རྒྱ་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འཕེལ་ཟེར་བའི་ཁྲིམས་ཡིག་དེས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་དང་རྒྱ་མི་རིགས་ཀྱི་ངོ་བོ་གཙོ་བོར་འཛིན་པའི་སྲིད་ཇུས་ལ་ཁྲིམས་ཐོག་ནས་གཞི་འཛིན་ས་བཟོས་ཡོད་སྟབས། དེས་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ལམ་སྲོལ་ལ་སེམས་འཚབ་གསར་པ་བཟོས་ཡོད།
ཁྲིམས་ཡིག་གསར་པ་དེ་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་ཐོག་གཏན་འབེབས་བྱས་པ་དང་། ཟླ་བ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུའི་ཐག་གཅོད་བྱས་ཡོད། ཁྲིམས་ཡིག་དེའི་ནང་རིམ་ཁག་སློབ་གྲྭ་དང་ཤེས་ཡོན་ཁྱབ་ཁོངས་ནང་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་དེ་སློབ་འཁྲིད་ཀྱི་རྩ་འཛིན་དུ་གཏན་འཁེལ་བྱས་པ་མ་ཟད། སློབ་གྲྭ་ཁག་གི་ཤེས་ཡོན་སློབ་གསོའི་ལམ་སྲོལ་ནང་རྒྱ་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་གཅིག་གྱུར་གྱི་སློབ་དེབ་བེད་སྤྱོད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ཁྲིམས་ཡིག་དེས་བོད་དང་གྲངས་ཉུང་མི་རིགས་གཞན་དག་གི་ཁྲོད་དུ་ཤེས་ཡོན་ནི་རྒྱལ་ཁབ་གཅིག་གྱུར་གྱི་ངོ་བོ་སྲ་བརྟན་དུ་གཏོང་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་བཟོས་ཡོད།
དོན་ཚན་བཅོ་ལྔའི་ནང་སློབ་གྲྭ་ཚང་མས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་དེ་སློབ་གསོ་སློབ་འཁྲིད་ཀྱི་གཙོ་བོར་འཇོག་དགོས་པ་དང་། དེ་བཞིན་བུ་བཅོལ་ཁང་གི་བྱིས་པ་ཚོས་ཀྱང་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་སློབ་སྦྱོང་དང་། འོས་འགན་སློབ་གསོའི་འགྲིམས་པའི་སློབ་མ་ཚོས་གཞི་རྩའི་ཆ་ནས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་རང་རྐྱ་འཕེལ་དགོས་པའི་གཏན་འབེབས་བྱས་ཡོད།
དོན་ཚན་བཅུ་དྲུག་ནང་སློབ་གྲྭ་དང་ཤེས་ཡོན་སྡེ་ཚན་གྱིས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་མི་རིགས་མཉམ་འདྲེས་ཀྱི་འདུ་ཤེས་སྐྲུན་དགོས་པ་དང་། དེ་ཡང་འཛིན་གྲྭའི་ནང་གི་སློབ་ཁྲིད་དང་། སྤྱི་ཚོགས་ཀྱི་ལག་ལེན། དེ་བཞིན་གཙོ་གནད་སློབ་གསོ་དང་དྲ་ཐོག་སློབ་གསོ། དེའི་ནང་ད་དུང་རྒྱལ་ཁབ་གཅིག་གྱུར་གྱི་སློབ་དེབ་བེད་སྤྱོད་བྱ་རྒྱུ་བཅས་ཚུད་ཡོད། སློབ་གསོའི་ལས་ཁུངས་ཀྱིས་སློབ་དེབ་རྩོམ་སྒྲིག་དང་ཞིབ་བཤེར་གྱི་འགན་འཁྲི་འཁུར་དགོས་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐྲུན་རྒྱུའི་སློབ་གཞི་རྩོམ་སྒྲིག་དགོས་པའི་ནན་བརྗོད་བྱས་ཡོད། དེར་བརྟེན། ཁྲིམས་ཡིག་དེ་ནི་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ཁྱབ་གདལ་གཏོང་རྒྱུའི་ས་མཚམས་ལས་བརྒལ་ཏེ། སྐད་ཡིག་དང་། སློབ་ཚན། རྒྱལ་ཁབ་ཀྱི་ངོ་བོ་བཅས་ཤེས་ཡོན་གྱི་ཁྲིམས་ཡིག་ནང་བཅུག་ཡོད། བོད་ནང་དུ་འབྲེལ་ཡོད་