༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ།

0
འདི་ག་བོད་ཀྱི་འགྲོ་བ་མིིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་བོད་ཡིག་དང་། དབྱིན་ཇི། རྒྱ་ཡིག་བཅས་སྐད་ཡིག་གསུམ་གྱི་ཐོག་ནས་ཕྱི་ལོ་ ༢༠༢༥ ལོའི་ལོ་འཁོར་སྙན་ཐོ་འགྲེམས་སྤེལ་གྱི་གསར་འགོད་ལྷན་ཚོགས་སྐོང་འཚོགས་བྱས་པ་དང་། སྙན་ཐོའི་ནང་འདས་མ་ཐག་པའི་ཕྱི་ལོ་ ༢༠༢༥ ལོར་རྒྱ་གཞུང་གི་བཙན་གནོན་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་སོང་བའི་གནས་སྟངས་འགྲེལ་བརྗོད་བྱས་ཡོད།རྒྱ་གཞུང་གིས་ཆབ་སྲིད་དང་ལྟ་གྲུབ་ལ་བརྟེན་ནས་བཙན་གནོན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་དུས་འདིར་བོད་མིའི་ཆོས་དད་དང་། རིག་གཞུང། གཏམ་བརྗོད། ཞི་བའི་ངོ་རྒོལ་སོགས་ལ་དམ་དྲག་དང་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་འཛམ་གླིང་ཐོག་གནས་སྟངས་སྡུག་ཤོས་ཆགས་ཡོད་པ་དང་སྐར་གྲངས་ཀླད་ཀོར་ཐོག་གནས་ཡོད། ཞི་ཅིང་ཕིང་གིས་རྒྱུན་མཐུད་ནས་དབང་ཆ་བཟུང་བའི་འོག་རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་རྩ་མེད་བཟོ་བཞིན་པའི་གནས་སྟངས་འོག་ཁྲིམས་ལུགས་ཀྱི་སྟངས་འཛིན་དང་། ཆབ་སྲིད་ཀྱི་སློབ་གསོ་གཏོང་བ། ལྟ་ཞིབ་དམ་དྲག་ཆེ་རུ་གཏོང་བཞིན་ཡོད། ལོ་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་དང་རིས་མེད་དགོན་སྡེ་ཁག་གི་ཐོག་སྔར་ལས་ལྷག་པའི་དམ་དྲག་བྱས་ཡོད་པ་དང་། ཁྲིམས་ཡིག་གསར་པ་བཟོས་ནས་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་འཛིན་སྐྱོང་གི་ལས་དོན་མཐའ་དག་དམར་ཤོག་ཚོགས་པའི་ལྟ་སྤྱོད་དང་མཐུན་དགོས་པའི་གཏན་འབེབས་བྱས་ཡོད་པ་མ་ཟད།༸གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་གྱི་དུས་སྐབས་སུ་སྔར་ལས་ལྷག་པའི་དམ་དྲག་བྱེད་བཞིན་པ་དེས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་དང་ཆོས་ལུགས་ཐོག་དམ་དྲག་ཇི་ཙམ་ཡོད་མེད་གསལ་པོར་མཚོན་ཡོད། སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་ལ་ཁ་གཡར་ནས་ལྟ་སྲུང་དམ་དྲག་བྱེད་པ་མ་ཟད།༸གོང་མ་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་བྱེད་པའི་རྣམ་གང་རུང་ཞིག་ཀྱང་བསྟན་མི་ཆོག་པའི་གནས་སྟངས་ཆགས་ཡོད། བོད་ཀྱི་སྐད་ཡིག་གི་གནས་བབ་ཉམས་ཞན་དུ་བཏང་ཡོད་པ་དང་ཕྱོག་མཚུངས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ལ་ཁ་གཡར་ནས་ཚང་མས་རྒྱ་ཡིག་བེད་སྤྱོད་དང་སློབ་སྦྱོང་བྱེད་དགོས་པའི་ཁྲིམས་ལུགས་དང་ལམ་ལུགས་གཏན་འབེབས་བྱས་ཡོད་ཅིང་། ཐ་ན་གཞི་རིམ་བུ་བཅོལ་ཁང་གི་ནང་དུའང་བོད་ཡིག་སློབ་སྦྱོང་གི་གོ་སྐབས་ཉུང་དུ་བཏང་ཡོད།  དེ་ནི་བོད་ཀྱི་མི་རབས་གསར་པ་རྣམས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་པར་འགལ་རྐྱེན་བཟོ་བའི་འཐབ་ཇུས་ཅིག་རེད། བོད་ནང་གི་ཞི་བའི་ངོ་རྒོལ་གྱི་ཐོག་སྔར་བཞིན་དྲག་གནོན་བྱེད་བཞིན་ཡོད་པ་མ་ཟད། ཁོར་ཡུག་གཏོར་བཤིག་འགྲོ་གཞིའི་གཏེར་ཁ་སྡོག་འདོན་དང་རྨང་གཞིའི་འཛུགས་སྐྲུན་ལས་གཞིར་ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་དང།  ལྟ་ཞིབ། འཇིགས་སྐུལ་བྱེད་བཞིན་ཡོད་པ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ལ་ཉེས་ཆད་མཉམ་འགེལ་གྱི་དཀའ་ངལ་ཆེན་པོའི་འོག་གནས་ཡོད། གལ་ཆེ་བའི་གནད་དོན་གཞན་ཞིག་ནི་བོད་ཀྱི་ཆོས་ལུགས་གྲགས་ཅན་མི་སྣ་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་ཝུའི་ཏི་ནམ་དུ་དགོངས་པ་རྫོགས་པའི་གནད་དོན་དེ་ཆགས་ཡོད། ཁོང་རྒྱ་ནག་གཞུང་དང་ཝུའི་ཏི་ནམ་གཞུང་མཉམ་འབྲེལ་གྱི་ཐོག་ནས་འཇུ་བཟུང་བྱས་ཡོད། གནད་དོན་དེའི་ཐོག་ནས་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་བཙན་གནོན་ཇེ་ཆེར་གཏོང་བཞིན་ཡོད་པ་གསལ་པོར་མཚོན་ཡོད་ལ། དེས་བཙན་བྱོལ་ནང་ཡོད་པའི་བོད་པའི་ཆོས་ལུགས་མི་སྣ་དང་ལས་འགུལ་བ་ཚོར་སྔར་ལས་ལྷག་པའི་ཉེན་ཁ་དང་སེམས་འཚབ་བཟོས་ཡོད། འདི་ལོའི་ལོ་འཁོར་སྙན་ཐོ་འདིས། ད་ལྟའི་སྐབས་བོད་ས་ཡོངས་རྫོགས་དམ་དྲག་འོག་གནས་པའི་ཚད་གཞི་འདི་ཆབ་སྲིད་ཀྱི་བཙན་གནོན་གཅིག་ཡིན་པ་མ་ཟད།ལམ་ལུགས་ཅན་གྱི་མ་ལག་ཅིག་ཆགས་ཀྱང་ཡོད་པ་དང་། དེ་ནི་དད་མོས་དང་།  སྐད་ཡིག ཤེས་ཡོན་། ཐ་ན་མི་སྒེར་གྱི་རང་དབང་སོགས་བོད་མིའི་འཚོ་བའི་ཕྱོགས་ཡོངས་ལ་ཁྱབ་ཡོད། བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཀྱི་ཆེད་དུ་རང་དབང་ཅན་གྱི་ཞིབ་འཇུག་པ་དང་གསར་འགོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མཁས་པ་བཅས་བཀག་སྡོམ་མེད་པར་རང་དབང་གི་ཐོག་ནས་འགྲོ་བསྐྱོད་བྱེད་དུ་འཇུག་དགོས་པ་མ་ཟད།  རྒྱལ་སྤྱིའི་སྤྱི་ཚོགས་ནས་འགན་འཁུར་ཡོད་པའི་ཐོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་དུ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགན་འཁུར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ལོ་འཁོར་སྙན་ཐོ་འཚོལ་ཞིབ་བྱེད་རོགས།

