ་གསོའི་སྲིད་ཇུས་ལག་བསྟར་གྱིས་ཉིན་རེ་བཞིན་གནོན་ཤུགས་དང་བཀག་བསྡོམ་ཆེ་རུ་གཏོང་བཞིན་ཡོད་པར་ཉེན་བརྡ་བཏང་ཡོད་པ་དང་། སྙན་ཐོའི་ནང་དུ་གནས་སྟངས་དེ་ཧ་ཅང་ཛ་དྲག་ཡིན་པ་བསྟན་ཡོད། འདི་ག་ལྟེ་གནས་ཁང་ནས་ཤེས་རྟོགས་བྱུང་བར་ལྟར་ན།  འདས་པའི་མི་ལོ་བཞི་ཡི་རིང་མགོ་ལོག་ཁུལ་གྱི་བོད་པའི་སྒེར་བཙུགས་སློབ་གྲྭ་ཕལ་ཆེ་བ་སྒོ་བརྒྱབ་ཟིན་པ་དང་།  དེའི་ནང་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་འཇིགས་མེད་རྒྱལ་མཚན་མི་རིགས་ལག་ཤེས་སློབ་གྲྭ།  རྡོ་རྗེ་བསྟན་མི་རིགས་ལས་རིག་ལག་རྩལ་སློབ་གྲྭ་བཅས་ཚུད་ཡོད། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་དང་།  ར་རྒྱ་འཇིགས་མེད་རྒྱལ་མཚན་རྩ་ཐང་མོའི་སློབ་གྲྭ།  དེ་བཞིན་ཇ་སག་སྡེ་པའི་སློབ་གྲྭ་སྒོ་བརྒྱབ་པ་འདིས་བོད་ཡིག་གི་སྒེར་བཙུགས་སློབ་གསོའི་བར་སྟོང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད།  བོད་ཀྱི་སློབ་གྲྭ་ཁག་བཙན་ཤེད་ཀྱིས་སྒོ་བརྒྱབ་པ་དང་ཕ་སྐད་སློབ་སྦྱོང་གི་ཐོབ་ཐང་བཙན་འཕྲོག་བྱས་པ་བཅས་ཀྱིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༢ ལོར་<<རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་སྤྱི་ཆིངས་>>ལ་མིང་རྟགས་བཀོད་པའི་ཁས་ལེན་དང་ཚབས་ཆེན་འགལ་འཛོལ་བྱས་པར་སེམས་ཁྲལ་བྱ་གཞི་ཆགས་ཡོད།  བྱིས་པའི་ཐོབ་ཐང་གི་སྤྱི་ཆིངས་དོན་ཚན་ ༢༩ ཡི་ནང་བྱིས་པའི་ཤེས་ཡོན་གྱི་ཐོབ་ཐང་དང་། སྐད་ཡིག རིན་ཐང་གི་ལྟ་བ་བཅས་ལ་བརྩི་འཇོག་དགོས་པ་དང་།  དོན་ཚན་ ༣༠ པའི་ནང་མི་རིགས་དང་།  ཆོས་ལུགས། སྐད་ཡིག་བཅས་ཀྱི་ཐད་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོར་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་བེད་སྤྱོད་གཏོང་རྒྱུའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། བོད་ཡིག་སློབ་ཁྲིད་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་སློབ་གྲྭ་སྒོ་རྒྱག་ཏུ་བཅུག་པའི་སྲིད་ཇུས་དེ་དག་གིས་ཐོབ་ཐང་འདི་དག་བཙན་འཕྲོག་བྱས་པ་མ་ཟད། རང་གི་ཕ་སྐད་ཐོག་ནས་སློབ་སྦྱོང་བྱེད་པའི་དོན་དངོས་ཀྱི་གོ་སྐབས་མེད་པ་བཟོས་ཡོད།  མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐོབ་ཐང་ལྷན་ཚོགས་ནས་མི་རིང་བར་རྒྱ་ནག་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་སྟབས།  གནས་ཚུལ་འདི་དག་ནི་རྒྱ་གཞུང་གི་བོད་ནང་གི་ཤེས་ཡོན་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཆགས་ཡོད།  ལྷན་ཚོགས་ཀྱི་ངོས་ནས་གཤམ་གསལ་གནད་དོན་གཉིས་ལ་དམིགས་བསལ་གྱི་བསྐྱར་ཞིབ་བྱེད་དགོས་པ་སྟེ། རང་དབང་ཅན་གྱི་བོད་ཡིག་སློབ་གྲྭ་སྒོ་བརྒྱབ་པ་དང་།  བོད་ཡིག་སློབ་ཁྲིད་ལ་ཚོད་འཛིན་བྱེད་བཞིན་པ།  བོད་ཕྲུག་རྣམས་གཞུང་གཉེར་གཏན་འཇག་སློབ་གྲྭར་བཅུག་པའི་མཇུག་འབྲས་བཅས་ལ་བསྐྱར་ཞིབ་བྱེད་དགོས། ལྷན་ཚོགས་ཀྱི་ངོས་ནས་སློབ་གྲྭ་དེ་དག་སྒོ་རྒྱག་དགོས་པའི་ཁྲིམས་ཐོག་གི་གཞི་འཛིན་ས་དང་། སྤུས་ཚད་ལྡན་པའི་བོད་ཡིག་སློབ་ཁྲིད་ཀྱི་གནས་ཚུལ།  དེ་བཞིན་བོད་ཕྲུག་ཚོའི་སྐད་ཡིག་དང་།  རིག་གཞུང་། སློབ་གསོའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་འགན་སྲུང་བྱེད་ཐབས་བཅས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཀྱི་ཆེད་རྒྱ་ནག་གཞུང་ལ་འབྲེལ་གཏུགས་བྱེད་དགོས་པ་དང་།གཞུང་ཕྱོགས་ནས་བོད་ཀྱི་སྐད་ཡིག་སློབ་གསོར་དབྱེ་འབྱེད་བཀག་སྡོམ་བྱེད་པ་མཚམས་འཇོག་དང་། བོད་ཕྲུག་རྣམས་ལ་རང་གི་རིག་གཞུང་གི་ངོ་བོར་བརྩི་འཇོག་བྱེད་པའི་ཁོར་ཡུག་གི་ནང་སློབ་སྦྱོང་བྱེད་པའི་སྐུལ་མ་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་དང་ལེན་བྱས་པའི་བྱིས་པའི་ཐོབ་ཐང་གི་སྤྱི་ཆིངས་ལ་དཔྱད་ཞིབ་བྱེད་པའི་གོ་སྐབས་དམ་འཛིན་གྱིས་བཙན་དབང་གི་ཐོག་ནས་བོད་པའི་སློབ་གྲྭ་སྒོ་རྒྱག་པ་མཚམས་འཇོག་དང་།  བོད་ཕྲུག་ཚོར་རང་གི་སྐད་ཡིག་སློབ་སྦྱོང་ལ་བཀག་འགོག་བྱེད་པ་མཚམས་འཇོག་དགོས་པ།  རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་ཚོགས་ཀྱི་ཆེད་ལས་མཁས་དབང་དང་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་བཅས་ནས་སེམས་འཚབ་འདི་དག་རྒྱ་ནག་གཞུང་ལ་ཐད་ཀར་གླེང་སློང་བྱེད་དགོས། ཁོ་ཚོར་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་བོད་ཕྲུག་ཚོར་ཤེས་ཡོན་དང་།སྐད་ཡིག  རིག་གཞུང་བཅས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་སྐུལ་མ་གཏོང་དགོས། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་གྱུར་དང་ཚད་ལྡན་གྱི་ཤེས་ཡོན་ཞེས་པར་ཁ་གཡར་ནས་བོད་ཕྲུག་ཚོའི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་པར་གནོད་འཚེ་གཏོང་བའི་སྲིད་ཇུས་དེ་དག་ལ་གཏན་ནས་ཁས་ལེན་བྱེད་མི་རུང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔྱད་ཞིབ་ལས་རིམ་ནས་བོད་ཕྲུག་ཚོའི་རིག་གཞུང་གི་ངོ་བོ་རྒྱུན་གནས་དང་གཞུང་འབྲེལ་གྱི་སློབ་གསོ་ཐོབ་རྒྱུ་གཉིས་ཀྱི་བར་ལ་བཙན་དབང་གིས་གདམ་ག་བྱེད་མི་དགོས་པའི་འགན་ལེན་བྱེད་དགོས། འདི་ག་ལྟེ་གནས་ཁང་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ལྷན་ཚོགས་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་བཅས་ཀྱིས་རྒྱ་ནག་ལ་དཔྱད་ཞིབ་བྱེད་པའི་སྐབས་བོད་ནང་གི་སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་དེ་དག་གླེང་སློང་བྱེད་དགོས་པ་དང་། སྐད་ཡིག་སློབ་ཁྲིད་ལ་བཀག་སྡོམ་མི་ཡོང་བའི་ཆེད་ཕན་ནུས་ལྡན་པའི་འགན་སྲུང་ལམ་ལུགས་བཟོ་དགོས།  གོང་གསལ་སློབ་གྲྭ་གསུམ་སྒོ་བརྒྱབ་པ་དེས་ཁོ་ཚོར་ཤེས་ཡོན་གྱི་གོ་སྐབས་མེད་པ་བཟོས་པ་ལས་ལྷག་པའི་ཉེན་ཁ་བཟོ་བཞིན་ཡོད།  དེ་ནི་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་གྱི་རིག་གཞུང་རྣམས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་སྒྲིག་འཛུགས་ལ་གནོད་སྐྱོན་བཏང་བ་དེ་རེད། བོད་ཕྲུག་ཚོར་སློབ་གསོ་ཐོབ་པའི་ཆེད་དུ་རང་གི་ཕ་སྐད་དང་རིག་གཞུང་གི་ངོ་བོ་དོར་དུ་འཇུག་མི་རུང་ལ། རྒྱ་གཞུང་གིས་བོད་པའི་སྒེརབཙུགས་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས་པ་མ་ཟད། བོད་ཕྲུག་ཚོར་སོ་སོའི་རིག་གཞུང་དང་སྐད་ཡིག་ལ་སློབ་སྦྱོང་ཐོབ་པའི་འགན་སྲུང་བྱེད་དགོས།

མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་གསར་པས་བོད་ཀྱི་སྐད་ཡིག་སློབ་གསོར་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱ་རྒྱུ་རྒྱ་བསྐྱེད་བཏང་འདུག