ལས་ཁུངས་ཁག་གིས་གཏན་འབེབས་དེ་དག་དང་འབྲེལ་བའི་ཤེས་ཡོན་གྱི་ལས་འགུལ་སྤེལ་འགོ་ཚུགས་ཡོད། དེ་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་གསར་འགྱུར་གཞུང་ལས་ཁང་ཟེར་བས་གསར་འགོད་ལྷན་ཚོགས་སྐོང་འཚོགས་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་སློབ་གསོའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ལི་ཇེ་ཡིས་རྒྱ་ནག་ལ་དགའ་ཞེན་གྱི་ས་བོན་འདེབས་པའི་ལས་འགུལ་གཏིང་ཟབ་སྤེལ་རྒྱུ་ཡིན་པའི་ནན་བརྗོད་བྱས་ཡོད།

དབང་འཛིན་པ་ཚོས་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་ཚན་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། ཐ་ན་བུ་བཅོལ་ཁང་ནང་དུའང་ཁྱབ་གདལ་གཏོང་རྒྱུའི་ཐག་གཅོད་བྱས་ཡོད། ལི་ཡིས་ད་དུང་མི་རིགས་ཁག་གི་དགེ་སློབ་བར་ཕན་ཚུན་མཉམ་འདྲེས་དང་མཉམ་འདུས་ཀྱི་བྱེད་སྒོ་སྤེལ་དགོས་པ་དང་། རྒྱལ་ཁབ་གཅིག་གྱུར་གྱི་ངོ་བོ་དང་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལ་ཤུགས་སྣོན་། སློབ་དེབ་གསར་རྩོམ་དང་སློབ་གྲྭ་ཁག་ཏུ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས་པའི་ནན་བརྗོད་བྱས་ཡོད།
བྱིས་པའི་སློབ་དེབ་གསར་པ།
ཟླ་ ༨ ཚེས་ ༡༢ ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་འབྲེལ་ཡོད་དབང་འཛིན་པས། སྔོན་འགྲོ་ནས་སློབ་གྲྭ་ཆེན་མོ་བར་གྱི་རིམ་པ་ཁག་གི་སློབ་གྲྭར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐོར་གྱི་སློབ་དེབ་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། སློབ་དེབ་དེ་དག་གི་ཁོངས་སུ་སྔོན་འགྲོའི་སློབ་གྲྭའི་ནང་ <<ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་>> ཟེར་བ་དང་།སློབ་ཆུང་གི་སྐབས་ <<ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོ།>> ཟེར་བ། སློབ་འབྲིང་སྐབས་ <<ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོ།>> ཟེར་བ། དེ་བཞིན་སློབ་གྲྭ་ཆེན་མོའི་སྐབས་<<ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཞུང་ལུགས་>>ཟེར་བ་བཅས་གཏན་འབེབས་བྱེད་དགོས་པའི་ཐག་གཅོད་བྱས་ཡོད།
ཆུང་དུས་ནས་རྒྱལ་ཁབ་ཀྱི་ངོ་བོར་ངོས་འཛིན་བྱེད་དུ་འཇུག་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་ངོས་འཛིན་བྱས་ཡོད། སྔོན་འགྲོའི་སློབ་གྲྭའི་དུས་རིམ་ནང་བརྗོད་གཞི་དེ་དག་སློབ་དེབ་ནང་བཅུག་ཡོད་ཅིང། བོད་དུ་ཆ་མཚོན་ན་རྒྱ་མི་རིགས་ངོ་བོར་ངོས་འཛིན་བྱེད་པའི་གོ་རྟོགས་ཀྱི་ལས་འགུལ་དེ་དག་སྔ་ས་ནས་བོད་ཕྲུག་ཚོའི་སློབ་གསོའི་ནང་བཅུག་ཟིན།
བོད་ཡིག་སློབ་དེབ་བསྐྱར་བཅོས།
