
འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། རང་ལོ་ ༦༤ ཡིན་པའི་གྲྭ་དར་རྒྱས་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༨ པར་ལྷ་སར་གང་བྱུང་འཇུ་བཟུང་བྱས་རྗེས་གསང་བའི་ཐོག་ནས་མི་ལོ་བདུན་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁོང་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་འདི་ལོའི་ཟླ་དང་པོའི་ཟླ་མཇུག་ཙམ་ལ་མ་གཏོགས་ནང་མིས་གཏན་ནས་ཤེས་རྟོགས་བྱུང་མེད་ལ། ག་དུས་ཁྲིམས་ཐག་བཅད་པ་དང། ཁྲིམས་ཁང་སུས་ཁྲིམས་ཐག་བཅད་པ། གང་དུ་བཀག་ཉར་བྱས་པའི་གནས་ཚུལ་རྣམས་ཀྱང་གསལ་བཤད་བྱས་མེད། ཁོང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དེ་སྔ་ལོ་གཞི་ནས་ཤེས་རྟོགས་བྱུང་བ་དང་། དེའི་རིང་ཁོང་བཀག་ཉར་དང་། ཉེས་འཛུགས། ཁྲིམས་ཐག་བཅད་པའི་གནས་ཚུལ་རྣམས་ཁོང་གི་ནང་མིར་བརྡ་ལན་སྤྲད་མེད།
འདི་གར་འབྱོར་བའི་ཁུངས་ལྡན་གྱི་གནས་ཚུལ་ལ་གཞིགས་ན། དར་རྒྱས་ལགས་ནས་༸གོང་ས་མཆོག་ལ་སྐྱབས་རྟེན་དང་བསྔོ་རྟེན་ཕུལ་བ་དང་། དེ་བཞིན་བོད་ནས་བཙན་བྱོལ་དུ་འགྲོ་རྩིས་བྱེད་མཁན་གྱི་དགེ་འདུན་པར་རོགས་པ་བྱས་པའི་རྐྱེན་གྱིས་ཉེས་འཛུགས་བྱས་ཡོད།
གནས་ཚུལ་མཁོ་སྤྲོད་མཁན་གྱིས་འདི་ག་ལྟེ་གནས་ཁང་ལ་འགྲེལ་བརྗོད་བྱས་དོན། དར་རྒྱས་ལགས་ད་ལྟ་དགུང་ལོ་དྲུག་བཅུ་ལྷག་ཙམ་ལ་ཕེབས་ཡོད་སྟབས། ནང་མིས་ཁོང་གི་གཟུགས་གཞིའི་གནས་སྟངས་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་ལ། ཁོང་གི་གནས་སྟངས་ཞིབ་ཕྲ་ཤེས་རྟོགས་མེད་པའི་དབང་གིས་སེམས་སྡུག་ཆེན་པོ་བཟོས་ཡོད་ཅེས་འགྲེལ་བརྗོད་གནང་ཡོད།
འདི་ག་ལྟེ་གནས་ཁང་ནས་སྤེལ་ཟིན་པའི་སྔོན་མའི་གནས་ཚུལ་ནང་། དར་རྒྱས་ལགས་ཀྱི་སྤུན་མཆེད་ཚེ་རིང་དང་བཙུན་མ་ཆོས་སྐྱིད་རྣམ་གཉིས་ཀྱང་གང་བྱུང་འཇུ་བཟུང་ཏེ་ཟླ་ཤས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་། དར་རྒྱས་ལགས་ཀྱི་གནས་སྟངས་གང་ཡང་གསལ་བཤད་བྱས་མེད།
དར་རྒྱས་ལགས་ནི་ལྷག་བསམ་རྣམ་དག་གི་སྒོ་ནས་ཆོས་ཁོ་ན་ཉམས་ལེན་བྱེད་པ་དང་། སྤྱི་ཚོགས་ལ་ཕན་བདེ་སྐྲུན་མཁན་གྱི་ཞབས་ཞུ་བ་ཞིག་ཡིན་པ་ཡོངས་གྲགས་རེད། ཁོང་གསེར་རྟ་དགོན་པའི་དགེ་འདུན་པ་ཞིག་ཡིན་པ་དང་ལོ་མང་ལྷ་སར་བསྡད་ནས་གནས་སྐོར་དང་སྒྲུབ་པ་ཉམས་ལེན། བླ་མ་དགེ་བཤེས་ཚོའི་དྲུང་ནས་བཀའ་ཆོས་གསན་བཞིན་བཞུགས་ཡོད། ཁོང་གིས་ལྷ་སར་སྐུ་གསུང་ཐུགས་རྟེན་ལ་གཟུང་བཞུགས་འབུལ་བ་མ་ཟད། མང་ཚོགས་ཀྱི་རེ་འདུན་སྐོང་ཆེད་གཟུང་བཞུགས་འབུལ་སའི་ཚོང་ཁང་ཆུང་ཆུང་ཞིག་ཀྱང་སྒོ་ཕྱེ་ཡོད།
ད་ལྟའི་གནས་སྟངས་ལ་བལྟས་ན། བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བོད་མི་མང་པོ་ཞིག་ཆོས་དད་མཚོན་པའི་བྱ་བ་བྱས་པའི་རྐྱེན་གྱིས་གང་བྱུང་འཇུ་བཟུང་དང་བཙོན་འཇུག་བྱས་པ་ཤ་སྟག་རེད། དེའི་ཁོངས་བཙན་བྱོལ་དུ་ཡོད་པའི་བླ་མ་ཚོར་དངུལ་དངོས་ཀྱི་འབུལ་བ་ཕུལ་བ་ལྟ་བུ་ཡང་ཚུད་ཡོད།
འདི་ག་ལྟེ་གནས་ཁང་ནས་དེ་ལྟ་བུའི་གནས་ཚུལ་མང་པོ་ཞིག་ཟིན་ཐོར་བཀོད་ཡོད། དཔེར་ན། ཕྱི་ལོ་ ༢༠༢༢ ལོར་ཀིརྟི་དགོན་པའི་དགེ་འདུན་པ་རྭ་ཆུང་དགེ་འདུན་དང་བསོད་ནམས་རྒྱ་མཚོ་རྣམ་གཉིས་ལ་ཁག་སོ་སོ་ལོ་གསུམ་དང་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་བྱས་ཡོད། ཁོང་རྣམ་གཉིས་ལ་དེ་ལྟ་བུའི་ཁྲིམས་ཐག་གཅོད་པའི་རྒྱུ་མཚན་ནི་ཁ་པར་བརྒྱུད་ནས་རྒྱ་གར་ནང་ཡོད་པའི་ཀིརྟི་རིན་པོ་ཆེ་དང་དགོན་པའི་དགེ་འདུན་པར་དངུལ་བསྐུར་བའི་རྐྱེན་གྱིས་ཉེས་འཛུགས་བྱས་ཡོད།
དེ་དང་འདྲ་བར་དགེ་འདུན་པ་བློ་བཟང་ཐབས་མཁས་ནས་བླ་མ་ཞིག་དགོངས་པ་རྫོགས་པའི་དབང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཀིརྟི་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་རྣམས་ཁྱོན་རྒྱ་སྒོར་ ༢༠༠༠ ཙམ་ཕུལ་བའི་དབང་གིས་ས་གནས་ཉེན་རྟོག་པས་བཀག་ཉར་དྲི་བརྩད་བྱས་ཡོད། དེ་ལྟ་བུའི་བྱ་སྤྱོད་ཀྱིས་བོད་མིའི་ཆོས་དད་རང་དབང་བཙན་འཕྲོགས་བྱེད་ཀྱི་ཡོད། བསྔོ་བ་སྨོན་ལམ་ནི་དད་མོས་མཚོན་བྱེད་དང་དགེ་སློབ་བར་གྱི་ཆོས་འབྲེལ་རྒྱུན་འཛིན་བྱེད་པའི་ཐབས་ལམ་ཞིག་ཀྱང་ཆགས་ཡོད། ལམ་སྲོལ་དེ་དག་ལ་བཀག་སྡོམ་བྱེད་བཞིན་པ་དེས་དད་ལྡན་མང་ཚོགས་ཚོའི་ཆོས་དད་རང་དབང་དང་ཆོས་འབྲེལ་རྒྱུན་འཁྱོངས་བྱ་རྒྱུའི་རང་དབང་འཕྲོག་བཞིན་ཡོད།
རྒྱ་ནག་གཞུང་གིས་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུའི་དམིགས་འབེན་གཙོ་བོ་དེ་ཆོས་ལུགས་ཐོག་གཞི་བཅོལ་ཡོད་ཅིང་།༸གོང་ས་མཆོག་ལ་དད་པའི་རྣམ་འགྱུར་བསྟན་ཚེ་རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློག་པའི་ནག་ཉེས་དང་ངོས་འཛིན་གཅིག་མཚུངས་བྱེད་ཀྱི་ཡོད། བྱ་ཐབས་འདི་དག་གིས་ཆོས་དད་རང་དབང་ལ་བཀག་རྒྱ་བཟོས་ཏེ་། བོད་མི་ཚོས་འཇིགས་སྣང་མེད་པའི་ཐོག་ནས་དད་པ་ཉམས་ལེན་བྱ་རྒྱུར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད།