0
རྒྱ་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འཕེལ་ཟེར་བའི་ཁྲིམས་ཡིག་དེས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་དང་རྒྱ་མི་རིགས་ཀྱི་ངོ་བོ་གཙོ་བོར་འཛིན་པའི་སྲིད་ཇུས་ལ་ཁྲིམས་ཐོག་ནས་གཞི་འཛིན་ས་བཟོས་ཡོད་སྟབས།  དེས་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ལམ་སྲོལ་ལ་སེམས་འཚབ་གསར་པ་བཟོས་ཡོད། ཁྲིམས་ཡིག་གསར་པ་དེ་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་ཐོག་གཏན་འབེབས་བྱས་པ་དང་།  ཟླ་བ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུའི་ཐག་གཅོད་བྱས་ཡོད། ཁྲིམས་ཡིག་དེའི་ནང་རིམ་ཁག་སློབ་གྲྭ་དང་ཤེས་ཡོན་ཁྱབ་ཁོངས་ནང་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་དེ་སློབ་འཁྲིད་ཀྱི་རྩ་འཛིན་དུ་གཏན་འཁེལ་བྱས་པ་མ་ཟད།  སློབ་གྲྭ་ཁག་གི་ཤེས་ཡོན་སློབ་གསོའི་ལམ་སྲོལ་ནང་རྒྱ་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་གཅིག་གྱུར་གྱི་སློབ་དེབ་བེད་སྤྱོད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ཁྲིམས་ཡིག་དེས་བོད་དང་གྲངས་ཉུང་མི་རིགས་གཞན་དག་གི་ཁྲོད་དུ་ཤེས་ཡོན་ནི་རྒྱལ་ཁབ་གཅིག་གྱུར་གྱི་ངོ་བོ་སྲ་བརྟན་དུ་གཏོང་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་བཟོས་ཡོད། དོན་ཚན་བཅོ་ལྔའི་ནང་སློབ་གྲྭ་ཚང་མས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་དེ་སློབ་གསོ་སློབ་འཁྲིད་ཀྱི་གཙོ་བོར་འཇོག་དགོས་པ་དང་།  དེ་བཞིན་བུ་བཅོལ་ཁང་གི་བྱིས་པ་ཚོས་ཀྱང་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་སློབ་སྦྱོང་དང་། འོས་འགན་སློབ་གསོའི་འགྲིམས་པའི་སློབ་མ་ཚོས་གཞི་རྩའི་ཆ་ནས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་རང་རྐྱ་འཕེལ་དགོས་པའི་གཏན་འབེབས་བྱས་ཡོད། དོན་ཚན་བཅུ་དྲུག་ནང་སློབ་གྲྭ་དང་ཤེས་ཡོན་སྡེ་ཚན་གྱིས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་མི་རིགས་མཉམ་འདྲེས་ཀྱི་འདུ་ཤེས་སྐྲུན་དགོས་པ་དང་།  དེ་ཡང་འཛིན་གྲྭའི་ནང་གི་སློབ་ཁྲིད་དང་། སྤྱི་ཚོགས་ཀྱི་ལག་ལེན། དེ་བཞིན་གཙོ་གནད་སློབ་གསོ་དང་དྲ་ཐོག་སློབ་གསོ།  དེའི་ནང་ད་དུང་རྒྱལ་ཁབ་གཅིག་གྱུར་གྱི་སློབ་དེབ་བེད་སྤྱོད་བྱ་རྒྱུ་བཅས་ཚུད་ཡོད། སློབ་གསོའི་ལས་ཁུངས་ཀྱིས་སློབ་དེབ་རྩོམ་སྒྲིག་དང་ཞིབ་བཤེར་གྱི་འགན་འཁྲི་འཁུར་དགོས་པ་མ་ཟད།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐྲུན་རྒྱུའི་སློབ་གཞི་རྩོམ་སྒྲིག་དགོས་པའི་ནན་བརྗོད་བྱས་ཡོད། དེར་བརྟེན།  ཁྲིམས་ཡིག་དེ་ནི་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ཁྱབ་གདལ་གཏོང་རྒྱུའི་ས་མཚམས་ལས་བརྒལ་ཏེ། སྐད་ཡིག་དང་། སློབ་ཚན། རྒྱལ་ཁབ་ཀྱི་ངོ་བོ་བཅས་ཤེས་ཡོན་གྱི་ཁྲིམས་ཡིག་ནང་བཅུག་ཡོད། བོད་ནང་དུ་འབྲེལ་ཡོད་ལས་ཁུངས་ཁག་གིས་གཏན་འབེབས་དེ་དག་དང་འབྲེལ་བའི་ཤེས་ཡོན་གྱི་ལས་འགུལ་སྤེལ་འགོ་ཚུགས་ཡོད།  དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་གསར་འགྱུར་གཞུང་ལས་ཁང་ཟེར་བས་གསར་འགོད་ལྷན་ཚོགས་སྐོང་འཚོགས་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་སློབ་གསོའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ལི་ཇེ་ཡིས་རྒྱ་ནག་ལ་དགའ་ཞེན་གྱི་ས་བོན་འདེབས་པའི་ལས་འགུལ་གཏིང་ཟབ་སྤེལ་རྒྱུ་ཡིན་པའི་ནན་བརྗོད་བྱས་ཡོད།   དབང་འཛིན་པ་ཚོས་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་ཚན་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་།  ཐ་ན་བུ་བཅོལ་ཁང་ནང་དུའང་ཁྱབ་གདལ་གཏོང་རྒྱུའི་ཐག་གཅོད་བྱས་ཡོད། ལི་ཡིས་ད་དུང་མི་རིགས་ཁག་གི་དགེ་སློབ་བར་ཕན་ཚུན་མཉམ་འདྲེས་དང་མཉམ་འདུས་ཀྱི་བྱེད་སྒོ་སྤེལ་དགོས་པ་དང་། རྒྱལ་ཁབ་གཅིག་གྱུར་གྱི་ངོ་བོ་དང་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལ་ཤུགས་སྣོན་། སློབ་དེབ་གསར་རྩོམ་དང་སློབ་གྲྭ་ཁག་ཏུ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས་པའི་ནན་བརྗོད་བྱས་ཡོད། བྱིས་པའི་སློབ་དེབ་གསར་པ། ཟླ་ ༨ ཚེས་ ༡༢ ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་འབྲེལ་ཡོད་དབང་འཛིན་པས། སྔོན་འགྲོ་ནས་སློབ་གྲྭ་ཆེན་མོ་བར་གྱི་རིམ་པ་ཁག་གི་སློབ་གྲྭར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐོར་གྱི་སློབ་དེབ་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་།  སློབ་དེབ་དེ་དག་གི་ཁོངས་སུ་སྔོན་འགྲོའི་སློབ་གྲྭའི་ནང་ <<ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་>> ཟེར་བ་དང་།སློབ་ཆུང་གི་སྐབས་ <<ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོ།>> ཟེར་བ། སློབ་འབྲིང་སྐབས་ <<ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོ།>> ཟེར་བ།  དེ་བཞིན་སློབ་གྲྭ་ཆེན་མོའི་སྐབས་<<ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་>>ཟེར་བ་བཅས་གཏན་འབེབས་བྱེད་དགོས་པའི་ཐག་གཅོད་བྱས་ཡོད། ཆུང་དུས་ནས་རྒྱལ་ཁབ་ཀྱི་ངོ་བོར་ངོས་འཛིན་བྱེད་དུ་འཇུག་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་ངོས་འཛིན་བྱས་ཡོད། སྔོན་འགྲོའི་སློབ་གྲྭའི་དུས་རིམ་ནང་བརྗོད་གཞི་དེ་དག་སློབ་དེབ་ནང་བཅུག་ཡོད་ཅིང། བོད་དུ་ཆ་མཚོན་ན་རྒྱ་མི་རིགས་ངོ་བོར་ངོས་འཛིན་བྱེད་པའི་གོ་རྟོགས་ཀྱི་ལས་འགུལ་དེ་དག་སྔ་ས་ནས་བོད་ཕྲུག་ཚོའི་སློབ་གསོའི་ནང་བཅུག་ཟིན།         བོད་ཡིག་སློབ་དེབ་བསྐྱར་བཅོས། ཁྲིམས་ཡིག་གསར་པ་ལག་བསྟར་བྱེད་བཞིན་པའི་སྐབས་འདིར་བོད་ཡིག་སློབ་གསོར་འགྱུར་བ་འགྲོ་བཞིན་པའི་གནས་ཚུལ་ཐོན་བཞིན་ཡོད་པ་དང་།  