ཁྲིམས་ཡིག་གསར་པ་ལག་བསྟར་བྱེད་བཞིན་པའི་སྐབས་འདིར་བོད་ཡིག་སློབ་གསོར་འགྱུར་བ་འགྲོ་བཞིན་པའི་གནས་ཚུལ་ཐོན་བཞིན་ཡོད་པ་དང་། ཁྲིམས་ཡིག་དེ་དངོས་སུ་ལག་བསྟར་བྱས་ཏེ་བདུན་ཕྲག་གཉིས་ཙམ་སོང་རྗེས་ཀྱི་ཟླ་ ༧ ཚེས་ ༡༥ ཉིན་གཞིས་བཞུགས་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་པར་གཞིགས་ན། མཚོ་སྔོན་དང། ཟི་ཁྲོན་། ཀན་སུའུ་ཞིང་ཆེན་བཅས་ཀྱི་ནང་བོད་ཡིག་སློབ་དེབ་གསར་པ་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། སློབ་དེབ་དེ་དག་གི་ནང་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་དང་བརྩམས་ཆོས་རྣམས་ཕྱིར་འཐེན་བྱས་ཡོད།
དེའི་ནང་<<སྙན་ངག་མེ་ལོང་>>དང་། <<ཆུ་ཤིང་བསྟན་བཅོས།>> གུང་ཐང་བསྟན་པའི་སྒྲོན་མེས་བརྩམས་པའི་ <<ཉམས་མྱོང་རྒན་པོའི་འབེལ་གཏམ་>> སོགས་བོད་ཀྱི་རིག་གཞུང་གི་བརྩམས་ཆོས་མང་པོ་ཕྱིར་འཐེན་བྱས་ཡོད་འདུག
གནས་ཚུལ་འགྲེལ་བརྗོད་པས་གསུངས་དོན། སློབ་དེབ་གསར་པ་དེ་དག་གི་ནང་བོད་རང་གི་རིག་གཞུང་གི་ནང་དོན་མེད་པའམ་ཧ་ཅང་ཉུང་ཉུང་ཡིན་པར་བརྟེན་བོད་ཕྲུག་ཚོས་སོ་སོའི་མི་རིགས་ཀྱི་རིག་གཞུང་ལ་རྒྱུུས་ལོན་དང་གོ་རྟོགས་ཧ་ཅང་ཞན་པོ་ཆག་རྒྱུའི་སེམས་ཁྲལ་བྱེད་བཞིན་ཡོད།
འདི་ག་ལྟེ་གནས་ཁང་ནས་འབྱུང་ཁུངས་གཅིག་མཚུངས་བརྒྱུད་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན། སློབ་དེབ་གསར་པ་དེ་ཕྱི་ལོ་ ༢༠༢༦ ལོར་བཟོས་ནས་སློབ་གྲྭ་ཁག་དུ་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་སློབ་དེབ་རྙིང་པ་དེ་དག་ཕྱིར་བསྡུ་བྱས་ཡོད། བྱིས་པ་རྣམས་དངོས་གཞིའི་སློབ་གྲྭར་མ་ཕྱིན་གོང་སྔོན་ལ་བུ་བཅོལ་ཁང་དུ་འགྲོ་དགོས་པ་དང་། བུ་བཅོལ་ཁང་དུའང་རྒྱ་སྐད་རྒྱ་ཡིག་གཙོ་བོར་བྱས་ཏེ་སློབ་ཁྲིད་བྱེད་ཀྱི་ཡོད་པར་བརྟེན་། བོད་སྐད་དང་བོད་ཡིག་གོ་སྐབས་ཧ་ཅང་ཉུང་ཉུང་ལས་མེད། གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན། ཕྲུ་གུ་འགའ་ཤས་ཕ་མ་གཉིས་ཀ་བོད་རིགས་ཡིན་ནའང་རིམ་པས་ཕྲུ་གུས་བོད་སྐད་ཤོད་རྒྱུའི་ནུས་པ་ཉམས་བཞིན་འདུག་ཅེས་བརྗོད་ཡོད།
རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ལ་ཤུགས་སྣོན་དང་བོད་ཡིག་གི་གནས་བབ་ཉམས་རྒུད་སོང་བ། བོད་ཡིག་གི་སློབ་དེབ་ལ་འགྱུར་བ་བཏང་བ་བཅས་རྒྱུ་རྐྱེན་མང་པོར་བརྟེན་ནས་བོད་ཡིག་དེ་ཡང་སློབ་གསོའི་ལམ་ལུགས་ནང་ཉམས་རྒྱུད་འགྲོ་མགྱོགས་པ་དང་། མི་རབས་གསར་པ་རྣམས་ལ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རིག་གཞུང་བརྒྱུད་སྤྲོད་བྱེད་པར་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད།
གཞི་རྒྱ་ཆེ་བའི་ཁྲིམས་ཡིག་དྲིལ་བསྒྲགས།
ཟླ་ ༨ ཚེས་ ༡༢ ཉིན་ཁྱབ་བསྒྲགས་བྱས་པའི་སློབ་གསོའི་བྱ་ཐབས་དེ་ནི་བོད་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་ཡིག་ལག་བསྟར་བྱེད་པའི་གཞི་རྒྱ་ཆེ་བའི་ལས་འགུལ་གྱི་ཆ་ཤས་ཅིག་རེད། ཟླ་སྔོན་མར་རྒྱ་གཞུང་གི་མཐོ་རིམ་འགོ་ཁྲིད་ཝང་ཧུའུ་ནིང་བོད་དུ་ཡོང་སྐབས་ཁྲིམས་ཡིག་གསར་པ་དེ་ཕྱོགས་ཡོངས་ནས་ལག་བསྟར་དང་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐྲུན་དགོས་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་སྲིད་ཇུས་ལག་བསྟར་དགོས་པའི་སྐུལ་མ་བཏང་ཡོད།
ཟླ་ ༨ ཚེས་ ༡༤ ཉིན་ལྷ་སར་དམར་ཤོག་ཚོགས་པའི་ཚོགས་མི་མ་ཡིན་པ་རྣམས་ལ་ཁྲིམས་ཡིག་གསར་པར་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བྱེད་ཕྱོགས་ཀྱི་དམིགས་བསལ་གྱི་ཚོགས་འདུ་སྐོང་འཚོགས་བྱས་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་མི་རིགས་མཐུན་བསྒྲིལ་ནི་རྒྱལ་ཁབ་མཐུན་གཅིག་གྱུར་གྱི་རྨང་གཞི་དང་། སྤྱི་ཚོགས་འཆམ་མཐུན་གྱི་རྩ་བ། འཕེལ་རྒྱས་ཡར་ཐོན་གྱི་འབྱུང་ཁུངས་ཡིན་པའི་ནན་བརྗོད་བྱས་ཡོད།
རྒྱལ་མཚན་ནོར་བུས་འགྲེལ་བརྗོད་བྱས་དོན། ཁྲིམས་ཡིག་དེ་ནི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་ཡིག་ཐོག་མ་དེ་ཡིན་པ་དང་། ཁྲིམས་ཡིག་འདིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་མི་རིགས་མཐུན་བསྒྲིལ་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཁྲིམས་ཐོག་ནས་འགན་ལེན་བྱས་ཡོད་ལུགས་བརྗོད་ཡོད།

བོད་རང་སྐྱོང་ལྗོངས་ཟེར་བའི་འབྲེལ་ཡོད་ཚན་པས་བརྗོད་དོན་ལྟར་ན། འདི་ལོའི་ཟླ་ ༣ པ་ནས་ད་བར་གཞུང་གི་ལས་ཁུངས་ཁག་དང་སྡེ་ཚན་ཁག་གིས་ཁྲིམས་ཡིག་གསར་པ་དྲིལ་བསྒྲགས་ཀྱི་ལས་འགུལ་ ༡༨༨༢ སྤེལ་ཡོད་པ་དང་མི་གྲངས་ ༢༥༨༠༠༠ ལྷག་ཙམ་ལ་སློབ་གསོ་བཏང་འདུག

གནས་ཚུལ་གྱི་འཕེལ་ཕྱོགས་ལས་མཐོང་ཐུབ་པར་། སློབ་གསོ་ནི་བོད་དུ་ཁྲིམས་ལུགས་གསར་པའི་སྒྲོམ་གཞི་ལག་བསྟར་བྱེད་པའི་གཙོ་གནད་ཡིན་པ་མ་ཟད། དེ་དང་ཕྱོགས་མཚུངས་གཞི་རྒྱ་ཆེ་བའི་ལས་འགུལ་འདི་དག་གི་དམིགས་ཡུལ་ནི་བོད་མི་ཡོངས་ལ་གཞུང་ཕྱོགས་ནས་གཏན་འབེབས་བྱས་པའི་རྒྱ་མི་རིགས་ཀྱི་ངོ་བོ་ཡིན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟེར་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ་དེ་རེད།
བོད་མི་ཚོས་སེམས་ཁྲལ་བྱེད་ས་གཙོ་བོ་ནི་སྲིད་ཇུས་དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་བོད་ཕྲུག་ཚོར་དངོས་གཞིའི་སློབ་གསོའི་ནང་བོད་ཀྱི་སྐད་ཡིག་དང་། རྩོམ་རིག རིག་གཞུང་བཅས་ཀྱི་གོ་སྐབས་ཉུང་དུ་འགྲོ་རྒྱུ་དང་། གཞུང་ཕྱོགས་ནས་གཏན་འབེབས་བྱས་པའི་རྒྱ་མི་རིགས་ཀྱི་ངོ་བོའི་འདུ་ཤེས་དང་ལེན་དགོས་པའི་གནོན་ཤུགས་ཆེ་རུ་འགྲོ་ངེས་རེད།
འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲིས་ནས་རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ཕྲུག་ཚོར་རང་གི་སྐད་ཡིག་དང་། ལོ་རྒྱུས། རྩོམ་རིག་དང་རིག་གཞུང་བཅས་ལ་སློབ་གཉེར་བྱེད་པའི་འགན་ལེན་དགོས་པ་མ་ཟད། བོད་རིགས་ཕ་མ་དང་སྤྱི་ཚོགས་ཡོངས་ནས་ཀྱང་སོ་སོའི་བུ་ཕྲུག་གི་སྐད་ཡིག་དང་། ཤེས་ཡོན། རིག་གཞུང་གི་ནང་དོན་ཐག་གཅོད་ནང་མཉམ་ཞུགས་བྱེད་དགོས་སྐོར་ནན་བརྗོད་བྱས་ཡོད།