སྤྱི་ལོ་༢༠༢༤ལོའི་ལོ་འཁོར་སྙན་ཐོ།

0
འདས་མ་ཐག་པའི་ཕྱི་ལོ་ ༢༠༢༤ ལོར་རྒྱ་གཞུང་དབང་འཛིན་པས་རྒྱ་རིགས་ཅན་དུ་སྒྱུར་བར་ཤུགས་སྣོན་དང། གཞི་རྩའི་རང་དབང་བཙན་འཕྲོག་དང་བཙན་ཤེད་ཀྱིས་ཡུལ་སྤོའི་སྲིད་ཇུས་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད། ལོ་དེའི་ནང་མངོན་གསལ་དོད་ཤོས་ནི་རིས་མེད་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ལ་བཙན་གནོན་བྱེད་ཤུགས་ཆེ་རུ་སོང་བ་དང་། གང་བྱུང་འཇུ་བཟུང་བཀག་ཉར་། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་བོད་མི་བཙན་བྱོལ་བ་ཚོར་རྒྱལ་འཚམས་བརྒལ་བའི་བཙན་གནོན་ཕོག་ཡོད། བོད་ཀྱི་ཆོས་སྡེ་ཁག་ལ་རྒྱལ་ཁབ་ནས་སྟངས་འཛིན་དང་ལྟ་སྲུང།  བཙན་ཤེད་ཀྱིས་སྒོ་རྒྱག་པ་དང་གཏོར་བཤིག་བཏང་བ།  ལོ་གསར་དང་ས་ག་ཟླ་བ་སོགས་ཆོས་འབྲེལ་དུས་ཆེན་ཁག་ལ་བཀག་སྡོམ་རྒྱ་བསྐྱེད་། སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་མཚོན་རྟགས་ལའང་དམ་དྲག་བྱེད་ཀྱི་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནང་བསྟན་མཐུན་ཚོགས་སོགས་བརྒྱུད་ནས་བོད་རྒྱུད་ནང་བསྟན་དང་དམར་ཤོག་ཚོགས་པའི་འདུ་ཤེས་འཛིན་སྟངས་མཉམ་གནས་ཡོང་རྒྱུར་མུ་མཐུད་ནས་འབད་རྩོན་བྱེད་བཞིན་པ་དང་། ༸གོང་ས་མཆོག་གི་སྐུ་པར་སོགས་ཆོས་དང་རིག་གཞུང་གི་མཚོན་རྟགས་ཉར་ཚགས་བྱས་པ་ཙམ་གྱིས་གང་བྱུང་བཀག་ཉར་དང་གར་སོང་ཆ་མེད་དུ་གྱར་བཞིན་ཡོད། TCHRD Final report (1)Download

ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་ཞུས།

0
 བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་གསར་འགོད་གསལ་བསྒྲགས་བྱས་ཏེ་སྔ་ལོ་ ༢༠༢༣ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་མཛད་སྒོ་སྤེལ།      ཕྱི་ལོ་ ༢༠༢༣ ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་རིམས་ནད་ཀླད་ཀོར་གྱི་སྲིད་ཇུས་ཟེར་བ་མཚམས་འཇོག་བྱས་ཀྱང་བོད་ནང་དུ་མུ་མཐུད་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བཀག་བསྡོམས་སྔར་ལྷག་བྱས་ཐོག་གཞིས་བྱེས་བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དུ་རིག་གཞུང་བཙན་བསྒྱུར་གྱི་ལས་གཞི་སྤེལ་བཞིན་པ་མཚམས་འཇོག་དགོས་པའི་དགོས་འདུན་ལན་མང་བཏོན་པ་ལ་ཉན་འཇོག་མ་བྱས་པར་མུ་མཐུད་བོད་ནང་དུ་རྒྱ་བསྒྱུར་གྱི་སློབ་གསོའི་ལམ་ལུགས་སྤེལ་ཤུགས་ཇེ་ཆེར་བཏང་ནས་མི་རིགས་རྒྱ་བསྒྱུར་དང་རིག་གཞུང་བཙན་བསྒྱུར་གྱི་ལས་འགུལ་མངོན་གསལ་དོད་པོར་སྤེལ་བཞིན་འདུག    ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས། ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་དང་ཁྲིམས་དོན་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་བརྒྱུད་ལོ་འཁོར་སྙན་ཐོ་འདོན་སྤེལ་ཞུ་བཞིན་པའི་འདྲ་པར། རྒྱ་གཞུང་གིས་སྤྱི་ཚོགས་བརྟན་རླིང་དང་དྲྭ་ལམ་གྱི་བདེ་འཇགས་སོགས་ཀྱི་མིང་ཐོག་ནས་བོད་མི་ཚོའི་འདུ་འཛོམས་རང་དབང་ལ་མུ་མཐུད་བཀག་བསྡོམས་ཆེས་ཆེར་བྱེད་པ་ཙམ་མིན་པར་དྲང་བདེན་མ་ཡིན་པའི་སྲིད་ཇུས་ལག་བསྟར་བྱེད་པར་དྲྭ་ལམ་དང་ཡུལ་དངོས་གཉིས་ནས་བསམ་ཚུལ་བཤད་མཁན་དང་སྐྱོན་བརྗོད་བྱེད་མཁན་གྱི་བོད་མི་ཚོ་འཇུ་བཟུང་མནར་གཅོད་དང་བཙོན་འཇུག་ཁྲིམས་ཆད་སོགས་བྱས་དང་བྱེད་མུས་རེད།     དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དོ་དམ་བྱེད་ཐབས་ཀྱི་སྒྲིག་ཁྲིམས་གསར་པ་སོགས་བཟོས་ནས་ཆོས་ཕྱོགས་ཀྱི་ལས་དོན་མཐའ་དག་རྒྱ་གཞུང་རང་གི་དོ་དམ་འོག་བཅུག་སྟེ་བོད་མི་རྣམས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་སྔར་ལྷག་རྡོག་རོལ་ཚབས་ཆེན་གཏོང་བཞིན་འདུག་ལ་གྲྭ་བཙུན་གྱི་གྲངས་ཀར་མུ་མཐུད་ཚོད་འཛིན་ནན་པོ་བཟོས་ཤིང་བླ་མའི་ཆོས་ཁྲིད་དང་ཆོས་ཕྱོགས་ཀྱི་དུས་ཆེན་སྲུང་བརྩི་བྱེད་པར་འགོག་རྐྱེན་སྣ་མང་བཟོ་བཞིན་འདུག     སྔར་རྒྱུན་ལྟར་བཀག་ཉར་འོག་ཏུ་ཚུད་པའི་བོད་མི་རྣམས་ལ་དྲང་བདེན་ཁྲིམས་བཤེར་གྱི་ཐོབ་ཐང་མི་སྤྲོད་པ་དང་། རང་དབང་ལྡན་པའི་ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་མི་སྤྲོད་པ། ཁྲིམས་འགལ་ཐོག་དུས་ཡུན་རིང་པོར་གསང་བའི་བཀག་ཉར་བྱས་ཏེ་རྡུང་སྦྱོང་མནར་གཅོད་ཀྱི་སྒོ་ནས་ཉེས་མེད་ཉེས་འགེལ་བྱས་མཐར་བཙོན་འཇུག་ཁྲིམས་ཆད་ལྕི་མོ་གཅོད་བཞིན་པའི་གནས་ཚུལ་མུ་མཐུད་འབྱུང་བཞིན་འདུག་ཅིང་དེའི་རྐྱེན་གྱིས་བོད་མི་མི་ཉུང་བ་ཞིག་བཙོན་འོག་ཏུ་ཚེ་སྲོག་ཤོར་བ་དང་ཡང་མང་པོ་ཞིག་བཀག་ཉར་འོག་གི་མནར་གཅོད་ཀྱི་རྐྱེན་པས་གློད་གྲོལ་ཐོབ་པའི་རྗེས་སུ་རིམ་བཞིན་ལུས་ཕུང་ཇེ་ཞན་དུ་སོང་ནས་སྐུ་གྲོངས་བའི་གནས་ཚུལ་ཡང་མུ་མཐུད་འབྱུང་བཞིན་འདུག     རྒྱ་གཞུང་གིས་བོད་ནང་དུ་དེ་ལྟར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་སྐྱོན་བརྗོད་དང་འབོད་སྐུལ་གང་འཚམ་བྱས་ཡོད་ཀྱང་ད་བར་ཕན་འབྲས་ཆེན་པོ་ཐོན་མེད་པ་མ་ཟད་ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་བདམས་ཐོན་བྱུང་བ་དེས་རྒྱ་ནག་གིས་དཔལ་འབྱོར་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་མཁན་གྱི་སྒྲིག་འཛུགས་ཁག་གི་ནུས་པ་ཉམས་དམས་སུ་གཏོང་ཐབས་བྱེད་པར་དོན་འབྲས་སྨིན་བཞིན་པ་མཚོན་ཡོད།     ཛ་དྲག་ཆེ་བའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་རྒྱུ་ནི་སྐབས་འབབ་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་ཡིན་པ་མ་ཟད་བོད་མི་རིགས་ཀྱི་འཚོ་གནས་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་རྒྱུན་གནས་ལ་ཐད་ཀར་འབྲེལ་བ་ཡོད་པས་རྒྱ་ནང་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཆིངས་དང་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ཀྱིས་བསྐུལ་བའི་ལས་འགན་དག་ཚུལ་བཞིན་བསྒྲུབས་ཏེ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་ནན་པོ་བྱ་དགོས།  བོད་སྐད་ཐོག་ལོ་འཁོར་སྙན་ཐོ་ཀློག དབྱིན་སྐད་ཐོག་ལོ་འཁོར་སྙན་ཐོ་ཀློག རྒྱ་སྐད་ཐོག་ལོ་འཁོར་སྙན་ཐོ་ཀློག

ལོ་འཁོར་སྙན་ཐོ་འདོན་སྤེལ།: ཕྱི་ལོ་ ༢༠༢༢ ལོ་ནི་ཉེ་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་སྐབས་ཤིག་ཡིན།

0
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདོན་སྤེལ་ཞུས་པའི་ལོ་འཁོར་སྙན་ཐོ་ལྟར་ན་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་རིམས་ནད་གཙང་དག་གི་སྲིད་ཇུས་ཟེར་བ་ལག་བསྟར་གྱིས་སྔར་ལས་ལྷག་པའི་དམ་དྲག་ཚོད་མེད་བྱས་ཏེ་བོད་མི་གཙོས་རྒྱ་ནག་གི་དབང་འོག་ཏུ་གནས་པའི་མི་མང་ས་ཡ་མང་པོར་དཀའ་སྡུག་ཚད་མེད་སྤྲད་པ་སོགས་ལ་བརྟེན་ནས་ལོ་དེ་ནི་ཉེ་བའི་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་ཚོད་ཅིག་ཡིན་པ་གསལ་འདོན་བྱས་འདུག ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ཀྱིས་བརྗོད་རྒྱུར་“བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་རྒྱ་གཞུང་གིས་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་ས་ཡ་དུ་མའི་རིགས་རྫས་DNA འདོད་མོས་ཡོད་མེད་ལ་མ་བལྟོས་པར་བཙན་གྱིས་བསྡུ་ལེན་བྱས་ཡོད་པའི་གནས་ཚུལ་གསལ་རྟོགས་བྱུང་ཡོད། རིགས་རྫས་ཕོན་ཆེན་བསྡུ་ལེན་བྱེད་པ་དེ་ནི་དུས་རྒྱུན་དྲྭ་ཐོག་ཏུ་སོ་ཉུལ་བྱེད་པ་དང་ས་ཆ་གང་སར་གློག་མིག་བཙུགས་པ། ཁང་ཁྱིམ་དང་འགག་སྒོ་སོགས་ནས་བསྔོག་བཤེར་བྱེད་པ་བཅས་ཀྱི་ལམ་ནས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ཡོད་ཚད་རྒྱ་གཞུང་གི་དོ་དམ་འོག་བཅུག་ཐབས་བྱེད་པ་དང་རྒྱ་གཞུང་ངན་ཇུས་ཐེར་འདོན་བྱེད་མཁན་གྱི་བོད་མི་ཚོར་སྔར་ལས་ལྷག་པའི་དྲག་གནོན་བྱ་བར་དམིགས་ནས་བཙུགས་པའི་དམ་དྲག་བྱེད་ཐབས་དེ་ཡི་ཆ་ཤས་གསར་པ་ཞིག་རེད་”ཅེས་འགྲེལ་བརྗོད་གནང་བྱུང་།  དེ་བཞིན་རྒྱ་གཞུང་གིས་རང་དབང་ལུང་པ་སོགས་རྒྱལ་ཁབ་གཞན་དུ་གནས་པའི་བོད་མི་རྣམས་ཀྱི་བྱ་སྤྱོད་ལ་སྟངས་འཛིན་བྱ་བར་དམིགས་ནས་ལོ་མང་རིང་རྒྱུན་སྐྱོང་བྱས་པའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་གྱི་ལས་འགུལ་དེའི་འོག་ནས་དམར་ཤོག་ཚོའི་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཐེར་འདོན་བྱེད་མཁན་གྱི་བཙན་བྱོལ་བོད་མི་ལས་འགུལ་བ་མང་དག་ཅིག་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་དུ་ཕ་མ་དང་ཉེ་འབྲེལ་ཡོད་མཁན་ཚོར་དངོས་ཤུགས་བརྒྱུད་གསུམ་གྱི་ལམ་ནས་དམ་དྲག་བྱེད་ཐབས་བྱེད་བཞིན་འདུག   བོད་ནང་གི་ཛ་དྲག་གནས་ཚུལ་རྒྱུས་ལོན་ཐུབ་མཁན་ཡག་ཤོས་ཤིག་ནི་བཙན་བྱོལ་དུ་གནས་པའི་བོད་མི་ཚོ་ཡིན་པར་བརྟེན་བོད་ནང་གི་དངོས་ཡོད་གནས་སྟངས་ཕྱིར་བསྒྲགས་མི་འགྲོ་བའི་ཆེད་དུ་རྒྱ་ནག་གཞུང་གིས་གཞིས་བྱེས་བོད་མིའི་བར་གྱི་འབྲེལ་ལམ་གཅོད་པར་འབད་བརྩོན་སྣ་ཚོགས་བྱེད་བཞིན་འདུག  རྒྱ་གཞུང་གིས་བོད་ནང་དུ་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་རྒྱར་བསྐྱེད་བྱས་པར་བརྒྱུད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་ལའང་རྩིས་མེད་རྡོག་རོལ་ཆེས་ཆེར་བཏང་ཡོད། བོད་ནང་གི་ཤེས་ཡོན་གྱི་ལམ་ལུགས་ཡོངས་རྫོགས་རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་བཅུག་པ་དང་། སློབ་གྲྭ་ཁག་གི་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར་བ། བོད་ཀྱི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱག་པ་དང་ལ་ལ་ཐད་ཀར་གཞུང་གི་སྟངས་འཛིན་འོག་ཏུ་བཅུག་པ་སོགས་བྱས་ཏེ་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སོགས་ལ་རྡོག་རོལ་སྔར་ལས་ལྷག་པའི་བཏང་འདུག  གཞན་ཡང་རྒྱ་གཞུང་གིས་གསར་དུ་གཏན་འབེབས་དང་ལག་བསྟར་བྱས་པའི་ཆོས་ལུགས་དང་འབྲེལ་བའི་སྒྲིག་གཞི་གསར་པས་དྲྭ་ལམ་གྱི་ཆོས་ལུས་ལས་དོན་སྤེལ་བར་གཞུང་གི་ཆོག་མཆན་དགོས་པ་དང་ཆོག་མཆན་མ་ཐོབ་པ་ཡིན་ན་ཁྲིམས་འགལ་དུ་འགྱུར་བའི་ཚད་བཀག་བཟོས་ཏེ་ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་འཆད་ཁྲིད་ཀྱི་སྨྲ་བརྗོད་རང་དབང་ལ་སྔར་ལས་ལྷག་པའི་རྡོག་རོལ་བཏང་བའི་གནས་ཚུལ་གསལ་འདོན་བྱུང་འདུག  བོད་མི་མང་པོར་རང་གི་ཆོས་ལུགས་ཉམས་ལེན་ཚུལ་བཞིན་བྱ་རྒྱའི་ཐོབ་ཐང་མི་སྤྲོད་པ་དང་བོད་ཀྱི་ཤེས་ལྡན་མི་སྣར་ཉེས་མིང་འདྲ་མིན་བཀལ་ནས་བཙོན་འཇུག་ཁྲིམས་ཆད་ཤིན་ཏུ་ལྕི་མོ་གཏོང་བཞིན་འདུག རྒྱའི་བཀག་ཉར་ཁང་དང་བཙོན་ཁང་སོགས་སུ་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་རྡུང་རྡེག་མནར་གཅོད་དྲག་པོ་བཏང་བའི་རྐྱེན་གྱིས་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་མི་ཉུང་བ་ཞིག་བྱུང་འདུག་ཅིང་འཇུ་བཟུང་བཀག་ཉར་འོག་ཏུ་ལུས་མཁན་ཚོར་དྲང་བདེན་གྱི་ཁྲིམས་བཤེར་སོགས་བཙོན་པའི་གཞི་རྩའི་ཐོབ་ཐང་དག་ཀྱང་རག་གི་མེད་པའི་གནད་དོན་མུ་མཐུད་དུ་བྱུང་དང་འབྱུང་མུས་རེད།  བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ཡོངས་ནས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པར་བརྟེན་ཕྱི་ལོ་ ༢༠༢༢ ལོར་སླར་ཡང་བོད་མི་གསུམ་གྱིས་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་ཉེ་བའི་མཚམས་སུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག བོད་ནང་དུ་སྨྲ་བརྗོད་རང་དབང་དང་ཞི་བའི་ངོ་རྒོལ་བྱ་རྒྱའི་ཁོར་ཡུག་ཅིག་རྩ་ནས་མེད་པར་བརྟེན་རང་ལུས་མེར་སྲེག་གི་ལམ་ནས་ངོ་རྒོལ་བྱས་ཏེ་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཐེར་འདོན་བྱ་རྒྱུ་ནི་བོད་མི་ཚོ་འུ་ཐུག་ཐབས་ཟད་དུ་གྱུར་བའི་གདམ་ཁ་ཉག་ཅིག་ཏུ་གྱུར་ཡོད།  ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་བརྗོད་རྒྱུར་“རྒྱ་ནག་གིས་རྟག་ཏུ་རང་ཉིད་འཛམ་གླིང་གི་སྣེ་འདྲེན་རྒྱལ་ཁབ་ཅིག་ཡིན་པའི་སྤོབས་པ་བྱེད་ཀྱི་ཡོད་མོད། འོན་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནད་དོན་འདི་མ་སེལ་བར་དུ་རྒྱ་ནག་ནམ་ཡང་རྒྱལ་སྤྱིའི་སྣེ་འདྲེན་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་མེད། དེར་བརྟེན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཆིངས་ཁག་གིས་བཅོལ་བའི་འོས་འགན་ལྟར་བོད་མི་ཚོ་གཙོས་པའི་དབང་འོག་གི་མི་ཐམས་ཅད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚུལ་བཞིན་འགན་སྲུང་བྱེད་དགོས།  མ་ཟད་སྙན་ཐོ་འདི་བརྒྱུད་དེ་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་གཞུང་གཉིས་ཀར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་ཀྱི་སྐུལ་འདེབས་ཞུས་ཡོད་པ་རྣམས་གང་མགྱོགས་དངོས་སུ་ལག་བསྟར་ཐུབ་པ་བྱ་དགོས་”ཞེས་གསུངས་སོང་།  ལྟེ་གནས་ཁང་གི་ལས་འཆར་དོ་དམ་པ་རྒན་པ་བསྟན་འཛིན་ཟླ་བ་ལགས་དང་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་གཉིས་ཀྱིས་ལོ་འཁོར་སྙན་ཐོ་འདོན་སྤེལ་ཆེད་གསར་འགོད་གསལ་བསྒྲགས་བསྐྱངས་བ། ཕྱི་ལོ་ ༢༠༢༢ ལོའི་ལོ་འཁོར་སྙན་ཐོ་འཕྲུལ་དེབ་ཀྱི་གཟུགས་སུ་འདི་ནས་ཕབ་ལེན་གནང་ཐུབ།

ཕྱི་ལོ་ ༢༠༢༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ།  

0
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་མུ་མཐུད་རྡོག་རོལ་ཚད་མེད་གཏོང་བཞིན་པའི་བདེན་དཔང་སྙན་ཐོ། དགུང་ལོ་དྲུག་ནས་བཟུང་རྒྱ་ནག་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ད་ཆ་བཙན་དབང་འོག་གར་སོང་ཆ་མེད་ཀྱི་གནས་བབ་འོག་བཞུགས་པའི་༧པན་ཆེན་ཆུང་སྲིད་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྟབས་བསྟུན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་བོད་དབྱིན་གྱི་སྐད་ཡིག་ཏུ་བཏོན་པའི་ཕྱི་ལོ་ ༢༠༢༡ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་ཞུ་རྒྱུ་ཡིན།  འདི་ལོའི་སྙན་ཐོ་འདིའི་ནང་དུ་བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་མོས་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་སྔར་ལས་ལྷག་པའི་དམ་དྲག་བྱུང་ཡོད་པའི་བདེན་དཔང་གནས་ཚུལ་འཁོད་ཡོད། བོད་ཀྱི་ས་ཁུལ་དུ་མར་རྒྱ་གཞུང་ཉེན་རྟོག་པས་བོད་མི་ཚོའི་ཁང་ཁྱིམ་དང་ཁ་པར་སོགས་སུ་བསྔོག་བཤེར་རྒྱ་ཆེར་བྱས་ཏེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་དང་ཉར་ཚགས་བྱས་པའམ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་པར་རིས་བརྒྱུད་སྐུར་དང་གནས་ཚུལ་གླེང་སློང་བྱས་པ་སོགས་རྒྱུ་མཚན་དུ་བྱས་ནས་བོད་མི་ཧ་ཅང་མང་པོ་འཇུ་བཟུང་བཙན་ཁྲིད་ཀྱིས་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ལས་བརྒལ་བའི་ས་ཚུགས་སོགས་སུ་བཀག་ཉར་བྱས་ཡོད་པའི་ཁུངས་ལྡན་གནས་ཚུལ་འཁོད་ཡོད།   སྙན་ཐོའི་འདིའི་ནང་དུ་རྒྱ་ནག་གཞུང་གིས་བོད་ནང་དུ་“རིག་གཞུང་བཙན་བསྒྱུར་”དང་“མི་རིགས་རྒྱ་བསྒྱུར་”གྱི་དམིགས་ཡུལ་བཟུང་ནས་རྒྱ་ནག་རང་གི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་བཅའ་ཁྲིམས་སོགས་སུ་རྒྱ་འོག་གི་གྲངས་ཉུང་མི་རིགས་ཚོར་རང་གི་ཤེས་ཡོན་ལམ་ལུགས་གཏན་འབེབས་དང་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུའི་ཐོབ་ཐང་ཡོད་ཅེས་འཁོད་པ་ལག་ལེན་བསྟར་རྒྱུ་ཕར་ཞོག་དེ་ལས་ལྡོག་སྟེ་བསྟན་དོན་དེ་དག་ལས་བརྒལ་བའི་སྒྲིག་ཁྲིམས་དང་སྲིད་ཇུས་གསར་པ་དུ་མ་ཞིག་གཏན་འབེབས་བྱས་ནས་བོད་ཀྱི་སྐད་ཡིག་སྦྱོང་སའི་སྒེར་བཙུགས་སློབ་གྲྭ་ཁག་རིམ་པས་སྒོ་བརྒྱག་བཞིན་པ་དང་སྔོན་འགྲོ་ནས་བཟུང་སློབ་གྲྭའི་སློབ་ཁྲིད་ཆ་ཚང་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་བཞིན་པ། སྒྲིག་ཁྲིམས་གསར་པ་ལག་བསྟར་གྱིས་དགོན་སྡེའི་སློབ་གཉེར་དང་བླ་སྤྲུལ་ཚོའི་མཛད་པར་འགོག་རྐྱེན་སྣ་མང་ཞིག་བཟོ་བཞིན་པ་སོགས་བོད་ནང་གི་སྐད་ཡིག་དང་སློབ་གསོའི་ཁ་ཕྱོགས་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་དང་། “མི་རིགས་མཐུན་སྒྲིལ་”དང་“སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་”གྱི་མིང་ཐོག་ནས་མི་རིགས་དང་རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་སོགས་ཀྱི་ཕྱོགས་ལ་ད་ལོ་རྒྱ་ནག་གཞུང་གིས་སྔར་ལས་ལྷག་པའི་ཤུགས་སྣོན་བརྒྱབས་ཡོད་པ་ཁུངས་སྐྱེལ་ཞུས་ཡོད།   རྒྱ་ནག་གཞུང་གིས་བོད་མིའི་སྤྱི་ཚོགས་དང་ན་གཞོན་ཚོའི་ཁྲོད་དུ་ཤུགས་རྐྱེན་ངེས་ཅན་ཡོད་པའི་བོད་ཀྱི་བསམ་བློ་བ་དང་རྩོམ་པ་པོ། སློབ་གསོ་བ་ཚོ་ནི་རིག་གཞུང་བཙན་བསྒྱུར་དང་མི་རིགས་རྒྱ་བསྒྱུར་གྱི་ལས་འགུལ་ལ་འགོག་རྐྱེན་ཆེ་ཤོས་སྤྲོད་མཁན་ཡིན་པར་ངོས་འཛིན་ཐོག་ཁོང་ཅག་འབུར་འཇོམས་གཏང་རྒྱུ་དམིགས་འབེན་དུ་བཟུང་ནས་འདས་པའི་ལོ་གཅིག་ཙམ་གྱི་རིང་བོད་ཀྱི་ཤེས་ལྡན་མི་སྣ་མང་པོ་འཇུ་བཟུང་བཀག་ཉར་དང་དྲང་བདེན་དང་འོས་འཚམ་གཏན་ནས་མིན་པའི་ཁྲིམས་ཆད་ལྕི་ལོ་གཅོད་བཞིན་པའི་དངོས་བདེན་གྱི་གནས་ཚུལ་འཁོད་ཡོད།   སྙན་ཐོ་འདི་བརྒྱུད་ནས་ང་ཚོས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་རྡོག་རོལ་གཏོང་བྱེད་དང་ཆབ་སྲིད་གྱི་བཙན་གནོན་གཏོང་བྱེད་ཀྱི་སྒྲིག་ཁྲིམས་ཁག་ལ་ངེས་པར་དུ་བསྐྱར་བཅོས་དགོས་པ་མ་ཟད་རང་གི་རྩ་ཁྲིམ་དང་བཅའ་ཁྲིམས་སོགས་སུ་དབང་འོག་གི་གྲངས་ཉུང་མི་རིགས་ཁག་ལ་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོད་ཚུལ་འཁོད་པ་རྣམས་ངེས་པར་དུ་ལག་བསྟར་དོན་འཁྱོལ་དགོས་པ་མ་ཟད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྤྱི་ཆིངས་ཁག་ལག་ལེན་དོན་འཁྱོལ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།  དབྱིན་ཡིག་གི་སྙན་ཐོ་ཕབ་ལེན་བྱེད། བོད་ཡིག་གི་སྙན་ཐོ་ཕབ་ལེན་བྱེད། རྒྱ་ཡིག་གི་སྙན་ཐོ་ཕབ་ལེན་བྱེད།

ཕྱི་ལོ་༢༠༢༠ ལོའི་ལོ་འཁོར་སྙན་ཐོ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས།

0
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་རིང་དྲ་ལམ་བརྒྱུད་ནས་<<ཕྱི་ལོ་༢༠༢༠ ལོའི་ལོ་འཁོར་སྙན་ཐོ།བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་>>ཞེས་པ་བོད་རྒྱ་དབྱིན་གསུམ་ནང་འགྲེམ་སྤེལ་བྱས་ཡོད།སྙན་ཐོའི་ནང་རྒྱ་གཞུང་གིས་མུ་མཐུད་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་དང་ལོག་སྤྱོད།རྡོག་རོལ་ཚབས་ཆེན་བཏང་བའི་གནས་སྟངས་བཏོན་ཡོད་ལ།དེའི་ནང་དུ་ཞི་བའི་ཐོག་ནས་དམར་ཤོག་སྲིད་གཞུང་གི་ཆབ་སྲིད་ལྟ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཚང་མར་འཆར་གཞི་དང་ལྡན་པའི་ཐོག་ནས་དྲག་གནོན་ཁྱབ་ཆེར་བཏང་སྟེ།བོད་མི་ཚོར་སྨྲ་བརྗོད་རང་དབང་གི་ཁོར་ཡུག་རྩ་བ་ནས་མེད་པར་བཟོས་པ་སོགས་ཚུད་ཡོད།སྙན་ཐོ་འདིའི་ནང་རྒྱ་གཞུང་གིས་བསྟུད་མར་བོད་མི་ཚོ་གང་བྱུང་འཛིན་བཟུང་དང་བཀག་ཉར།ཁྲིམས་འགལ་གྱིས་དམར་གསོད་བྱས་པ།གོ་རིམ་དང་ལྡན་པའི་ཐོག་ནས་མནར་གཅོད་བཏང་བའི་གནས་སྟངས་གསལ་འདོན་བྱས་ཡོད་ལ།ནང་མི་ཚོར་བརྡ་ལན་ཙམ་ཡང་མི་སྤྲད་པར་རྒྱ་གཞུང་གི་གསང་བའི་བཀག་ཉར་འོག་ཏུ་ལྷག་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་མུས་ཡིན་པ་དང་།རྒྱ་གཞུང་གིས་ཁོང་ཚོ་ཚང་མ་བོད་སྐད་ཡིག་སློབ་གསོ་དང་རིག་གཞུང་།རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོབ་ཐང་དོན་གཉེར་དང་ཞུ་གཏུགཡང་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་བ་སོགས་ཁྲིམས་འགལ་ཉེས་གསོག་གི་ངོ་བོར་བསྒྱུར་ནས་གང་བྱུང་བཀག་ཉར་བྱས་པ་རེད། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཟེར་བ་དང་ཕྱི་ལོ་༢༠༢༡ནས་༢༠༢༥བར་གྱི་ལོ་ལྔ་ཚན་བཅུ་བཞི་བའི་ལས་གཞི་དང་ལག་བསྟར་ཟེར་བ་སོགས་དྲག་གནོན་སྲིད་ཇུས་འདི་དག་ཚང་མ་མུ་མཐུད་དུ་དམར་ཤོག་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་དམིགས་ཡུལ་དང་བདེ་འཇགས་ཀྱི་ལས་དོན།དཔལ་འབྱོར་གྱི་ཁེ་ཕན་དོན་འཁྱོལ་བྱེད་ཐབས་ཤིག་ཡིན་པ་མ་གཏོགས།བོད་མིའི་འཚོ་གནས་ཡར་རྒྱས་གཏོང་ཐབས་ཤིག་རྩ་བ་ནས་མིན་པ་རེད། “བརྟན་ལྷིང་སྲུང་སྐྱོང་”ལས་དོན་གྱི་མིང་བྱང་འོག་ཏུ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བཙན་དབང་གིས་མི་རིགས་རྒྱ་སྒྱུར་བྱེད་ཐབས་སུ་གདུག་རྩུབ་ཅན་གྱི་སྲིད་ཇུས་རབ་དང་རིམ་པ་དང་མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་བསྟུད་མར་ལག་ལེན་དུ་བསྟར་བའི་རྐྱེན་གྱིས།བོད་མིའི་ཆབ་སྲིད་དང་སྤྱི་དམངས། དཔལ་འབྱོར་དང་སྤྱི་ཚོགས།རིག་གཞུང་སོགས་ཀྱི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་འདུག རྒྱ་ནག་ཧན་མི་རིགས་ཀྱིས་བཙན་བཟུང་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་མང་པོ་དམིགས་སུ་བཟུང་བའི་རྒྱ་གཞུང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་ཟེར་བ་དེ་དག་གིས་མངོན་གསལ་དོད་པོར་གྲངས་ཉུང་བོད་མི་ཚོ་སྣང་མེད་རྒྱ་ཡན་དུ་དོར་ནས་རྒྱ་རིགས་མི་མང་གི་ཁེ་ཕན་བསྐྲུན་ཏེ།བོད་མི་ཚོར་ཁེ་ཕན་དང་ཡར་རྒྱས་ཅི་གང་ཕྱིན་མེད་པ་དང་།དེ་ནི་མི་རིགས་ཕན་ཚུན་འདྲ་མཉམ་མིན་པ་དང་།དབྱེ་འབྱེད་ཆེ་བ་དང་ཉམ་ཉེས་ཚབས་ཆེན་བྱུང་བའི་ཉེར་ལེན་ཆགས་ཡོད།རྒྱ་གཞུང་གི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཁྱེར་ཅན་འཛུགས་སྐྲུན།སྐད་ཡིག་སློབ་གསོ།  ལྷག་པར་དུ་ “སྐད་གཉིས་སློབ་གསོ་”ཟེར་བ་སོགས་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་ཇུས་ཁག་ཚང་མ་མི་རིགས་རྒྱ་སྒྱུར་ལས་དོན་ཆེན་པོ་ཞིག་གི་ཆ་ཤས་ཡིན་པ་དང་།དེ་ནི་བོད་མིའི་ངོ་བོ་ཉམ་ཉེས་བཟོ་ཐབས་དང་རིག་གཞུང་རྒྱ་སྒྱུར་བྱེད་ཐབས་ཤིག་རེད། ད་བར་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱིས་ཕྱི་ལོ་༢༠༠༨ལོའི་ཞི་རྒོལ་ཆེན་མོ་དང་དེའི་རྒྱབ་ལོགས་ཀྱི་བོད་མིའི་དཀའ་སྡུག་དངོས་དང་།ཆོས་ལུགས་རང་དབང་ལ་དམ་དྲག་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུར་འདེབས་བྱས་པ།བོད་ཁུལ་དུ་ལོ་རེ་བཞིན་རྒྱ་རིགས་གནས་སྤོ་བ་ཇེ་མང་དུ་བཏང་བ།ཆབ་སྲིད་ཀྱི་དྲག་གནོན་དང་དཔལ་འབྱོར་འདུ་འགོད་ཁྲོད་དུ་བོད་མི་ཚོ་ཟུར་ཕུད་དང་རང་སྐྱོང་གི་ཐོབ་ཐང་མེད་པ།རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་བཟོས་པ།དེ་བཞིན་དུ་མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་གྱི་སྲིད་ཇུས་རབ་དང་རིམ་པ་སྤེལ་བཞིན་པ་སོགས་གླེང་སློང་ཙམ་ཡང་བྱས་མེད་པ་རེད། མ་གཞི་ནས་རྒྱ་ནག་དམར་ཤོག་རྒྱལ་ཁབ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གྲས་སུ་ཞུགས་ནས།རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་ཁག་ལག་བསྟར་ཆོག་མཆན་གྱི་མིང་རྟགས་འཁོད་པ་དང་དུས་མཚུངས་སུ།རྒྱ་གཞུང་གི་ལག་བསྟར་ཁྲིམས་སྒྲིག་དང་སྲིད་ཇུས་མང་པོ་ཞིག་ཐད་ཀར་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་དང་འབྲེལ་བ་ཆགས་བསྡད་ཡོད་པས།ཁ་ལག་རྒྱབ་འགལ་གྱི་གནས་སྟངས་འདི་ངེས་པར་དུ་གསལ་བཤད་བྱས་ནས།རྒྱ་གཞུང་གིས་ངེས་པར་དུ་འགན་འཁུར་དགོས། འབྲེལ་ཐག་འདི་བརྒྱུད་ནས་སྙན་ཐོ་ཆ་ཚང་ཕབ་ལེན་ལྟ་ཀློག་བྱེད་ཐུབ།

བོད་ས་ཡོངས་བཙོན་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད།

0
འདི་ག་ལྟེ་གནས་ཁང་གི་༢༠༡༦ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཀྱི་ལོ་འཁོར་སྙན་ཐོ། རྒྱ་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་དང་། རང་དབང་ཁག་མུ་མཐུད་ཁྲིམས་འགལ་དང་ནག་ཉེས་སུ་བརྩིས་ནས་བོད་མི་གང་བྱུང་འཇུ་བཟུང་བཀག་ཉར་དང་། གར་སོང་ཆ་མེད། མནར་གཅོད་ཀྱིས་མཚོན་པའི་བོད་མིའི་ཁོར་ཡུག་གཏོར་སྐྱོན་དང་།  ཐུན་མོང་ལ་ཉེས་འགེལ་གྱི་གནས་ཚུལ་བསྟུད་མར་བྱུང་བསྡད་ཡོད་པར་མ་ཟད། སྔར་ཡོད་ཀྱི་ཁྲིམས་སྒྲིག་ལ་བསྐྱར་བཅོས་ཀྱིས་གསར་དུ་སྒྲིག་སྲོལ་གང་མང་བཟོས་ཤིང་། འཆར་གཞི་ལྡན་པའི་སྒོ་ནས་བོད་མིའི་གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་མུས་སུ་ཡོད་པ་ཡིན། དེ་ལྟར་བོད་ནང་གི་གནས་སྟངས་ཡ་ང་ཡི་མུག་སྐྱེ་གཞི་ཞིག་ཆགས་ཡོད་ཀྱང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་སྤུ་ཙམ་ཡང་མ་གཏོང་བར། མུ་མཐུད་དྲག་པོའི་དབང་ཚད་སྤྱད་རྐྱང་དང་།  ལྐོག་ནས་སྲིད་གཞུང་གིས་བརྒྱུད་བསྐུལ་དང་འགྲོ་གྲོན་བཏང་ནས་བོད་མིའི་སྟེང་འཚེ་བ་སྤེལ་གྱི་ཡོད་པ་རེད། དེ་ལྟར་༢༠༡༦ལོའི་སྙན་ཐོའི་ནང་དུ་གཙོ་བོ། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་། སྒེར་གྱི་རང་དབང་ཐོབ་ཐང་། ཆོས་དད་རང་དབང་དང་ཞི་བའི་འདུ་འཛོམས་ཀྱི་རང་དབང་སོགས་ཀྱི་ཐད་ལ་དམ་དྲག་དང་བཀག་སྡོམ་ཤུགས་ཆེར་བྱེད་ཀྱིན་ཡོད་པའི་གནས་ཚུལ་གཙོ་འདོན་དང་། ལྷག་པར་རྒྱ་གཞུང་གི་ཁྲིམས་སྒྲིག་ཁག་ཏུ་གསལ་བའི་ཁེ་དབང་དང་ཐོབ་ཐང་སྲུང་སྐྱོབ་སོགས་བོད་མིར་ཇི་བཞིན་མེད་པར། དེ་བས་རྣམ་བྱ་རྒྱུན་དུ་་བོད་མིའི་བྱ་བྱེད་ཅི་ཞིག་སྤེལ་ཡང་། ཆབ་སྲིད་ཀྱི་ངོ་བོར་ཁ་སྒྱུར་གྱིས་ཁྲིམས་ཆད་ནག་ཉེས་བཙུགས་ཀྱི་ཡོད་པ་ཐེར་འདོན་དང་། ། ཡང་རྒྱ་གཞུང་གིས་ཡར་རྒྱས་འཛུགས་སྐྲུན་ལ་ཁ་གཡར་ཁག་དཀྲི་བྱེད་པའི་སྒོ་ནས་བོད་ཀྱི་རང་བྱུང་གཏེར་ཁ་བསྔོག་འདོན་དང་འོར་འདྲེན། སྐྱེས་ཁམས་ཁོར་ཡུག་གཏོར་བཤིག་དང་འབག་བཙོག་བཟོ་བའི་སྒོ་ནས། བོད་མི་རང་ས་རང་ཡུལ་དུ་འཚོ་ཐབས་ཉམས་ཞན་དང་དབུལ་བོར་གྱུར་ཡོད་ཀྱང་། རྒྱ་གཞུང་གིས་བཤད་བཞིན་པའི་དཔལ་འབྱོར་དར་འཕེལ་གྱི་མཆོངས་བསྐྱོད་ཆེན་པོའི་འོག་ན།  བོད་མི་རྣམས་རྒྱ་གཞུང་གི་སྐྱོབ་གསོ་ལག་དངུལ་ལ་བསྟེན་དགོས་ཐུག་ཡོད་པའི་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པ་གསལ་འདོན་བྱས་ཡོད།  རྒྱ་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ལ་རྒོལ་བའི་ཁྲིམས་དང་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས།   རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་སོགས་ཁྲིམས་སྒྲིག་འདྲ་མིན་ངོ་སྤྲོད་དང་གསར་བཟོ་བྱས་པའི་སྒོ་ནས་བོད་མིའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་བའི་ལོ་ཞིག་ཆགས་ཡོད་ལ། ལྷག་པར་རྒྱ་གཞུང་གིས་ཆེད་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་བ་སོགས་བཤད་པའི་ཁྲིམས་སྒྲིག་གི་ཐ་སྙད་ཀྱི་གོ་བ་མག་མོག་དང་རགས་བཤད་དུ་བཞག་སྟེ། གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་བསམ་ཚུལ་ཐ་དད་ཡིན་མཁན། བོད་ཕྱི་ནང་དང་རྒྱལ་སྤྱིའི་རྒྱུད་ལམ་ཁག་ནས་གནས་ཚུལ་མཁོ་སྒྲུབ་དང་བརྒྱུད་གཏོང་བྱེད་པའི་རིགས་གཙོས། སྤྱི་དམངས་ཀྱིས་ཞི་བའི་སྨྲ་བརྗོད་དང་བསམ་ཚུལ་རང་དབང་ཁག་ལ་དྲག་གནོན་བྱ་རྐྱང་དང་། ཡང་བོད་ཁུལ་ཐད་ཀར་བཏང་འཛིན་བྱེད་བཞིན་པའི་ས་གནས་སྲིད་གཞུང་གིས་བོད་མིས་རྒྱལ་ཞེན་གྱི་རྒྱལ་དར་དང༧གོང་ས་མཆོག་གི་སྐུ་པར་འཁྱེར་བ། བོད་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་སོགས་ཀྱི་སྐད་འབོད་བྱས་པ་ཙམ་གྱིས་ནག་ཉེས་སུ་བརྩིས་ནས་ཁྲིམས་ཐག་གཅོད་ཀྱི་ཡོད་པར་མ་ཟད། བོད་ཁུལ་ཁྱོན་ཡོངས་སུ་མངོན་ལྐོག་གཉིས་ཀྱི་ལམ་ནས་སོ་ལྟ་འཕྲུལ་ཆས་ཕོན་ཆེན་བཙུགས་ནས་བོད་མིར་ལྟ་རྟོག་བྱེད་ཤུགས་ཆེ་དྲག་པས། ད་ལྟའི་ཆར་བོད་མི་ནང་ཁུལ་དུའང་ཕན་ཚུན་བར་ཡིད་ཆེས་མེད་པར་དོགས་ཟོན་དང་གཟབ་ནན་བྱེད་པའི་ལམ་ནས་རང་ཉིད་ལ་ཞིབ་བཤེར་བྱ་དགོས་བྱུང་འདུག མི་སྒེར་གྱི་རང་དབང་ཐོབ་ཐང་ལ་སྲིད་གཞུང་དང་གཞན་སུས་ཀྱང་ཐེ་བྱུས་བྱ་མི་ཆོག་པར་རང་འདོད་ངང་གཅིག་པུ་ཟུར་འདུག་བྱ་ཆོག་པ་དང་།  སྒེར་གྱི་དོན་དག་གསང་རྒྱ་བྱ་ཆོག་པ་སོགས་ཏེ། སྒེར་གྱི་རང་དབང་ཐོབ་ཐང་ནི་འགྲོ་བ་མིའི་ཆེ་མཐོང་དང་གཞི་རྩའི་ཐོབ་ཐང་ཁག་ཐོབ་པར་དགོས་ངེས་ཀྱི་ཆ་རྐྱེན་དང་བོ་དེ་ཆགས་ཡོད།  འོན་ཀྱང་།   ཕྱི་ལོ༢༠༡༧ཟླ༦ནང་ནུས་ལྡན་ཁྲིམས་སུ་ཆགས་ལ་ཉེ་བའི་རྒྱ་གཞུང་གི་དྲ་རྒྱ་དོ་དམ་གྱི་ཁྲིམས་གསར་དེ་ཉིད་ཀྱི་ནང་དུའང་།  གོ་དོན་གསལ་བོ་མེད་པའི་ཁྲིམས་སྒྲིག་དེ་དག་གིས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ཡོང་ཆེད་དུ། དྲ་རྒྱ་ཚོང་བདག་དང་མི་སྒེར་གྱི་ཁ་པར་དང་གློག་ཀླད་ལ་སོ་ཉུལ་དང་། གློག་རྡུལ་ཁ་བྱང་གི་གསང་ཡིག་སོགས་སྲིད་གཞུང་ལ་རྩིས་སྤྲོད་དགོས་པའི་ཆ་རྐྱེན་བཏོན་པའི་སྒོ་ནས།  བོད་ནང་གི་ཟིན་བྲིས་འབྲི་མཁན་དང་གནས་འཕྲིན་དྲ་རྒྱ། འཕྲིན་ཐུང་གཏོང་འོང་བྱེད་ས། གླེང་སྟེགས་སོགས་སུ་དུས་རྒྱུན་ཞིབ་བཤེར་དང་ལྟ་རྟོག་བྱེད་ཀྱིན་ཡོད་ཙང་། གོང་གི་དྲ་རྒྱའི་ཁྲིམས་གསར་གྱིས་བོད་མི་སྒེར་གྱི་རང་དབང་ཐོབ་ཐང་ཅི་ཙམ་བརྡལ་བཤིག་དང་རྡོག་རོལ་གཏོང་གི་ཡོད་པ་བཤད་མ་དགོས་པ་ལྟ་བུ་རེད།  ཕྱི་ལོ༢༠༡༡ནས་བཟུང་ནས། རྒྱ་གཞུང་གིས་བོད་ཁུལ་གྱི་དྲ་རྒྱ་དང་ཁ་པར་གོ་སྤྱོད་མཁན་ཚང་མའི་དངོས་མིང་བེད་སྤྱོད་བྱ་དགོས་པའི་ཁྲིམས་སྒྲིག་བཟོས་ནས། སྐད་འཕྲིན་བེད་སྤྱོད་བྱེད་མཁན་གྱི་བོད་མི་ཇེ་མང་དུ་སོང་བ་དང་བསྟུན། དེར་བརྟེན་ནས་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་པའི་བོད་མིའི་གྲངས་ཀའང་ཇེ་མང་དུ་སོང་ཡོད་དེ། ལྷག་པར་༸གོང་ས་མཆོག་གི་འཁྲུངས་སྐར་དང་འབྲེལ་བའི་སྐད་ཆ་དང་གནས་ཚུལ་ཕན་ཚུན་བརྒྱུད་གཏོང་བྱས་པ་བརྒྱུད་བཙོན་འཇུག་ཐེབས་པ་ཇེ་མང་དུ་སོང་ཡོད་ལ། བོད་རང་སྐྱོང་ལྗོངས་སུ་གཞུང་གིས་བཀག་སྡོམ་བྱས་ཟིན་པའི་བོད་ཀྱི་ལ་རྒྱའི་གླུ་གཞས་དང་། ༸གོང་ས་མཆོག་གི་སྐུ་པར་སོགས་ཁ་པར་ནང་དུ་ཡོད་པ་ཤེས་རྟོགས་བྱུང་ཚེ། ནག་ཉེས་ཁྲིམས་ཆད་བདུག་ཕྲག་༢ནས་ལོ་གཉིས་ལ་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད།  ཡང་རྒྱ་གཞུང་གིས་སྒྲིག་གཞི་དང་ཁྲིམས་འཆར་སྣ་མང་གི་སྒོ་ནས་བོད་ནང་གི་ཆོས་དད་རང་དབང་ལའང་བཀག་སྡོམ་ཤུགས་ཆེར་བྱེད་ཀྱི་ཡོད་པ་རེད། སྤྱིར་ཆོས་མེད་སྨྲ་བའི་སྲིད་གཞུང་ཡིན་པའི་རྒྱ་ནག་གཞུང་གིས་དུས་རྒྱུན་ཆོས་ལུགས་དང་ཆོས་ལུགས་དད་མོས་ཞེས་པ་ཁས་ལེན་བྱེད་ཀྱི་མེད་པས། ཆོས་ལུགས་ཀྱི་གནས་བབ་སྤྱི་ལ་ཆོས་ལུགས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཞེས་མི་འདོད་པའི་ཁ་སྒྱུར་དང་། ཡང་ཁྲིམས་དང་སྒྲིག་སྲོལ། ལག་བསྟར་བྱ་དགོས་སོགས་གཏན་འབེབས་བྱས་པ་སོགས་འདྲ་མིན་གང་མང་ཞིག་མཉམ་བསྡེབས་ཀྱིས་བོད་མིའི་ཆོས་དད་རང་དབང་དང་དད་མོས་ལ་ཚོད་འཛིན་དང་བཀག་སྡོམ་བསྟུད་མར་བྱེད་ཀྱིན་ཡོད། དེའང་ཕྱི་ལོ༢༠༠༥ནང་།  ཆོས་ལུགས་ལས་དོན་ཐད་ཀྱི་སྒྲིག་གཞི་ཞེས་པ་གཏན་འབེབས་ཟིན་ཡོད་པ་དེ་ཉིད་བསྐྱར་ཞིབ་ཀྱིས་ཕྱི་ལོ༢༠༡༧ནང་དངོས་སུ་ལག་བསྟར་བྱ་རྒྱུ་རེད་འདུག རྒྱ་གཞུང་གིས་སྒྲིག་གཞི་དེ་བརྒྱུད་ནས་བོད་ཀྱི་ཡང་སྲིད་ལམ་ལུགས་ལ་ཐེ་བྱུས་དང་སྟངས་འཛིན་བྱ་རྒྱུ་དང་།...

༢༠༡༥ ལོའི་བོད་ནང་གི་འགྲོ་བ་ཐོབ་ཐང་གནས་སྟངས་ལོ་འཁོར་སྙན་ཐོ།

0
འདི་ག་ལྟེ་གནས་ཁང་གིས་ལོ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ལོ་འཁོར་སྙན་ཐོ་རེ་འདོན་བཞིན་པ་ལྟར། ཕྱི་ལོ་ ༢༠༡༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་དེ་བཞིན། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༢ ཚེས་ ༡༩ ཉིན། བཞུགས་སྒར་རྡ་སའི་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་ཡིག་རིགས་གསུམ་གྱི་ཐོག་ནས་འགྲེམས་སྤེལ་བྱས་ཡོད། འདི་ལོའི་སྙན་ཐོའི་ནང་བོད་ནང་གི་ཆོས་ལུགས་དད་མོས་ལ་དམ་དྲག་དང་། བོད་མི་སྒེར་གྱི་རང་དབང་བཙན་འཕྲོག བོད་ཀྱི་རང་བྱུང་ཁོར་ཡུག བོད་ནང་གི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གནས་སྟངས། རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བའི་བོད་ཀྱི་གནས་བབས་བཅས་དོན་ཚན་ཁག་ལྔ་ཐོག་ནས། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཁག་སྔར་ལྷག་རྡོག་རོལ་བཏང་ཡོད་པའི་གནས་སྟངས་གསལ་འདོན་བྱས་ཡོད། འདི་ག་ལྟེ་གནས་ཁང་གི་ཤེས་རྟོགས་བྱུང་བའི་གྲངས་འབོར་གཞིར་བཟུང་ལྟར་ན། ད་ལྟའི་ཆར་བོད་ནང་དུ་ཁྱོན་བསྡོམས་ཆབ་སྲིད་བཙོན་པ་གྲངས་ ༢༠༨༡...

༢༠༡༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལོ་འཁོར་སྙན་ཐོའི་གསར་འགོད་གསལ་བསྒྲགས།

0
ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༢ ཚེས་ ༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གས་ཁང་གི་ངོས་ནས། ཕྱི་ལོ་ ༢༠༡༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ལོ་འཁོར་སྙན་ཐོ་དེ།   དེབ་གཟུགས་དང་གློག་རྡུལ་པར་དེབ་གཉིས་ཀྱི་ལམ་ནས་འགྲེམས་སྤེལ་དང་། དེ་བཞིན། ལོ་འཁོར་སྙན་ཐོ་འདི་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁྱབ་སྤེལ་ཡོང་ཐབས་སུ་བོད་དབྱིན་རྒྱ་གསུམ་སྐད་ཡིག་ཐོག་པར་འགྲེམས་བྱས་ཡོད། ལྷག་པར་དུ་རྒྱ་རིགས་མང་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཤེས་རྟོགས་ཡོང་བར་དམིགས་ནས། འདི་ག་ལྟེ་གནས་ཁང་གིས་ལོ་འཁོར་སྙན་ཐོ་རྒྱ་ཡིག་ཐོག་བཏོན་པ་ཐོག་མ་དེའང་ཆགས་ཡོད། ལོ་འཁོར་སྙན་ཐོའི་ནང་། རྒྱ་གཞུང་གིས་དེ་སྔོན་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་མང་པོ་ཞིག་གི་ཐད་ལེགས་བཅོས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་རྣམས་དོན་དངོས་ལག་ལེན་བྱས་མེད་པར། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་མཐའ་དག་སྔར་བས་ཇེ་སྡུག་ཇེ་ཞན་དུ་གྱུར་ཡོད། དེ་བས་སྙན་ཐོའི་ནང་རྒྱ་གཞུང་གིས་བོད་མི་རྣམས་འཇུ་བཟུང་བཀག་སྡོམ་འོག་འདས་གྲོངས་བཏང་བ་དང་། བོད་མི་ཐུན་མོང་ལ་སྡུག་སྦྱོང་ཁྲིམས་གཅོད་གཏོང་བཞིན་པ། བོད་མིའི་འདུ་འཛོམས་རང་དབང་བརྡལ་བཤིག་བཏང་ཡོད་པ་བཅས།...