ཁྲིམས་ཡིག་དེ་དངོས་སུ་ལག་བསྟར་བྱས་ཏེ་བདུན་ཕྲག་གཉིས་ཙམ་སོང་རྗེས་ཀྱི་ཟླ་ ༧ ཚེས་ ༡༥ ཉིན་གཞིས་བཞུགས་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་པར་གཞིགས་ན།  མཚོ་སྔོན་དང།  ཟི་ཁྲོན་།  ཀན་སུའུ་ཞིང་ཆེན་བཅས་ཀྱི་ནང་བོད་ཡིག་སློབ་དེབ་གསར་པ་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། སློབ་དེབ་དེ་དག་གི་ནང་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་དང་བརྩམས་ཆོས་རྣམས་ཕྱིར་འཐེན་བྱས་ཡོད། དེའི་ནང་<<སྙན་ངག་མེ་ལོང་>>དང་། <<ཆུ་ཤིང་བསྟན་བཅོས།>> གུང་ཐང་བསྟན་པའི་སྒྲོན་མེས་བརྩམས་པའི་ <<ཉམས་མྱོང་རྒན་པོའི་འབེལ་གཏམ་>> སོགས་བོད་ཀྱི་རིག་གཞུང་གི་བརྩམས་ཆོས་མང་པོ་ཕྱིར་འཐེན་བྱས་ཡོད་འདུག གནས་ཚུལ་འགྲེལ་བརྗོད་པས་གསུངས་དོན།  སློབ་དེབ་གསར་པ་དེ་དག་གི་ནང་བོད་རང་གི་རིག་གཞུང་གི་ནང་དོན་མེད་པའམ་ཧ་ཅང་ཉུང་ཉུང་ཡིན་པར་བརྟེན་བོད་ཕྲུག་ཚོས་སོ་སོའི་མི་རིགས་ཀྱི་རིག་གཞུང་ལ་རྒྱུུས་ལོན་དང་གོ་རྟོགས་ཧ་ཅང་ཞན་པོ་ཆག་རྒྱུའི་སེམས་ཁྲལ་བྱེད་བཞིན་ཡོད། འདི་ག་ལྟེ་གནས་ཁང་ནས་འབྱུང་ཁུངས་གཅིག་མཚུངས་བརྒྱུད་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན། སློབ་དེབ་གསར་པ་དེ་ཕྱི་ལོ་ ༢༠༢༦ ལོར་བཟོས་ནས་སློབ་གྲྭ་ཁག་དུ་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་སློབ་དེབ་རྙིང་པ་དེ་དག་ཕྱིར་བསྡུ་བྱས་ཡོད།  བྱིས་པ་རྣམས་དངོས་གཞིའི་སློབ་གྲྭར་མ་ཕྱིན་གོང་སྔོན་ལ་བུ་བཅོལ་ཁང་དུ་འགྲོ་དགོས་པ་དང་། བུ་བཅོལ་ཁང་དུའང་རྒྱ་སྐད་རྒྱ་ཡིག་གཙོ་བོར་བྱས་ཏེ་སློབ་ཁྲིད་བྱེད་ཀྱི་ཡོད་པར་བརྟེན་། བོད་སྐད་དང་བོད་ཡིག་གོ་སྐབས་ཧ་ཅང་ཉུང་ཉུང་ལས་མེད།  གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན།  ཕྲུ་གུ་འགའ་ཤས་ཕ་མ་གཉིས་ཀ་བོད་རིགས་ཡིན་ནའང་རིམ་པས་ཕྲུ་གུས་བོད་སྐད་ཤོད་རྒྱུའི་ནུས་པ་ཉམས་བཞིན་འདུག་ཅེས་བརྗོད་ཡོད། རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ལ་ཤུགས་སྣོན་དང་བོད་ཡིག་གི་གནས་བབ་ཉམས་རྒུད་སོང་བ།  བོད་ཡིག་གི་སློབ་དེབ་ལ་འགྱུར་བ་བཏང་བ་བཅས་རྒྱུ་རྐྱེན་མང་པོར་བརྟེན་ནས་བོད་ཡིག་དེ་ཡང་སློབ་གསོའི་ལམ་ལུགས་ནང་ཉམས་རྒྱུད་འགྲོ་མགྱོགས་པ་དང་།  མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རིག་གཞུང་བརྒྱུད་སྤྲོད་བྱེད་པར་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད། གཞི་རྒྱ་ཆེ་བའི་ཁྲིམས་ཡིག་དྲིལ་བསྒྲགས། ཟླ་ ༨ ཚེས་ ༡༢ ཉིན་ཁྱབ་བསྒྲགས་བྱས་པའི་སློབ་གསོའི་བྱ་ཐབས་དེ་ནི་བོད་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་ཡིག་ལག་བསྟར་བྱེད་པའི་གཞི་རྒྱ་ཆེ་བའི་ལས་འགུལ་གྱི་ཆ་ཤས་ཅིག་རེད། ཟླ་སྔོན་མར་རྒྱ་གཞུང་གི་མཐོ་རིམ་འགོ་ཁྲིད་ཝང་ཧུའུ་ནིང་བོད་དུ་ཡོང་སྐབས་ཁྲིམས་ཡིག་གསར་པ་དེ་ཕྱོགས་ཡོངས་ནས་ལག་བསྟར་དང་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐྲུན་དགོས་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་སྲིད་ཇུས་ལག་བསྟར་དགོས་པའི་སྐུལ་མ་བཏང་ཡོད། ཟླ་ ༨ ཚེས་ ༡༤ ཉིན་ལྷ་སར་དམར་ཤོག་ཚོགས་པའི་ཚོགས་མི་མ་ཡིན་པ་རྣམས་ལ་ཁྲིམས་ཡིག་གསར་པར་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བྱེད་ཕྱོགས་ཀྱི་དམིགས་བསལ་གྱི་ཚོགས་འདུ་སྐོང་འཚོགས་བྱས་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་མི་རིགས་མཐུན་བསྒྲིལ་ནི་རྒྱལ་ཁབ་མཐུན་གཅིག་གྱུར་གྱི་རྨང་གཞི་དང་།  སྤྱི་ཚོགས་འཆམ་མཐུན་གྱི་རྩ་བ།  འཕེལ་རྒྱས་ཡར་ཐོན་གྱི་འབྱུང་ཁུངས་ཡིན་པའི་ནན་བརྗོད་བྱས་ཡོད། རྒྱལ་མཚན་ནོར་བུས་འགྲེལ་བརྗོད་བྱས་དོན།  ཁྲིམས་ཡིག་དེ་ནི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་ཡིག་ཐོག་མ་དེ་ཡིན་པ་དང་།  ཁྲིམས་ཡིག་འདིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་མི་རིགས་མཐུན་བསྒྲིལ་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཁྲིམས་ཐོག་ནས་འགན་ལེན་བྱས་ཡོད་ལུགས་བརྗོད་ཡོད། བོད་རང་སྐྱོང་ལྗོངས་ཟེར་བའི་འབྲེལ་ཡོད་ཚན་པས་བརྗོད་དོན་ལྟར་ན། འདི་ལོའི་ཟླ་ ༣ པ་ནས་ད་བར་གཞུང་གི་ལས་ཁུངས་ཁག་དང་སྡེ་ཚན་ཁག་གིས་ཁྲིམས་ཡིག་གསར་པ་དྲིལ་བསྒྲགས་ཀྱི་ལས་འགུལ་ ༡༨༨༢ སྤེལ་ཡོད་པ་དང་མི་གྲངས་ ༢༥༨༠༠༠ ལྷག་ཙམ་ལ་སློབ་གསོ་བཏང་འདུག གནས་ཚུལ་གྱི་འཕེལ་ཕྱོགས་ལས་མཐོང་ཐུབ་པར་།  སློབ་གསོ་ནི་བོད་དུ་ཁྲིམས་ལུགས་གསར་པའི་སྒྲོམ་གཞི་ལག་བསྟར་བྱེད་པའི་གཙོ་གནད་ཡིན་པ་མ་ཟད།  དེ་དང་ཕྱོགས་མཚུངས་གཞི་རྒྱ་ཆེ་བའི་ལས་འགུལ་འདི་དག་གི་དམིགས་ཡུལ་ནི་བོད་མི་ཡོངས་ལ་གཞུང་ཕྱོགས་ནས་གཏན་འབེབས་བྱས་པའི་རྒྱ་མི་རིགས་ཀྱི་ངོ་བོ་ཡིན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟེར་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ་དེ་རེད། བོད་མི་ཚོས་སེམས་ཁྲལ་བྱེད་ས་གཙོ་བོ་ནི་སྲིད་ཇུས་དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་བོད་ཕྲུག་ཚོར་དངོས་གཞིའི་སློབ་གསོའི་ནང་བོད་ཀྱི་སྐད་ཡིག་དང་། རྩོམ་རིག རིག་གཞུང་བཅས་ཀྱི་གོ་སྐབས་ཉུང་དུ་འགྲོ་རྒྱུ་དང་།  གཞུང་ཕྱོགས་ནས་གཏན་འབེབས་བྱས་པའི་རྒྱ་མི་རིགས་ཀྱི་ངོ་བོའི་འདུ་ཤེས་དང་ལེན་དགོས་པའི་གནོན་ཤུགས་ཆེ་རུ་འགྲོ་ངེས་རེད། འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲིས་ནས་རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ཕྲུག་ཚོར་རང་གི་སྐད་ཡིག་དང་།  ལོ་རྒྱུས།  རྩོམ་རིག་དང་རིག་གཞུང་བཅས་ལ་སློབ་གཉེར་བྱེད་པའི་འགན་ལེན་དགོས་པ་མ་ཟད། བོད་རིགས་ཕ་མ་དང་སྤྱི་ཚོགས་ཡོངས་ནས་ཀྱང་སོ་སོའི་བུ་ཕྲུག་གི་སྐད་ཡིག་དང་།  ཤེས་ཡོན། རིག་གཞུང་གི་ནང་དོན་ཐག་གཅོད་ནང་མཉམ་ཞུགས་བྱེད་དགོས་སྐོར་ནན་བརྗོད་བྱས་ཡོད།

རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སློབ་གླིང་ཆེ་ཤོས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་སླར་ཡང་གཏོར་བཤིག་གཏོང་འགོ་ཚུགས་པ།

0
འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གཞིགས་ན།  རྒྱ་ནག་གཞུང་གིས་སླར་ཡང་འཛམ་གླིང་ཐོག་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཤོས་ཡིན་པའི་གསེར་རྟ་བླ་རུང་སྒར་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་ཤག་ ༡༠༦༠ ཙམ་གཏོར་བཤིག་གི་ལས་འགོ་བཙུགས་ཡོད་ཅིང།  གནས་ཚུལ་འབྱུང་ཁུངས་ལྟར་ན། ཟླ་ ༧ ཚེས་ ༡༣ ཉིན་གྱི་མཚན་མོར་གཏོར་བཤིག་བཏང་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཟླ་ ༧ ཚེས་ ༡༥ བར་ཉུང་མཐར་ཡང་གྲྭ་ཤག་ ༦ གཏོར་གཤིག་བཏང་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་འཆར་གཞིའི་ནང་གྲྭ་ཤག་ ༡༠༦༠ ཚུད་ཡོད། ད་ཐེངས་ཀྱི་གཏོར་བཤིག་དེ་ནི་སྔ་ལོ་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནས་དགེ་འདུན་པ་ ༡༠༠༠ ཙམ་ཕྱིར་འབུད་བྱས་པའི་རྗེས་སུ་བྱུང་བ་ཞིག་རེད། དབང་འཛིན་པས་གྲྭ་ཤག་ལ་ཁྲིམས་མཐུན་གྱི་ཆོག་མཆན་མེད་པར་ཁ་གཡར་ནས་གྲྭ་ཤག་ ༦༠༠༠ ནས་ ༥༠༠༠ བར་ཉུང་འཕྲི་བྱ་རྒྱུའི་འཆར་གཞིར་བལྟས་ན། གྲྭ་ཤག་༡༠༠༠ ཙམ་ཉུང་འཕྲི་བྱ་རྒྱུ་རེད། བསྐྱར་དུ་གཏོར་བཤིག་གཏོང་བའི་བྱ་སྤྱོད་དེས་རྒྱ་ནག་གཞུང་གིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་བཅོས་སྒྲིག་བྱེད་མཚམས་བཞག་མེད་པར་རྒྱུན་བསྲིང་རང་བཞིན་གྱི་སྲིད་ཇུས་མུ་མཐུད་ནས་ལག་ལེན་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་ཡོད། དེའི་དམིགས་ཡུལ་ནི་སློབ་གླིང་དེའི་གྲྭ་བཙུན་ཉུང་འཕྲི་དང་། གཞུང་ཕྱོགས་ནས་བོད་བརྒྱུད་ནང་བསྟན་གྱི་སྒྲིག་འཛུགས་ལ་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་། ཆོས་ལུགས་ཀྲུང་གོ་ཅན་གྱི་སྲིད་ཇུས་ལ་བརྟེན་ནས་ནང་ཆོས་ལུགས་ཉམས་ལེན་ལ་འགྱུར་བ་གཏོང་རྒྱུ་བཅས་རེད། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་ཡོད་ཅིང་། མི་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་གཞུང་ཕྱོགས་ནས་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་འགུལ་འབོར་ཆེན་ཞིག་བརྩམས་ཡོད།སློབ་གླིང་འདི་ནི་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ནས་ཕྱི་ལོ་ ༡༩༨༠ ལོར་ཕྱག་བཏབ་པ་དང་རིམ་བཞིན་འཛམ་གླིང་ཡོངས་སུ་བོད་བརྒྱུད་ནང་བསྟན་གྱི་སློབ་གླིང་ཆེ་ཤོས་སུ་འགྱུར་བ་དང་། བོད་ཀྱི་ས་གནས་ཁག་དང་རྒྱ་ནག་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དགེ་འདུན་པ་དང་བཙུན་མ། མི་སྐྱ། སློབ་ཕྲུག་བཅས་མི་གྲངས་ཁྲི་ཚོ་ལྷག་ཙམ་འདུ་འཛོམས་བྱུང་ཡོད།དེ་ནི་ནང་པའི་སློབ་གཉེར་ཁང་གཙོ་བོ་ཞིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་ལྟེ་གནས་ཀྱང་ཆགས་ཡོད། གཞི་ཁྱོན་ཆེ་ཤོས་ཀྱི་བཅོས་སྒྲིག་དེ་ཕྱི་ལོ་ ༢༠༡༦ ལོར་འགོ་བཙུགས་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་པའི་གཏོར་བཤིག་རུ་ཁག་གིས་མ་ལག་ལྡན་པའི་གྲྭ་ཤག་སྟོང་ཕྲག་མང་པོ་རྩ་མེད་བཟོས་པ་དང་། གྲྭ་བཙུན་སྟོང་ཕྲག་མང་པོ་བཙན་དབང་གིས་ཕྱིར་འབུད་བྱས་པ།  སྐབས་དེར་གསེར་རྟ་རྫོང་གིས་སྤེལ་བའི་གསལ་བསྒྲགས་ནང་གྲྭ་ཤག་གཏོར་བཤིག་དང་གྲྭ་བཙུན་གྱི་གྲངས་འབོར་རྫོང་སྲིད་གཞུང་གིས་གཏན་འབེབས་བྱས་པའི་མི་གྲངས་ ༥༠༠༠ ཙམ་གྱི་དམིགས་ཚད་བཟུང་ཡོད་ཅིང་། ལས་འགུལ་དེས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་རྒྱ་ཁྱོན་དང་མི་གྲངས་ལ་རྩ་བ་རང་ནས་འགྱུར་བ་ཐེབས་སུ་བཅུག་ཡོད། ཕྱི་ལོ་ ༢༠༡༧ ལོར་དེ་གའི་མཁན་པོ་ཞིག་ནས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཝུའི་སྦོའོ་སྟེང་ཁྱབ་བསྒྲགས་བྱས་པར་གཞིགས་ན།ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ ཚེས་ ༣༠ ཡི་གོང་དུ་གྲྭ་ཤག་ ༣༢༢༥ བཤིག་རྒྱུ་ཡིན་ཚུལ་བཀོད་ཡོད་པ་དང་། ལོ་དེའི་ཟླ་ ༢ པའི་ཟླ་མཇུག་བར་དུ་གྲྭ་ཤག་ ༤༧༢༥ ཡོད་པའི་ནང་ཕྱེད་ཀ་ལྷག་ཙམ་གཏོར་བཤིག་བཏང་ཟིན་ལུགས་བཀོད་ཡོད། ལོ་དེའི་ཟླ་༤ པའི་ཟླ་སྟོད་ནས་མཚོ་སྔོན་ཁུལ་ནས་གྲྭ་བཙུན་ ༢༥༠ ཙམ་བཙན་ཤེད་ཀྱིས་ཕྱིར་འབུད་བཏང་བ་དང་། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༥ ཟླ་མཇུག་བར་དུ་གྲྭ་ཤག་ ༤༧༢༦ གཏོར་བཤིག་བཏང་ཡོད་པ་དང་གྲྭ་བཙུན་ ༤༧༢༨ དགོན་པས་ནས་ཕྱིར་འབུད་བཏང་ཡོད། ཕྱི་ལོ་ ༢༠༡༦ ལོ་ནས་ཕྱི་ལོ་ ༢༠༡༧ ལོ་བར་གྱི་བཅོས་སྒྲིག་ལས་འགུལ་དེ་ནི་ཕྱི་ལོ་ ༢༠༠༡ ལོའི་བཅོས་སྒྲིག་དང་བྱ་ཐབས་གཅིག་མཚུངས་སྤྱད་ཡོད་པ་སྟེ།  སྐབས་དེར་རྒྱ་ནག་གཞུང་གིས་གྲྭ་ཤག་སྟོང་ཕྲག་གཏོར་བཤིག་བཏང་ཡོད་པ་མ་ཟད། གྲྭ་བཙུན་དང་སྒྲུབ་པ་ཉམས་ལེན་བྱེད་མཁན་གྱི་མི་སྐྱ་དག་ཀྱང་ཕྱིར་འབུད་བྱས་ཡོད། གནས་ཚུལ་ཐོན་གསལ་ལྟར་ན། འགའ་ཤས་འཇིག་སྐྲག་གིས་མ་བཟོད་པར་རང་ཤི་བརྒྱབ་པ་དང་། མང་པོ་ཞིག་ལ་སེམས་ཁམས་མི་བདེ་བ་ཆག་པ།རྒྱ བཅོས་སྒྲིག་གི་ལས་འགུལ་མཇུག་བསྒྲིལ་མ་ཐག་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་རྒྱ་ནག་གཞུང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་གནང་བཞིན་པའི་སྐབས་གསལ་ཁ་མེད་པའི་ཐོག་ནས་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་ཡོད། སློབ་གླིང་དེས་བེུད་ཀྱི་ཆོས་ཕྱོགས་སློབ་གཉེར་ལ་མཐོང་ཆེན་བྱས་པའི་དབང་གིས་བོད་བརྒྱུད་ནང་བསྟན་ཁྲོད་ཐུན་མོང་མ་ཡིན་པའི་གནས་བབ་བཟུང་ཡོད། སློབ་གཉེར་ཁང་དེས་བཙུན་མ་ཚོར་མཁན་མོའི་མཚན་གནས་སྤྲོད་པའི་ལམ་ལུགས་གསར་འཛུགས་བྱས་པ་དང་།  མཁན་མོ་ནི་བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་ཁྲོད་སློབ་གནས་མཐོ་ཤོས་ཡིན་པའི་མཁན་པོ་དང་གོ་བབ་གཅིག་མཚུངས་རེད།  ཕྱི་ལོ་ ༡༩༩༠ ལོར་མཁན་མོའི་གོ་མིང་སྤྲད་པ་ནས་བཟུང་སློབ་གཉེར་ཁང་དེ་ནས་བཙུན་མ་བརྒྱ་ཕྲག་མང་པོ་གསོ་སྐྱོང་བྱས་ཡོད་པ་དང་།  ཁོང་ཚོས་མི་ལོ་བཅུ་ཕྲག་གསུམ་ཙམ་གྱི་རིང་ནང་པའི་གསུང་རབ་དང་གཞུང་ལུགས་སློབ་གཉེར་བྱས་རྗེས་འདུས་མང་རྒྱ་མཚོའི་ཁྲོད་སློབ་གནས་རྩེར་གསོན་ཐུབ་ཡོད།  བོད་ཀྱི་བེུད་མང་པོ་ཞིག་དང་ལྷག་པར་དུ་བཟའ་མི་ཁ་བྲལ་དང་། དབང་པོ་སྐྱོན་ཅན་། ཡང་ན་ཉམས་ཐག་གི་རིགས་རྣམས་ལ་ཆ་མཚོན་ན་བླ་རུང་སྒར་ནི་ཤེས་ཡོན་སློབ་གསོའི་ལམ་སྟོན་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པའི་འབྱུང་ཁུངས་གལ་ཆེན་ཞིག་ཆགས་ཡོད། གཏོར་བཤིག་གི་ལས་འགུལ་དེས་མཇུག་འབྲས་ཧ་ཅང་ངན་པ་ཞིག་བཟོས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༩ ཉིན་གྱི་གཏོར་བཤིག་ལས་འགུལ་སྐབས་བོད་རིགས་ཀྱི་བཙུན་མ་ཚེ་རིང་སྒྲོལ་མ་དང་སེམས་དགའ་རྣམ་གཉིས་རང་ཤག་པདྨ་མཁའ་འགྲོར་གནམ་ཐག་བརྒྱབ་ནས་རང་ཤི་བརྒྱབ་པ་དང་། གཏོར་བཤིག་གི་ལས་འགུལ་དེ་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༠  ཉིན་ནས་ཕྱི་ལོ་ ༢༠༡༧ ཟླ་ ༥ པའི་ཟླ་མགོ་བར་རྒྱུན་མཐུད་ཡོད། གཏོར་བཤིག་གི་ལས་འགུལ་ཙམ་མ་ཟད། རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་དགོན་པའི་འཛིན་སྐྱོང་གི་ལམ་སྲོལ་ལའང་འགྱུར་བ་བཏང་བ་དང།  ཕྱི་ལོ་ ༢༠༡༦ ལོའི་བཅོས་སྒྲིག་བྱས་རྗེས་རྒྱ་གཞུང་གིས་དམར་ཤོག་ཚོགས་པའི་འགོ་ཁྲིད་ལས་བྱེད་གལ་ཆེའི་གོ་གནས་སུ་བསྐོ་གཞག་བྱས་ཏེ་སློབ་གླིང་དེའི་ཉིན་རེའི་འཛིན་སྐྱོང་གི་ལས་དོན་ལ་སྟངས་འཛིན་བྱེད་དུ་བཅུག་ཡོད།  བྱ་ཐབས་འདི་དག་ནི་ས་གནས་དབང་འཛིན་པས་བཏོན་པའི་དོན་ཚན་བརྒྱ་ཅན་གྱི་བཀའ་རྒྱ་ཟེར་བའི་ནང་དོན་ཡིན་ཞིང་།  དེའི་ནང་གྲྭ་བཤག་གཏོར་བ་དང་གྲྭ་བཙུན་ཉུང་འཕྲི་བྱེད་པ། སློབ་གླིང་གི་འཛིན་སྐྱོང་བཅོས་སྒྲིག་བྱ་རྒྱུ་སོགས་ཀྱི་གཏན་འབེབས་ཞིབ་ཕྲ་བྱས་ཡོད།  སློབ་གླིང་གི་ཆོས་ཕྱོགས་དབང་ཆ་རྒྱ་གཞུང་གིས་བསྐོ་གཞག་བྱས་པའི་འགོ་ཁྲིད་པའི་ལག་པར་བཞག་པ་དང་།  དུས་ཡུན་རིང་པོའི་ནང་གྲྭ་བཙུན་གྱིས་འཛིན་སྐྱོང་བྱེད་པའི་སྲོལ་རྒྱུན་གྱི་རང་སྐྱོང་ལམ་སྲོལ་མེད་པ་བཟོས་ཡོད།ཟ གཏོར་བཤིག་གི་ལས་འགུལ་ཆེས་གསར་ཤོས་ནི་ཞིང་ཅིང་ཕིང་གི་སྐབས་སུ་བོད་ནང་ཆོས་དད་རང་དབང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ་བྱུང་བ་དང་། ཞི་ཅིང་ཕིང་གིས་ཆོས་ལུགས་ཀྲུང་གོ་ཅན་གྱི་སྲིད་ཇུས་གསལ་སྟོན་བྱས་པ་ནས་བཟུང་བོད་བརྒྱུད་ནང་བསྟན་ལ་སྔར་བྱུང་མྱོང་མེད་པའི་གཞུང་ཕྱོགས་ཀྱིས་སྟངས་འཛིན་བྱས་ཡོད། བོད་ཀྱི་ས་ཁུལ་ཁག་གི་དགོན་སྡེ་དང་ནང་བསྟན་སློབ་གླིང་ཁག་ལ་ཆབ་སྲིད་སློབ་གསོའི་ལས་འགུལ་ཛ་དྲག་ཏུ་འགྲོ་བ་དང་།  ལྟ་སྲུང་དམ་དྲག་བྱེད་པ།  ཆོས་སློབ་གཉེར་དང་གྲྭ་བཙུན་བསྡུ་ལེན་ལ་ཚད་བཀག་བཟོ་བ་དང་ཡང་སྲིད་ངོས་འཛིན་ལ་དམ་དྲག་བྱེད་པ། དེ་བཞིན་བསམ་བློའི་ཐོག་གི་འདུ་ཤེས་འཛིན་སྟངས་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་གཉིས་གཅིག་མཐུན་ཡོང་ཆེད་དམར་ཤོག་ཚོགས་པས་གཙོ་གཉེར་བྱས་པའི་སྲིད་འཛིན་དོ་དམ་ལམ་ལུགས་རྒྱ་སྐྱེད་གཏོང་བར་གདོང་ལེན་བྱེད་དགོས་བྱུང་ཡོད། བསྐྱར་ཟློས་ཡང་ཟློས་ཀྱིས་དགོན་པ་གཏོར་བཤིག་གཏོང་བ་དང་།  གྲྭ་བཙུན་འབོར་ཆེན་ཕྱིར་འབུད་བྱེད་པ།  དམར་ཤོག་ཚོགས་པས་འགོ་ཁྲིད་བྱེད་པའི་ལམ་ལུགས་བཙན་འགེལ་བྱེད་པ།  གྲྭ་ཤག་ལ་ཚོད་འཛིན་བྱེད་པའི་བྱ་ཐབས་འདི་དག་གི་ཐོག་ནས་རྒྱ་ནག་གཞུང་གི་དམིགས་ཡུལ་ནི་དགོན་སྡེའི་གཞི་ཁྱོན་ཆུང་དུ་གཏོང་རྒྱུ་ཙམ་མ་ཟད།  ད་དུང་བོད་བརྒྱུད་ནང་བསྟན་གྱི་རང་སྐྱོང་སློབ་གཉེར་གྱི་གནས་སྟངས་ཉམས་རྒུད་གཏོང་རྒྱུ་དང་།  སྲོལ་རྒྱུན་གྱི་དགོན་པའི་དབང་ཚད་ཀྱི་ལམ་སྲོལ་ཚབ་ཏུ་དམར་ཤོག་ཚོགས་པས་ཐད་ཀར་སྟངས་འཛིན་བྱ་རྒྱུ་དེ་རེད།

༢༠༠༨ལོའི་ཞི་རྒོལ་ཆེན་མོའི་མྱོང་བྱང་།ཚེ་སྲོག་གཏའ་མར་བཞག་པའི་བདེན་པའི་ང་རོ།

0
ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱི་དཀྱོག་འཚམས་ཤིག་ཡིན་པ་དང་། དེ་ནི་རྒྱ་ནག་གཞུང་གིས་བཤད་པ་ལྟར་དར་དམར་འོག་འཚར་ལོངས་བྱུང་བའི་བོད་ཀྱི་མི་རབས་གསར་པས་སྣེ་ཁྲིད་བྱས་པ་ཞིག་ཆགས་ཡོད་ཅིང། ངོ་རྒོལ་གྱི་གྱེན་ལངས་དེ་ནི་1959དགུའི་གྱེན་ལངས་ཆེན་མོའི་རྗེས་ཀྱི་གཞི་ཁྱོན་ཆེ་ཤོས་དང་དུས་ཡུན་རིང་ཤོས་ཤིག་ཀྱང་ཆགས་ཡོད་ཅིང་། གྱེན་ལངས་དེ་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་དང་ཕྱོགས་བསྒྲིགས་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཡིན་པར་བརྟེན། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་ཀྱང་བོད་ནང་གི་ཞི་རྒོལ་གྱེན་ལངས་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་དང་ཕྱོགས་བསྒྲིགས་བྱ་རྒྱུ་དེ་གལ་ཆེར་ངོས་འཛིན་བྱས་ཏེ་ད་ལམ་གྱི་དེབ་འདི་དཔར་སྐྲུན་བྱས་པ་ཡིན། དེབ་འདིའི་རྩོམ་པ་པོ་དང་དེ་རིང་གི་བགྲོ་གླེང་འདིའི་ཐོག་ དྲ་ཐོག་ནས་མཉམ་ཞུགས་གནང་མཁན་ཚང་མ་ས་བྱིའི་ཞི་རྒོལ་ཆེན་མོའི་འཐབ་རྩོད་ ནང་ དངོས་སུ་མཉམ་ཞུགས་བྱེད་མྱོང་མཁན་གྱི་ལོ་རྒྱུས་ཀྱི་དཔང་མི་ ཤ་སྟག་ཡིན་པར་བརྟེན། ཁོང་རྣམས་ཀྱིས་དེ་རིང་གི་ཐད་གཏོང་རྒྱང་བསྲིངས་ཀྱི་ལེ་ཚན་འདི་བརྒྱུད་ནས་སྐབས་དེའི་དངོས་བྱུང་གི་གནས་ཚུལ་དང་སོ་སོ་སོ་རང་ཉིད་ཀྱི་ལུས་ཐོག་ ཏུ་ མྱངས་པའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་བདེན་དཔང་ དེ་དག་ ངོ་སྤྲོད་གནང་རྒྱུ་ཡིན་པས་ དེས་ ང་ཚོའི་འཐབ་རྩོད་ལ་བློ་སྐྱེད་གསར་པ་ལེན་རྒྱུར་ཐེ་ཚོམ་མེད་ལ། ལྷག་པར་དུ་དེབ་འདིའི་རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ནས་ཕྱི་ལོ་ ༢༠༠༨ ལོར་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་སྣེ་ཁྲིད་བྱས་པའི་རྒྱུད་རིམ་དང་རྒྱབ་ལྗོངས། རྒྱ་དམག་གིས་དགོན་པར་སྔོག་བཤེར་དང། གྲྭ་དམངས་འཛིན་བཟུང་བྱས་པའི་གནས་ཚུལ་དེ་དག་སྐབས་དེའི་དངོས་ཡོད་ཀྱི་གནས་ཚུལ་གཞི་རྩར་བཟུང་ནས་ལོ་རྒྱུས་ཀྱི་དེབ་ཐེར་ནང་ འགོད་གནང་...

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ LGBTQIA+ གོ་རྟོགས་ལས་འགུལ།

0
ཟླ་བ་དྲུག་པ་ནི་འཛམ་གླིང་ཡོངས་སུ་སྤོབ་པ་བྱེད་འོས་པ་ཞིག་ཆགས་ཡོད་ཅིང། དེ་ཡང LGBTQIA+  སྤྱི་ཚོགས་ལ་གུས་བརྩི་ཞུ་བ་དང་། འདྲ་མཉམ་གྱི་ཐོབ་ཐང་གོང་འཕེལ།  ཕོ་མོའི་འདོད་ཕྱོགས་དང་ངོ་བོར་ངོས་འཛིན་ཞུ་ཕྱོགས་ཐད་བཀྲིས་པའི་རྟེན་འབྲེལ་ཞིག་རེད། དུས་ཆེན་འདི་སྲུང་བརྩི་ཞུ་ཆེད་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་ཟླ་ངོ་གཅིག་གི་རིང་ལས་འགུལ་སྤེལ་བཞིན་ཡོད། མཚན་མཐུན་གྱི་འབོད་སྒྲ་བོད་མིའི་ངོ་བོ། སྤྱི་ཚོགས་བཅས་དང་འབྲེལ་བའི་ལས་འགུལ་འདི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བརྙན་ལམ་ནང་ནས་LGBTQIA+ གྱི་ཚོགས་མི་རྣམས་ངོ་སྤྲོད་བྱ་རྒྱུ་ཡིན། ལས་འགུལ་འདིའི་དམིགས་ཡུལ་ནི་ང་ཚོའི་སྤྱི་ཚོགས་ནང་གི་དཀའ་ངལ་ཆེ་ཤོས་སྟེ། སྲོལ་རྒྱུན་གྱི་གོམས་གཤིས་ལ་བརྟེན་ནས་རིགས་མཐུན་གྱི་འདོད་མོས་དང་འབྲེལ་བའི་གནད་དོན་སྣང་མེད་དུ་འཇོག་པའམ་བཀག་འགོག་བྱེད་པའི་རིགས་ལ་གདོང་ལེན་བྱ་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད། ལས་འཆར་འདིའི་ཁོངས་སུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་རྒྱ་གར་དང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ལ་བཅའ་འདྲི་བྱས་ཏེ་ཁོ་ཚོའི་ཉམས་མྱོང་ཟིན་ཐོར་འགོད་བཞིན་ཡོད། ང་ཚོའི་སྤྱི་ཚོགས་ནང་རིགས་མཐུན་ཚོགས་མིའི་འབོད་སྒྲ་ཇེ་ཆེར་གཏོང་ཆེད་འདི་ག་ལྟེ་གནས་ཁང་གི་YouTube བརྙན་ལམ་ཐོག་གསར་དུ་བཅའ་འདྲི་བྱས་པ་དག་འགོད་སྤེལ་ཞུ་བཞིན་ཡོད། བོད་པའི་LGBTQIA+གཏམ་རྒྱུད་དང་བསམ་ཚུལ་ལ་དམིགས་ནས་བོད་ཀྱི་རིག་གཞུང་གི་གནས་བབ་ལ་འཕྲད་བཞིན་པའི་འགྲན་སློང་དང་དངོས་ཡོད་གནས་ཚུལ་གསལ་སྟོན་བྱ་རྒྱུའི་དམིགས་ཡུལ་བཅངས་བཞིན་ཡོད། ལྡེ་ར་དོན་དུ་གནས་ཞུགས་བསྟན་འཛིན་གཡང་སྒྲོན་ལགས་ཀྱིས་བོད་ཀྱི་འདྲ་མཉམ་གྱི་ལས་འཆར་(Tibetan Equality Project) བརྒྱུད་ནས་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་ལམ་བྱེད་པའི་གོ་སྐབས་རག་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་སྟེ། ངས་བོད་ཀྱི་འདྲ་མཉམ་ལས་འཆར་བརྙེད་པ་དང་དེ་ལ་བརྟེན་ནས་གྲོགས་པོ་མང་པོ་ངོ་ཤེས་བྱུང་། སྔ་ལོ་ལས་འཆར་གསར་གཏོད་གནང་མཁན་མཚོ་མོ་ལགས་དང་ཐུག་འཕྲད་བྱུང་བ་དང་།  ད་ལོ་སླར་ཡང་མི་འགྱུར་ལགས་དང་ཐུག་འཕྲད་བྱུང་།  རང་ཉིད་འཚར་ལོངས་ཀྱི་བརྒྱུད་རིམ་ནང་དེ་ཙམ་གྱི་གྲོགས་པོ་མང་པོ་མེད་པས་ཁེར་རྐྱང་ལྟ་བུ་ཞིག་ཡིན། ཁོ་ཚོ་དང་ངོ་ཤེས་བྱུང་བ་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་བས། ངས་ཀྱང་ཐེ་ཚོམ་མེད་པར་མདུན་དུ་བསྐྱོད་ཡོད། ང་ལ་དགའ་འབོད་བྱེད་བཞིན་པ་དེ་ནི་ཡར་རྒྱས་དང་སྟོབས་ཤུགས་ཡིན། གཡང་སྒྲོན་ལགས་ཀྱི་ཉམས་མྱོང་ཐོག་ནས་ང་ཚོའི་སྤྱི་ཚོགས་ནང་གལ་ཆེའི་གནད་དོན་ཞིག་གསལ་སྟོན་བྱས་ཡོད་པ་སྟེ། ་LGBTQIA+ ཁོངས་མི་ཚོས་རྒྱུན་དུ་ཁོ་ཚོ་སྤྱི་ཚོགས་ཀྱི་མཐའ་ལ་བུད་པ་དང་སྣང་མེད་གཏོང་བཞིན་པའི་ཚོར་སྣང་ཡོང་གི་ཡོད། ཁོ་ཚོས་རང་ཉིད་ལ་རྒྱབ་སྐྱོར་དང་བསམ་ཤེས་བྱས་ཏེ་བདེན་དོན་དང་ལེན་བྱེད་མཁན་གྱི་བདེ་འཇགས་ལྡན་པའི་སྤྱི་ཚོགས་ཤིག་འཚོལ་ཞིབ་བྱེད་བཞིན་ཡོད། ཆེས་རྒྱ་ཁྱབ་ཀྱི་ཐོག་ནས་LGBTQIA+ གྱི་ཚོགས་སྤྱི་དེ་ནུབ་ཕྱོགས་ཀྱི་བསམ་བློ་ཙམ་མ་ཡིན་པར་གནའ་སྔ་མོ་ནས་མིའི་རིགས་ཀྱི་སྣ་མང་རང་བཞིན་གྱི་ནང་དུ་གནས་པའི་རང་བྱུང་ཁམས་ཀྱི་ཆ་ཤས་ཡིན་པ་སྤྱི་ཚོགས་ཀྱིས་ངོས་འཛིན་ཐུབ་ཚེ། བདེ་འཇགས་དང་གུ་ཡངས་ལྡན་པའི་འཕེལ་རྒྱས་ཀྱི་བགྲོ་གླེང་ཡོང་ངེས་རེད། ནིའུ་ཡོག་ཏུ་གནས་ཞུགས་བོད་ཀྱི་སྒྱུ་རྩལ་བ་དང་རྩོམ་པ་པོ། སློབ་གསོའི་ལས་དོན་པ་ཡིན་པའི་མི་འགྱུར་དཔལ་སྒྲོན་གྱིས་གསུང་དོན། བོད་མི་ཚང་མ་སྤྱི་ཚོགས་འདིའི་ཁོངས་སུ་གཏོགས་ཡོད་པས། སྤྱི་ཚོགས་ཀྱི་ནུས་པ་ཡར་རྒྱས་གཏོང་བར་ངེས་པར་དུ་མི་ཚང་མའི་སྟོབས་ཤུགས་དང་རྒྱབ་སྐྱོར་ལ་བརྟེན་དགོས།  གལ་ཏེ་མི་ཞིག་ཕྱིར་འབུད་བྱས་ན་དེས་རང་ཉིད་ཙམ་མ་ཟད་སྤྱི་ཚོགས་ཚོགས་ཡོངས་ལ་དཀའ་ངལ་བཟོ་ངེས་རེད། ང་ཚོའི་དམིགས་ཡུལ་ནི་སྤྱི་ཚོགས་སྔར་བས་ཡར་ཐོན་ཡོང་བ་བྱ་རྒྱུ་དེ་ཡིན། བཅའ་འདྲིའི་ལེ་ཚན་འདིའི་མཇུག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་བེུད་ནུས་སྟོབས་ཚན་པའི་ཚེ་རིང་སྐྱིད་ལགས་དང་ལྷན་དུ་བགྲོ་གླེང་ཞུས་པའི་བརྙན་ཐུང་ཞིག་མཉམ་སྤྱོད་ཞུས་ཡོད། ང་ཚོའི་བགྲོ་གླེང་གི་དམིགས་ཡུལ་ནི་བསམ་ཚུལ་སྤེལ་རེས་ཀྱི་ལམ་ནས་རིགས་མཐུན་རྣམས་ལ་བཟོད་གོམས་དང་རྒྱབ་སྐྱོར་གྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་དེ་ཡིན།ལས་རིམ་འདི་དག་གི་ནང་ང་ཚོས་མཉམ་ཞུགས་པ་འཚོལ་ཞིབ་བྱེད་པ་ནས་དངོས་སུ་བཅའ་འདྲི་བྱེད་པའི་བར་སྤྱི་ཚོགས་ཀྱི་རིམ་པ་སྣ་ཚོགས་ཐོག་ནས་དཀའ་ངལ་ལ་གདོང་ལེན་བྱེད་དགོས་བྱུང་ཡོད། མི་མང་པོ་ཞིག་གིས་རང་ཉིད་ཀྱི་ངོ་བོ་ངོས་འཛིན་ཐུབ་ཀྱི་ཡོད་ཀྱང་རིག་གཞུང་གི་གོམས་སྲོལ་ལ་བརྟེན་ནས་ཉམས་མྱོང་སྤེལ་རེས་བྱ་རྒྱུར་འདོད་མོས་མི་བྱེད་པ་དང་། རང་ཉིད་ཀྱི་འདོད་ཕྱོགས་འཚོལ་ཞིབ་བྱེད་མཁན་བོད་རིགས་གཞོན་སྐྱེས་ཚོས་ཀྱང་སོ་སོའི་འདོད་མོས་མངོན་གསུམ་དུ་བཏོན་ཚེ་རིག་གཞུང་དང་སྤྱི་ཚོགས་ཀྱི་འབྲེལ་ལམ་ཐད་སེམས་ཕྲལ་བྱེད་ཀྱི་ཡོད་ཅེས་ད་ཐེངས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱི་འགྲེལ་བརྗོད་གནང་ཡོད། https://www.youtube.com/watch?v=lPgmW8s6oJA

༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ།

0
འདི་ག་བོད་ཀྱི་འགྲོ་བ་མིིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་བོད་ཡིག་དང་། དབྱིན་ཇི། རྒྱ་ཡིག་བཅས་སྐད་ཡིག་གསུམ་གྱི་ཐོག་ནས་ཕྱི་ལོ་ ༢༠༢༥ ལོའི་ལོ་འཁོར་སྙན་ཐོ་འགྲེམས་སྤེལ་གྱི་གསར་འགོད་ལྷན་ཚོགས་སྐོང་འཚོགས་བྱས་པ་དང་། སྙན་ཐོའི་ནང་འདས་མ་ཐག་པའི་ཕྱི་ལོ་ ༢༠༢༥ ལོར་རྒྱ་གཞུང་གི་བཙན་གནོན་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་སོང་བའི་གནས་སྟངས་འགྲེལ་བརྗོད་བྱས་ཡོད།རྒྱ་གཞུང་གིས་ཆབ་སྲིད་དང་ལྟ་གྲུབ་ལ་བརྟེན་ནས་བཙན་གནོན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་དུས་འདིར་བོད་མིའི་ཆོས་དད་དང་། རིག་གཞུང། གཏམ་བརྗོད། ཞི་བའི་ངོ་རྒོལ་སོགས་ལ་དམ་དྲག་དང་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་འཛམ་གླིང་ཐོག་གནས་སྟངས་སྡུག་ཤོས་ཆགས་ཡོད་པ་དང་སྐར་གྲངས་ཀླད་ཀོར་ཐོག་གནས་ཡོད། ཞི་ཅིང་ཕིང་གིས་རྒྱུན་མཐུད་ནས་དབང་ཆ་བཟུང་བའི་འོག་རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་རྩ་མེད་བཟོ་བཞིན་པའི་གནས་སྟངས་འོག་ཁྲིམས་ལུགས་ཀྱི་སྟངས་འཛིན་དང་། ཆབ་སྲིད་ཀྱི་སློབ་གསོ་གཏོང་བ། ལྟ་ཞིབ་དམ་དྲག་ཆེ་རུ་གཏོང་བཞིན་ཡོད། ལོ་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་དང་རིས་མེད་དགོན་སྡེ་ཁག་གི་ཐོག་སྔར་ལས་ལྷག་པའི་དམ་དྲག་བྱས་ཡོད་པ་དང་། ཁྲིམས་ཡིག་གསར་པ་བཟོས་ནས་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་འཛིན་སྐྱོང་གི་ལས་དོན་མཐའ་དག་དམར་ཤོག་ཚོགས་པའི་ལྟ་སྤྱོད་དང་མཐུན་དགོས་པའི་གཏན་འབེབས་བྱས་ཡོད་པ་མ་ཟད།༸གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་གྱི་དུས་སྐབས་སུ་སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་པ་དེས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་དང་ཆོས་ལུགས་ཐོག་དམ་དྲག་ཇི་ཙམ་ཡོད་མེད་གསལ་པོར་མཚོན་ཡོད། སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་ལ་ཁ་གཡར་ནས་ལྟ་སྲུང་དམ་དྲག་བྱེད་པ་མ་ཟད།༸གོང་མ་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་བྱེད་པའི་རྣམ་གང་རུང་ཞིག་ཀྱང་བསྟན་མི་ཆོག་པའི་གནས་སྟངས་ཆགས་ཡོད། བོད་ཀྱི་སྐད་ཡིག་གི་གནས་བབ་ཉམས་ཞན་དུ་བཏང་ཡོད་པ་དང་ཕྱོག་མཚུངས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ལ་ཁ་གཡར་ནས་ཚང་མས་རྒྱ་ཡིག་བེད་སྤྱོད་དང་སློབ་སྦྱོང་བྱེད་དགོས་པའི་ཁྲིམས་ལུགས་དང་ལམ་ལུགས་གཏན་འབེབས་བྱས་ཡོད་ཅིང་། ཐ་ན་གཞི་རིམ་བུ་བཅོལ་ཁང་གི་ནང་དུའང་བོད་ཡིག་སློབ་སྦྱོང་གི་གོ་སྐབས་ཉུང་དུ་བཏང་ཡོད།  དེ་ནི་བོད་ཀྱི་མི་རབས་གསར་པ་རྣམས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་པར་འགལ་རྐྱེན་བཟོ་བའི་འཐབ་ཇུས་ཅིག་རེད། བོད་ནང་གི་ཞི་བའི་ངོ་རྒོལ་གྱི་ཐོག་སྔར་བཞིན་དྲག་གནོན་བྱེད་བཞིན་ཡོད་པ་མ་ཟད། ཁོར་ཡུག་གཏོར་བཤིག་འགྲོ་གཞིའི་གཏེར་ཁ་སྡོག་འདོན་དང་རྨང་གཞིའི་འཛུགས་སྐྲུན་ལས་གཞིར་ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་དང།  ལྟ་ཞིབ། འཇིགས་སྐུལ་བྱེད་བཞིན་ཡོད་པ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ལ་ཉེས་ཆད་མཉམ་འགེལ་གྱི་དཀའ་ངལ་ཆེན་པོའི་འོག་གནས་ཡོད། གལ་ཆེ་བའི་གནད་དོན་གཞན་ཞིག་ནི་བོད་ཀྱི་ཆོས་ལུགས་གྲགས་ཅན་མི་སྣ་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་ཝུའི་ཏི་ནམ་དུ་དགོངས་པ་རྫོགས་པའི་གནད་དོན་དེ་ཆགས་ཡོད། ཁོང་རྒྱ་ནག་གཞུང་དང་ཝུའི་ཏི་ནམ་གཞུང་མཉམ་འབྲེལ་གྱི་ཐོག་ནས་འཇུ་བཟུང་བྱས་ཡོད། གནད་དོན་དེའི་ཐོག་ནས་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་བཙན་གནོན་ཇེ་ཆེར་གཏོང་བཞིན་ཡོད་པ་གསལ་པོར་མཚོན་ཡོད་ལ། དེས་བཙན་བྱོལ་ནང་ཡོད་པའི་བོད་པའི་ཆོས་ལུགས་མི་སྣ་དང་ལས་འགུལ་བ་ཚོར་སྔར་ལས་ལྷག་པའི་ཉེན་ཁ་དང་སེམས་འཚབ་བཟོས་ཡོད། འདི་ལོའི་ལོ་འཁོར་སྙན་ཐོ་འདིས། ད་ལྟའི་སྐབས་བོད་ས་ཡོངས་རྫོགས་དམ་དྲག་འོག་གནས་པའི་ཚད་གཞི་འདི་ཆབ་སྲིད་ཀྱི་བཙན་གནོན་གཅིག་ཡིན་པ་མ་ཟད།ལམ་ལུགས་ཅན་གྱི་མ་ལག་ཅིག་ཆགས་ཀྱང་ཡོད་པ་དང་། དེ་ནི་དད་མོས་དང་།  སྐད་ཡིག ཤེས་ཡོན་། ཐ་ན་མི་སྒེར་གྱི་རང་དབང་སོགས་བོད་མིའི་འཚོ་བའི་ཕྱོགས་ཡོངས་ལ་ཁྱབ་ཡོད། བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཀྱི་ཆེད་དུ་རང་དབང་ཅན་གྱི་ཞིབ་འཇུག་པ་དང་གསར་འགོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མཁས་པ་བཅས་བཀག་སྡོམ་མེད་པར་རང་དབང་གི་ཐོག་ནས་འགྲོ་བསྐྱོད་བྱེད་དུ་འཇུག་དགོས་པ་མ་ཟད།  རྒྱལ་སྤྱིའི་སྤྱི་ཚོགས་ནས་འགན་འཁུར་ཡོད་པའི་ཐོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་དུ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགན་འཁུར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ལོ་འཁོར་སྙན་ཐོ་འཚོལ་ཞིབ་བྱེད་རོགས།

མི་ལོ་བཅུ་ཕྲག་གཅིག་ལྷག་རིང་བོད་ནང་གི་ཆོས་དད་རང་དབང་སྐོར་གི་སྙན་ཐོ།

0
དེ་རིང་ཟླ་  ༦ ཚེས་ ༤ ཉིན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་  ༢༠༢༥  ལོའི་ལོ་འཁོར་སྙན་ཐོ་( བོད་ཡིག་དང་།  དབྱིན་ཇི།  རྒྱ་ཡིག)དང་།  དེ་བཞིན་ཕྱི་ལོ་  ༢༠༡༢ ལོ་ནས་ཕྱི་ལོ་  ༢༠༢༥ ལོ་བར་གྱི་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་བཅས་དེབ་གཉིས་འགྲེམས་སྤེལ་ཞུས་ཡོད། ཞིབ་ཕྲའི་གནས་ཚུལ་ང་ཚོའི་དྲ་གནས་ཐོག་ནས་གཟིགས་ཐུབ་ཀྱི་ཡོད། ཕྱི་ལོ་ལོ་ ༢༠༡༢ ལོར་ཞི་ཅིང་ཕིང་རྒྱ་ནག་གི་དབང་འཛིན་པ་མཐོ་ཤོས་སུ་སླེབས་རྗེས་རྒྱ་ནག་གཙོ་བོ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་ལའང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་བ་བྱས་ཡོད་ཀྱང་། བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་ཚབ་ལ་ཇེ་ཞན་ཇི་སྡུག་ཏུ་སོང་ཡོད་ཅིང་། འདས་པའི་མི་ལོ་བཅུ་གྲངས་གཅིག་ལྷག་ཙམ་གྱི་དུས་ཡུན་དེ་ནི་རིག་གནས་གསར་བརྗེ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། སྐབས་ལ་ལར་རིག་གནས་གསར་བརྗེ་ལས་ཀྱང་སྡུག་རྩུབ་ཆེ་བ་ཆགས་ཡོད།  རིག་གནས་གསར་བརྗེའི་སྐབས་ཀྱི་སྲིད་ཇུས་ཀྱི་ངོ་བོ་དེ་རྙིང་བཞི་རྩ་གཏོར་ཞེས་བསམ་བློ་རྙིང་པ་དང་།  རིག་གནས་རྙིང་པ།  གོམས་གཤིས་རྙིང་པ།  ལྟ་བ་རྙིང་པ་རྩ་མེད་བཟོ་རྒྱུ་ཡིན་ཀྱང་།  སྐབས་དེ་དུས་ད་ལྟ་ནང་བཞིན་ཚན་རིག་ལག་རྩལ་གྱི་ཚད་གཞི་མཐོ་པོ་མེད་སྟབས། འཕྲུལ་ཆས་ཀྱིས་མི་ལ་དབང་བསྒྱུར་དང་སྟངས་འཛིན་བྱེད་པའི་ནུས་པ་དེ་མེད།  ཡིན་ནའང་།  དེང་སྐབས་ཚན་རིག་ལག་རྩལ་གྱི་ཆུ་ཚད་རྩེ་མོར་གསོན་ཡོད་སྟབས། རྒྱ་ནག་ལྟ་བུའི་སྲིད་དབང་སྒེར་གཅོད་པ་ཚོས་འཕྲུལ་ཆས་ལ་བརྟེན་ནས་མིའི་བསམ་བློར་དབང་བསྒྱུར་དང་སྟངས་འཛིན་བྱེད་པ་དེ་ནི་འཇིགས་སུ་རུང་བ་ཞིག་རེད། ལྷག་པར་དུ་བོད་ཀྱི་རིས་མེད་དགོན་སྡེ་ཁག་དང་ལྷ་ཁང་། དེ་བཞིན་དགོན་པའི་འདུ་ཁང་དང་གྲྭ་ཤག་དང་བཅས་པ་ཡོད་ཚད་ལ་བརྙན་མིག་བཙུགས་ཏེ་གྲྭ་བཙུན་གྱི་འགྲོ་འདུག་སྤྱོད་གསུམ་ཚང་མ་ལྟ་སྲུང་འོག་གནས་ཡོད་ཅིང་། ཞི་ཅིང་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ། རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་པའི་སྲིད་ཇུས་གཏན་འབེབས་བྱས་པ་དེས་གྲྭ་བཙུན་རྣམས་རྟག་པར་ཕྱོགས་གཅིག་ནས་ཆབ་སྲིད་སློབ་སྦྱོང་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ཏེ་རྒྱ་སྐད་རྒྱ་ཡིག་སློབ་སྦྱོང་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། དེར་བརྟེན། ད་ཐེངས་ཀྱི་སྙན་ཐོ་འདིའི་ནང་འདས་པའི་ལོ་ངོ་བཅུ་གྲངས་གཅིག་གི་ལྷག་ཙམ་གྱི་རིང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་བཙན་འཕྲོག་བྱེད་སྟངས་དང་། སྲིད་ཇུས་ཀྱི་གཏན་འབེབས།  ལག་ལེན་གྱི་གོ་རིམ་བཅས་རྒྱ་བཤད་བྱས་ཡོད་པ་མ་ཟད། ད་དུང་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ནང་ཆོས་དད་རང་དབང་འགན་སྲུང་ཡོད་སྐོར་གཏན་འབེབས་བྱས་ཡོད་ཀྱང་། རྩ་ཁྲིམས་དང་བཅའ་ཁྲིམས་ནང་གི་ཐོབ་ཐང་དེ་དག་རྣམ་པ་གཞན་ཞིག་གི་ཐོག་ནས་བཙན་འཕྲོག་བྱེད་པའི་ཐབས་ལམ་ཇི་ལྟར་བཟོས་ཡོད་པ་ཡང་གསལ་སྟོན་བྱས་ཡོད་སྟབས། སྙན་ཐོ་འདིས་བོད་མིའི་ཆོས་དད་རང་དབང་ལ་དོ་སྣང་དང་ཉམས་ཞིབ་བྱེད་མཁན་ཚོར་ཆ་མཚོན་ན་དཔྱད་གཞི་ཡོང་ངེས་ཡིན་པ་མ་ཟད།སྙན་ཐོ་འདིའི་ནང་ལུང་འདྲེན་བྱས་པའི་གནས་ཚུལ་གྱི་འབྱུང་ཁུངས་དག་ཀྱང་བརྒྱ་ཆ་དགུ་བཅུ་ཡན་རྒྱ་ནག་གཞུང་གིས་འདོན་སྤེལ་བྱས་པའི་དུས་དེབ་དང་། ཚགས་པར། དྲ་ཚིགས་བཅས་ལ་གཞི་བཅོལ་ནས་ཁུངས་སྐྱེལ་བྱས་ཡོད། Final_TCHRD_Special_Report_2026Download

རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པར་སྨན་བཅོས་མཐུན་རྐྱེན་སྤྲོད་དགོས།

0
རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གངས་སྐྱེས་སྒྲུབ་པ་སྐྱབས་པ་དང་ཚེ་རིང་སྒྲོལ་མ་རྣམ་གཉིས་ལ་གང་མགྱོགས་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཁོང་རྣམ་གཉིས་ད་ལྟ་བཙོན་འཇུག་གི་གནས་སྟངས་འོག་ཡོད་པ་མ་ཟད་སྨན་བཅོས་ཀྱི་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཅིང་། དེ་ལྟར་མུ་མཐུད་ནས་གནས་ཚེ་བཅོས་ཐབས་བྲལ་བའི་ཚབས་ཆེའི་དཀའ་ངལ་ནང་ལྷུངས་རྒྱུའི་ཉེན་ཁ་ཡོད། ཟི་ཁྲོན་མཱན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་པའི་གངས་སྐྱེས་སྒྲུབ་པ་སྐྱབས་ནི་ད་ལྟ་དགུང་གྲངས་ ༤༧ ཡིན་པ་དང་དེ་སྔ་རྩོམ་པ་པོ་དང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་། ཕྱི་ལོ་ ༢༠༢༤ ལོར་ཁོང་ནང་མི་དང་ཐུག་འཕྲད་ཀྱི་ཆོག་མཆན་ཐོབ་ཡོད་ཀྱང་། དེ་རྗེས་ཀྱི་ཐུག་འཕྲད་ལ་ཆོག་མཆན་གཏན་ནས་སྤྲད་མེད་པ་མ་ཟད། ཁོང་གི་གཟུགས་གཞིའི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་གཅིག་ཀྱང་ཁོང་གི་ནང་མིར་མཁོ་སྤྲོད་བྱས་མེད། དེ་ཡང་གནས་ཚུལ་མཁོ་སྤྲོད་པས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ལ་འགྲེལ་བརྗོད་གནང་དོན་། བཙོན་ཁང་ནང་མནར་གཅོད་ཚབས་ཆེའི་མྱངས་པའི་རྐྱེན་གྱིས་གངས་སྐྱེས་སྒྲུབ་པ་སྐྱབས་ཀྱི་གཟུགས་གཞིའི་གནས་སྟངས་སྐྱོ་པོ་ཆགས་ཡོད་ཅིང་། སྙིང་ནད་དང་མཁལ་ནད་ཕོག་ཡོད་པ་མ་ཟད། མིག་ཤེས་དང་དྲན་ཤེས་ཉམས་པའི་ནད་རྟགས་ཀྱང་ཐོན་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༣ ཉིན་ས་གནས་ཉེན་རྟོག་པས་གང་བྱུང་བཀག་ཉར་བྱས་པ་དང་། ཕྱི་ལོ་ ༢༠༢༢ ལོར་རྒྱལ་ཁབ་ཁ་བྲལ་དང་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཆབ་སྲིད་ཀྱི་ཉེས་མིང་བཀལ་ནས་མི་ལོ་ ༡༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།  མ་ཟད་ཁོང་ཕྱི་ལོ་ ༢༠༡༢ ལོ་དང་ཕྱི་ལོ་ ༢༠༡༦ ལོར་ཁག་སོ་སོར་ཐེངས་གཉིས་ཙམ་གང་བྱུང་བཀག་ཉར་བྱས་པ་དང་།  ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༡༥ ཉིན་འཇུ་བཟུང་བྱས་རྗེས་བཙོན་འཇུག་གི་ཁྲིམས་ཐག་མ་བཅད་པར་གར་སོང་ཆ་མེད་དུ་གྱུར་བ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ཉིན་ཉག་ཆུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་བོད་དོན་ལས་འགུལ་སྤེལ་བ་དང་དམར་ཤོག་ཚོགས་པར་ངོ་རྒོལ་བྱས་པའི་ཉེས་འཛུགས་བྱས་ཏེ་མི་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།  ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༦ ཉིན་གློད་བཀྲོལ་བཏང་ཡོད་ཀྱང་། གློད་བཀྲོལ་གྱི་དགའ་སྟོན་སྐབས་༸གོང་ས་མཆོག་གི་སྐུ་པར་མགོ་ཐོག་ཏུ་བཞག་པར་བརྟེན་ཉིན་དེ་རང་ལ་ཡང་བསྐྱར་འཇུ་བཟུང་བྱས་ཡོད། གནས་ཚུལ་ཐོན་པར་གཞིགས་ན། གསེར་རྟ་རྫོང་ནས་ཡིན་པའི་ཕྲུ་གུ་གཉིས་ཀྱི་ཨ་མ་ཚེ་རིང་སྒྲོལ་མ་ལགས་ཀྱི་གནས་སྟངས་ཀྱང་ཧ་ཅང་ཛ་དྲག་ཆགས་ཡོད་ཅིང་། རྫོང་ཉེན་རྟོག་པས་ཁོང་ལ་ཚབས་ཆེའི་མནར་གཅོད་འོག་རྐང་པར་རྨས་སྐྱོན་བཟོས་པ་མ་ཟད་དྲན་ཤེས་ཉམས་པ་དང་སྙིང་གི་ན་ཚ་ཇེ་སྡུག་ཏུ་སོང་བ་བཅས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། ཡུན་རིང་གི་མནར་གཅོད་དང་འཕྲོད་བསྟེན་གྱི་དཀའ་ངལ་ལ་བརྟེན་ནས་མྱུར་སྐྱོབ་མི་ཐུབ་པའི་གནས་སུ་གྱར་ཡོད།  ཁོང་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢ ཉིན་གང་བྱུང་འཇུ་བཟུང་བྱས་པ་དང་།  ཕྱི་ལོ་ ༢༠༢༢ ལོར་མི་ལོ་ ༨ པར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།  ཕྱི་ལོ་ ༢༠༠༨ ལོར་ཁོང་དང་ཁོང་གི་ཨ་པ་གཉིས་བོད་མིའི་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་འཇུ་བཟུང་བཀག་ཉར་བྱས་པ་དང་།  ཕྱི་ལོ་ ༢༠༠༨ ལོ་ནས་ཕྱི་ལོ་ ༢༠༡༢ ལོ་བར་ཁོང་ཐེངས་མང་གང་བྱུང་བཀག་ཉར་བྱས་པ་དང་།  བཀག་ཉར་བྱེད་རིམ་བྱེད་བཞིན་ཁོ་མོར་འགྲོ་བ་མི་ཞིག་ཡིན་པའི་ཆེ་མཐོང་ཙམ་ཡང་མེད་པར་ཉེས་རྡུང་དང་མནར་གཅོད་ཀྱིས་རྐྱེན་པས་རྐང་པ་ཆགས་པ་དང་དྲན་ཤེས་ཉམས་པ། སྙིད་ནད་སོགས་དཀའ་ངལ་ཆེན་པོའི་འོག་གནས་ཡོད།  གློད་བཀྲོལ་ཐོབ་པའི་རྗེས་སུའང་མུ་མཐུད་ནས་བལྟ་སྲུང་འོག་གནས་དགོས་པ་མ་ཟད། འགྲོ་འོངས་ལ་དམ་དྲག་དང་རྟག་པར་ཉེན་རྟོག་ལས་ཁུངས་སུ་འབོད་སྐོང་བྱེད་བཞིན་ཡོད། བོད་མི་རྣམས་ལ་ཚབས་ཆེའི་མནར་གཅོད་དང་། བཙན་གནོན། སྨན་བཅོས་ཀྱི་མཐུན་རྐྱེན་མེད་པའི་དབང་གིས་འདས་གྲོངས་སུ་སོང་བའི་ཡ་ང་བའི་ལོ་རྒྱུས་ཀྱི་དཔང་རྟགས་མང་པོ་ཡོད། དཔེར་ན། ཕྱི་ལོ་ ༢༠༢༠ ཟླ་ ༥ པར་ཆབ་སྲིད་བཙོན་པ་ཆོས་སྐྱིད་ལགས་འདས་གྲོངས་སོང་ཡོད། འབྲེལ་ཡོད་དབང་འཛིན་པས་ཁོང་ལ་སྨན་བཅོས་བྱ་རྒྱུར་ཁས་ལེན་མ་བྱས་པ་དང་།མི་ལོ་བཞི་ཡི་བཙོན་འཇུག་གི་དུས་ཡུན་ནང་ཁོང་ལ་ཉེས་རྡུང་དང་མནར་གཅོད་ཡང་ཡང་ཕོག་ནས་གཟུགས་གཞིར་ནད་གཞི་ཚབས་ཆེན་ཕོག་ཡོད་ཀྱང་གོང་རིམ་ནས་སྨན་བཅོས་ཀྱི་ཐོབ་ཐང་བཀག་སྡོམ་བྱས་ཏེ་མཐར་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དེ་དང་འདྲ་བར་ཕྲུ་གུ་གསུམ་གྱི་ཨ་མ་ཡིན་པའི་ལྷ་མོ་ལགས་ཀྱང་ཕྱི་ལོ་ ༢༠༢༠ ཟླ་ ༨ པར་བཙོན་ཁང་ནང་འདས་གྲོངས་སོང་ཡོད།  ཁོང་ནས་རྒྱ་གར་དུ་ཡོད་པའི་སྤུན་མཆེད་ཚོར་དངུལ་བསྐུར་བའི་ཉེས་འཛུགས་བྱས་ཏེ་གང་བྱུང་བཀག་ཉར་བྱས་པ་དང་།  དེའི་རིང་ཉེན་རྟོག་པས་ཉེས་རྡུང་དང་མནར་གཅོད་ཚད་མེད་མྱོང་དགོས་བྱུང་ཡོད། གནས་ཚུལ་དེ་དག་ལས་བོད་མི་ཚོར་འཕྲད་བཞིན་པའི་ཚབས་ཆེའི་ཉེས་རྡུང་དང་མནར་གཅོད་འོག་ནས་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པའི་ཡིད་སྐྱོའི་གནས་སྟངས་གསལ་སྟོན་བྱེད་ཀྱི་ཡོད། <<བཙན་གནོན་དང་དམའ་འབེབས། མི་ཆོས་ལས་འདས་པའི་མནར་གཅོད་འགོག་ཐབས་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་>>ལ་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་གཅིག་ཡིན་པའི་ཆ་ནས་རྒྱ་ནག་གཞུང་གིས་ངེས་པར་དུ་གནད་དོན་དེ་དག་ལ་འགན་ཁྲི་འཁུར་དགོས་པ་དང་བཙན་གནོན་གྱི་བྱ་སྤྱོད་སྔོན་འགོག་དགོས་པ་མ་ཟད། བཙན་གནོན་མྱོང་མཁན་ཚོར་མགྱོགས་ནས་མྱུར་དུ་དྲང་བདེན་གྱི་ཞིབ་འཇུག་བྱེད་དགོས།  སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོན་མ་ལགས་རྣམ་གཉིས་ལ་སྨན་བཅོས་བཀག་སྡོམ་བྱས་པ་ནི་འགན་ཁྲི་དེ་དག་ལ་མངོན་གསལ་དོད་པོས་འགལ་འཛོལ་བྱས་པ་ཞིག་རེད། འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲིས་ནས་འགྲེལ་བརྗོད་གནང་དོན། གང་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་རྣམ་གཉིས་ཀྱི་གནས་སྟངས་ཐད་ང་ཚོས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་ལ། ཁོང་རྣམ་གཉིས་གང་མགྱོགས་གློད་བཀྲོལ་ཡོང་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད།

གྲྭ་དར་རྒྱས་ལགས་གར་སོང་ཆ་མེད་དུ་སོང་རྗེས་གསང་བའི་ཐོག་ལོ་བདུན་གྱི་ཁྲིམས་ཐག་བཅད་འདུག

0
འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན།  རང་ལོ་ ༦༤ ཡིན་པའི་གྲྭ་དར་རྒྱས་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༨ པར་ལྷ་སར་གང་བྱུང་འཇུ་བཟུང་བྱས་རྗེས་གསང་བའི་ཐོག་ནས་མི་ལོ་བདུན་བཙོན་འཇུག་ཁྲིམས་ཐག་བཅད་འདུག   ཁོང་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་འདི་ལོའི་ཟླ་དང་པོའི་ཟླ་མཇུག་ཙམ་ལ་མ་གཏོགས་ནང་མིས་གཏན་ནས་ཤེས་རྟོགས་བྱུང་མེད་ལ། ག་དུས་ཁྲིམས་ཐག་བཅད་པ་དང། ཁྲིམས་ཁང་སུས་ཁྲིམས་ཐག་བཅད་པ།  གང་དུ་བཀག་ཉར་བྱས་པའི་གནས་ཚུལ་རྣམས་ཀྱང་གསལ་བཤད་བྱས་མེད།  ཁོང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དེ་སྔ་ལོ་གཞི་ནས་ཤེས་རྟོགས་བྱུང་བ་དང་།  དེའི་རིང་ཁོང་བཀག་ཉར་དང་། ཉེས་འཛུགས། ཁྲིམས་ཐག་བཅད་པའི་གནས་ཚུལ་རྣམས་ཁོང་གི་ནང་མིར་བརྡ་ལན་སྤྲད་མེད། འདི་གར་འབྱོར་བའི་ཁུངས་ལྡན་གྱི་གནས་ཚུལ་ལ་གཞིགས་ན། དར་རྒྱས་ལགས་ནས་༸གོང་ས་མཆོག་ལ་སྐྱབས་རྟེན་དང་བསྔོ་རྟེན་ཕུལ་བ་དང་། དེ་བཞིན་བོད་ནས་བཙན་བྱོལ་དུ་འགྲོ་རྩིས་བྱེད་མཁན་གྱི་དགེ་འདུན་པར་རོགས་པ་བྱས་པའི་རྐྱེན་གྱིས་ཉེས་འཛུགས་བྱས་ཡོད། གནས་ཚུལ་མཁོ་སྤྲོད་མཁན་གྱིས་འདི་ག་ལྟེ་གནས་ཁང་ལ་འགྲེལ་བརྗོད་བྱས་དོན། དར་རྒྱས་ལགས་ད་ལྟ་དགུང་ལོ་དྲུག་བཅུ་ལྷག་ཙམ་ལ་ཕེབས་ཡོད་སྟབས།  ནང་མིས་ཁོང་གི་གཟུགས་གཞིའི་གནས་སྟངས་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་ལ།  ཁོང་གི་གནས་སྟངས་ཞིབ་ཕྲ་ཤེས་རྟོགས་མེད་པའི་དབང་གིས་སེམས་སྡུག་ཆེན་པོ་བཟོས་ཡོད་ཅེས་འགྲེལ་བརྗོད་གནང་ཡོད། འདི་ག་ལྟེ་གནས་ཁང་ནས་སྤེལ་ཟིན་པའི་སྔོན་མའི་གནས་ཚུལ་ནང་།  དར་རྒྱས་ལགས་ཀྱི་སྤུན་མཆེད་ཚེ་རིང་དང་བཙུན་མ་ཆོས་སྐྱིད་རྣམ་གཉིས་ཀྱང་གང་བྱུང་འཇུ་བཟུང་ཏེ་ཟླ་ཤས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་།  དར་རྒྱས་ལགས་ཀྱི་གནས་སྟངས་གང་ཡང་གསལ་བཤད་བྱས་མེད། དར་རྒྱས་ལགས་ནི་ལྷག་བསམ་རྣམ་དག་གི་སྒོ་ནས་ཆོས་ཁོ་ན་ཉམས་ལེན་བྱེད་པ་དང་།  སྤྱི་ཚོགས་ལ་ཕན་བདེ་སྐྲུན་མཁན་གྱི་ཞབས་ཞུ་བ་ཞིག་ཡིན་པ་ཡོངས་གྲགས་རེད། ཁོང་གསེར་རྟ་དགོན་པའི་དགེ་འདུན་པ་ཞིག་ཡིན་པ་དང་ལོ་མང་ལྷ་སར་བསྡད་ནས་གནས་སྐོར་དང་སྒྲུབ་པ་ཉམས་ལེན། བླ་མ་དགེ་བཤེས་ཚོའི་དྲུང་ནས་བཀའ་ཆོས་གསན་བཞིན་བཞུགས་ཡོད། ཁོང་གིས་ལྷ་སར་སྐུ་གསུང་ཐུགས་རྟེན་ལ་གཟུང་བཞུགས་འབུལ་བ་མ་ཟད།  མང་ཚོགས་ཀྱི་རེ་འདུན་སྐོང་ཆེད་གཟུང་བཞུགས་འབུལ་སའི་ཚོང་ཁང་ཆུང་ཆུང་ཞིག་ཀྱང་སྒོ་ཕྱེ་ཡོད། ད་ལྟའི་གནས་སྟངས་ལ་བལྟས་ན།  བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་།  བོད་མི་མང་པོ་ཞིག་ཆོས་དད་མཚོན་པའི་བྱ་བ་བྱས་པའི་རྐྱེན་གྱིས་གང་བྱུང་འཇུ་བཟུང་དང་བཙོན་འཇུག་བྱས་པ་ཤ་སྟག་རེད། དེའི་ཁོངས་བཙན་བྱོལ་དུ་ཡོད་པའི་བླ་མ་ཚོར་དངུལ་དངོས་ཀྱི་འབུལ་བ་ཕུལ་བ་ལྟ་བུ་ཡང་ཚུད་ཡོད། འདི་ག་ལྟེ་གནས་ཁང་ནས་དེ་ལྟ་བུའི་གནས་ཚུལ་མང་པོ་ཞིག་ཟིན་ཐོར་བཀོད་ཡོད། དཔེར་ན། ཕྱི་ལོ་ ༢༠༢༢ ལོར་ཀིརྟི་དགོན་པའི་དགེ་འདུན་པ་རྭ་ཆུང་དགེ་འདུན་དང་བསོད་ནམས་རྒྱ་མཚོ་རྣམ་གཉིས་ལ་ཁག་སོ་སོ་ལོ་གསུམ་དང་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་བྱས་ཡོད།  ཁོང་རྣམ་གཉིས་ལ་དེ་ལྟ་བུའི་ཁྲིམས་ཐག་གཅོད་པའི་རྒྱུ་མཚན་ནི་ཁ་པར་བརྒྱུད་ནས་རྒྱ་གར་ནང་ཡོད་པའི་ཀིརྟི་རིན་པོ་ཆེ་དང་དགོན་པའི་དགེ་འདུན་པར་དངུལ་བསྐུར་བའི་རྐྱེན་གྱིས་ཉེས་འཛུགས་བྱས་ཡོད། དེ་དང་འདྲ་བར་དགེ་འདུན་པ་བློ་བཟང་ཐབས་མཁས་ནས་བླ་མ་ཞིག་དགོངས་པ་རྫོགས་པའི་དབང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཀིརྟི་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་རྣམས་ཁྱོན་རྒྱ་སྒོར་ ༢༠༠༠ ཙམ་ཕུལ་བའི་དབང་གིས་ས་གནས་ཉེན་རྟོག་པས་བཀག་ཉར་དྲི་བརྩད་བྱས་ཡོད། དེ་ལྟ་བུའི་བྱ་སྤྱོད་ཀྱིས་བོད་མིའི་ཆོས་དད་རང་དབང་བཙན་འཕྲོགས་བྱེད་ཀྱི་ཡོད། བསྔོ་བ་སྨོན་ལམ་ནི་དད་མོས་མཚོན་བྱེད་དང་དགེ་སློབ་བར་གྱི་ཆོས་འབྲེལ་རྒྱུན་འཛིན་བྱེད་པའི་ཐབས་ལམ་ཞིག་ཀྱང་ཆགས་ཡོད། ལམ་སྲོལ་དེ་དག་ལ་བཀག་སྡོམ་བྱེད་བཞིན་པ་དེས་དད་ལྡན་མང་ཚོགས་ཚོའི་ཆོས་དད་རང་དབང་དང་ཆོས་འབྲེལ་རྒྱུན་འཁྱོངས་བྱ་རྒྱུའི་རང་དབང་འཕྲོག་བཞིན་ཡོད། རྒྱ་ནག་གཞུང་གིས་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུའི་དམིགས་འབེན་གཙོ་བོ་དེ་ཆོས་ལུགས་ཐོག་གཞི་བཅོལ་ཡོད་ཅིང་།༸གོང་ས་མཆོག་ལ་དད་པའི་རྣམ་འགྱུར་བསྟན་ཚེ་རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློག་པའི་ནག་ཉེས་དང་ངོས་འཛིན་གཅིག་མཚུངས་བྱེད་ཀྱི་ཡོད། བྱ་ཐབས་འདི་དག་གིས་ཆོས་དད་རང་དབང་ལ་བཀག་རྒྱ་བཟོས་ཏེ་།  བོད་མི་ཚོས་འཇིགས་སྣང་མེད་པའི་ཐོག་ནས་དད་པ་ཉམས་ལེན་བྱ་རྒྱུར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད།