ང་ཚོའི་སྐོར།
དམིགས་ཡུལ།
བོད་མི་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རང་དབང་རྣམས་ཚུལ་བཞིན་ལོངས་སུ་སྤྱོད་ཐུབ་པའི་དུས་བཟང་ཞིག་འཆར་བའི་དམིགས་ཡུལ་བཅངས་ཡོད།
བསྒྲུབ་བྱའི་དོན་གནད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་བ་དང་། ཐོབ་ཐང་དོན་གཉེར་བ་རྣམས་ཀྱི་ནུས་སྟོབས་གོང་སྤེལ་གཏོང་བ། བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་ནན་པོ་བྱས་ནས་ཡིག་ཚགས་སུ་འགོད་པ་དང་སྙན་ཐོ་འདོན་པ་སོགས་བྱེད་པ་བརྒྱུད་བོད་ཕྱི་ནང་གཉིས་ཀའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་གཏོང་ཐབས་ལ་ཧུར་བརྩོན་ཞུ་བཞིན་ཡོད།
རིན་ཐང་།
བོད་མི་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རང་དབང་རྣམས་ཚུལ་བཞིན་ལོངས་སུ་སྤྱོད་ཐུབ་པའི་དུས་བཟང་ཞིག་འཆར་བའི་དམིགས་ཡུལ་བཅངས་ཡོད།
ང་ཚོའི་ལོ་རྒྱུས།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནི་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་ཆགས་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཐོག་མ་དེ་ཡིན། ཕྱི་ལོ་ ༡༩༩༦ ལོའི་ཕྱི་ཟླ་དང་པོའི་ནང་བཙུགས་ཤིང་རྒྱ་གར་གྱི་ཚོགས་སྡེ་དེབ་སྐྱེལ་བཅའ་ཁྲིམས་(ཕྱི་ལོ་ ༡༨༦༠)ཀྱི་དོན་ཚན་གཉིས་པ་ལྟར་ཁྲིམས་མཐུན་དེབ་སྐྱེལ་བྱས་ཟིན་པའི་ཚོགས་པ་ཞིག་ཡིན།
བློ་བཟང་སྙན་གྲགས་ལགས་ནི་ཚོགས་པའི་འཛིན་སྐྱོང་འགན་འཛིན་དང་པོ་དེ་ཡིན་ཞིང་ཁོང་གི་རྗེས་སུ་ཚེ་དབང་ལྷ་སྒྲོན་ལགས་དང་ཨོ་རྒྱན་བསྟན་འཛིན་ལགས།། ཕྱི་ལོ་ ༢༠༡༡ ནས་བཟུང་ད་ལྟའི་བར་ཚེ་རིང་མཚོ་མོ་ལགས་བཅས་ནས་འཛིན་སྐྱོང་འགན་འཛིན་གནང་དང་གནང་མུས་ཡིན།
ལྟེ་གནས་ཁང་འདི་ཉིད་ད་ལྟའི་ཆར་སུད་སི་ཇེ་ནི་ཝར་(Geneva, Swiss)རྟེན་གཞི་བྱས་པའི་མནར་གཅོད་འགོག་པའི་གོ་ལའི་ཚོགས་པ་ World Organisation Against Torture (OMCT)དང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སྐྱབས་བཅོལ་བའི་ཚོགས་སྡེ་Asia Pacific Refugee Rights Network རྒྱལ་སྤྱིའི་འདུམ་འགྲིག་ཚོགས་པ་International Fellowship for Reconciliation (IFOR)སོགས་ཀྱི་ཚོགས་ཁུངས་སུ་ཚུད་ཡོད་པ་ཡིན།
འདི་ག་ལྟེ་གནས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་སྤྱིའི་ཚོགས་སྡེ་དང་གཙུག་ལག་སློབ་གྲྭ་ཁག་མང་དག་ཅིག་དང་ལྷན་དུ་མཉམ་ལས་བྱས་ཡོད།

འགན་འཛིན་ལྷན་ཚོགས།
ཆོས་རྒྱལ་རིན་ཆེན་མཁའ་འགྲོ། - ཚོགས་གཙོ།▶
ཆོས་རྒྱལ་རིན་ཆེན་མཁའ་འགྲོ་ལགས་ནི་ཁམས་དཀར་མཛེས་སུ་འཁྲུངས་ཤིང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་འབྱོར། རྡོ་རྗེ་གླིང་ Loreto College མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ༧གོང་ས་མཆོག་གི་སྐུའི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་ལགས་དང་གཉེན་སྒྲིག་གནང་། རིན་ཆེན་མཁའ་འགྲོ་ལགས་ནི་བོད་ཀྱི་བུད་མེད་ལྷན་ཚོགས་གསར་འཛུགས་གནང་མཁན་གྱི་གྲས་ཡིན་ཞིང་ཕྱི་ལོ ༡༩༨༤ ནས་བཟུང་ ༡༩༩༤ ལོར་བཀའ་བློན་ལ་མཚན་འདོན་མ་བྱུང་བར་དུ་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་། ཁོ་མོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་གནང་སྟེ་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་གོང་མཐོར་ཡོང་ཐབས་སུ་ཐུགས་འགན་ཟབ་བཞེས་གནང་མྱོང་། ད་ལྟའི་ཆར་ཁོང་གིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་བོད་ནས་ཡོང་བའི་བཙུན་མ་རྣམས་ཀྱི་སློབ་གཉེར་གཟིགས་སྐྱོང་དང་བཙུན་དགོན་གསར་འཛུགས་གནང་རྒྱུར་དམིགས་པའི་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་གནང་མུས་ཡིན།
ཐུབ་བསྟན་ལུང་རིག - ཚོགས་གཞོན།▶
ཐུབ་བསྟན་ལུང་རིག་ལགས་ནི་ཕྱི་ལོ་ ༡༩༥༧ ལོར་མདོ་སྨད་རེབ་གོང་དུ་འཁྲུངས། ཁོང་གིས་ཌ་ལ་ཧོ་སི་བོད་མིའི་གཏན་སློབ་ནས་གཞི་རིམ་སློབ་སྦྱོང་གནང་རྗེས་ཕྱི་ལོ་ ༡༩༨༡ ལོར་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ཨཅཱརྱ་སློབ་ཐོན་གནང་། ཕྱི་ལོ་ ༡༩༨༡ ལོ་ནས་༡༩༩༢ བར་རྡ་སྟེང་བོད་ཁྱིམ་སློབ་གྲྭར་དགེ་རྒན་གྱི་ཕྱག་ལས་གནང་ཞིང་ཕྱི་ལོ་ ༡༩༩༡ ལོ་ནས ༡༩༩༣ བར་སུ་ཇཱ་བོད་ཁྱིམ་སློབ་གྲྭར་སློབ་སྤྱི་དང་ངེས་སྟོན་པ་གནང་། དེའི་རྗེས་སུ་ཁོང་ཉིད་མདོ་སྨད་ཆོལ་ཁའི་ཐོབ་ཁོངས་ནས་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་ནས་གྲོས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་གཞོན་དང་སྐབས་བཅུ་གསུམ་པའི་ཚོགས་གཙོ་གནང་། ཕྱི་ལོ་ ༢༠༠༡ ལོར་བཀའ་ཤག་སྐབས་བཅུ་གཉིས་པའི་ཆོས་རིག་དང་ཤེས་ཡོན་བཀའ་བློན་གཅིག་ལྕོགས་སུ་བདམས་ཐོན་བྱུང་། ཕྱི་ལོ་ ༢༠༠༦ ལོ་ནས་ ༢༠༡༡ བར་བཀའ་ཤག་སྐབས་བཅུ་གསུམ་པའི་ཤེས་རིག་བཀའ་བློན་དུ་བདམས་ཐོན་བྱུང་། ཁོང་ཉིད་གྲོས་ཚོགས་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པ། བཅོ་ལྔ་པ་བཅས་ཀྱི་སྤྱི་འཐུས་སུ་བདམས་ཐོན་བྱུང་ཡོད་པ་རེད།
སྲི་ཐར་བློ་བཟང་རྒྱ་མཚོ། - དངུལ་གཉེར། ▶
སྲིད་ཐར་བློ་བཟང་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༨༢ ལོར་རྡ་རམ་ས་ལར་འཁྲུངས། ཁོང་ཉིད་ཀྱིས་གཞི་རིམ་སློབ་སྦྱོང་རྡ་སྟེང་བོད་ཁྱིམ་དུ་གནང་རྗེས་གློག་ཀླད་ཚན་རིག་ཐོག་རྒྱ་གར་ལྷོ་ཕྱོགས་ཅན་ནེ་ལོ་ཡ་ལཱ་མཐོ་སློབ་ནས་སློབ་ཐོན་གནང་ཞིང་སྦྱངས་འབྲས་རྩེར་སོན་གྱི་གསེར་གྱི་རྟགས་མ་ཐོབ། དེའི་རྗེས་སུ་དབྱིན་ཡུལ་གྱི་ལོན་ཌོན་མེ་ཊོ་པོ་ལི་ཊན་གཙུག་ལག་སློབ་གྲྭ་ནས་མཉེན་ཆས་རིག་པའི་སྐོར་ལ་སྦྱོབ་སྦྱོང་གནང་། སློབ་མཐར་སོན་རྗེས་ཕྱིར་རྡ་རམ་ས་ལར་ཕེབས་ཏེ་བོད་མིའི་སྤྱི་ཚོགས་ཀྱི་དྲྭ་རྒྱའི་བདེ་འཇགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པའི་རྒྱལ་སྤྱིའི་ཉམས་ཞིབ་སྡེ་ཚན་དུ་ཕྱག་ལས་གནང་བ་དང་། བོད་དོན་ལས་འགུལ་བསྟི་གནས་་ཁང་གི་འཕྲུལ་ཆས་བདེ་འཇགས་ལས་འཆར་གྱི་འགན་འཛིནགནང་དང་གནང་མུས་ཡིན་པ་རེད། ཁོང་ཉིད་ WIREDདུས་དེབ་ཀྱི་ཕྱི་ལོ་ ༢༠༢༡ ལོའི་“མ་འོངས་ཇེ་བཟང་དུ་གཏོང་མཁན་གྱི་གསར་གཏོད་པ་ ༣༢”ཀྱི་ཁོངས་སུ་བདམས་འདོན་བྱུང་འདུག་ཅིང་ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ བར་ཨ་རིའི་ཁེ་ལི་ཧྥོ་ནི་ཡའི་གཙུག་ལག་སློབ་གྲྭའི་ཁྱབ་ཁོངས་ཀྱི་དྲྭ་རྒྱའི་བདེ་འཇགས་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་གནང་འདུག ཁོང་གིས་འདས་པའི་མོ་ལོ་བཅུ་ལྷག་གི་རིང་བོད་ནང་དུ་འབྲེལ་བ་བྱེད་མཁན་གྱི་བོད་མི་ཚོའི་དྲྭ་རྒྱའི་བདེ་འཇགས་ཀྱི་ཕྱོགས་ལ་ལམ་སྟོན་དང་རོགས་འདེགས་སྣ་ཚོགས་གནང་དང་གནང་མུས་ཡིན། ཕྱི་ལོ་ ༢༠༢༡ ལོར་ཁོང་ཉིད་དབུས་གཙང་ཆོལ་ཁའི་ཐོབ་ཁོངས་ནས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་བས་ད་ལྟའི་དུས་སུ་སྤྱི་འཐུས་ཀྱི་ལས་འགན་ཡང་གནང་མུས་ཡིན་པ་རེད།
ཕུན་རབ་པ་བློ་བཟང་དར་རྒྱས། - ཚོགས་མི།▶
ཕུན་རབ་པ་བློ་བཟང་དར་རྒྱས་ལགས་ནི་ཕྱི་ལོ་ ༡༩༣༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས། བོད་དུ་བཞུགས་སྐབས་བྲག་རྒྱབ་རིན་པོ་ཆེའི་ཞབས་ཞུ་དང་སྦྲགས་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་ཀ་སྦུག་ཏུ་དབྱིན་ཡིག་སློབ་སྦྱོང་གནང་ཞོར་དུ་བོད་ཡིག་སློབ་ཁྲིད་གནང་། ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་ལྷོ་ཕྱོགས་ལུགས་བསམ་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་བོད་ཀྱི་གཞོན་ནུ་རྣམས་ལ་ལོ་དྲུག་གི་རིང་ལས་ཞོར་སློབ་ཁྲིད་གནང་རྒྱུའི་ཐུགས་འགན་གཙོ་བོ་བཞེས། སྐབས་དེར་ཁོང་གིས་ལུགས་བསམ་བོད་མིའི་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་དྲུང་ཆེའི་ཕྱག་ལས་ཀྱང་གནང་། ཕྱི་ལོ་ ༡༩༦༩ ལོ་ནས་བཟུང་དུས་ཡུན་གསུམ་བསྟུན་མར་དབུས་གཙང་ཆོལ་ཁའི་ཐོབ་ཁོངས་ནས་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་ཞིང་གྲོས་ཚོགས་སྐབས་དྲུག་པའི་སྐབས་སུ་ཁོང་ཉིད་ཚོགས་གཞོན་དུ་བདམས་ཐོན་བྱུང་། ཕྱི་ལོ ༡༩༧༩ ལོར་ཁོང་ཉིད་བོད་དུ་གཟིགས་སྐོར་སྐུ་ཚབ་ཐེངས་དང་པོའི་སྐུ་ཚབ་ཚོགས་མིར་འདེམས་སྒྲུག་བྱུང་བས་བོད་དུ་ཕེབས། དེའི་རྗེས་སུ་ཁོང་གིས་བཀའ་བློན་དང་དྲུང་ཆེ། འདེམས་བསྐོ་ལྷན་ཁང་གི་འགན་འཛིན་སོགས་ལས་གནས་གལ་གནད་ཅན་འདྲ་མིན་ཐོག་ཐུགས་འགན་བཞེས་ཤིང་ཕྱི་ལོ་ ༡༩༩༢ ལོར་ཆེས་མཐོའོ་ཁྲིམས་ཞིབ་ཁང་བཙུགས་པ་ནས་བཟུང་ཕྱི་ལོ་ ༢༠༠༢ ལོར་བགྲེས་ཡོལ་དུ་མ་ཕེབས་བར་ཁྲིམས་ཞིབ་པ་ཆེ་བའི་ཐུགས་འགན་བཞེས་གནང་མཛད།.
བསྟན་པ་ཚེ་རིང་། - ཚོགས་མི།▶
བསྟན་པ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་སུ་ལས་གནས་འདྲ་མིན་ཐོག་བགྲང་བྱ་བཞི་བཅུ་ལྷག་གི་རིང་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༤ ནས་ ༡༩༨༠ བར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་གཞོན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༡ ནས་ ༡༩༨༥ བར་དགའ་ལྡན་ཕོ་བྲང་གི་དྲུང་གཞོན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༨ ནས་༡༩༩༠ བར་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དང་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ལྔའི་ལྷོ་སྤྱི་བཅས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༩༡ ནས་༡༩༩༩ བར་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེའི་ཐུགས་འགན་བཞེས། ཕྱི་ལོ་ ༢༠༠༠ ལོར་༧གོང་ས་མཆོག་གིས་བཀའ་བློན་གྱི་འོས་མིར་མཚན་འདོན་གནང་རྗེས་བཀའ་བློན་དུ་བདམས་ཐོན་བྱུང་། ཁོང་གིས་གྲོས་ཚོགས་སྐབས་བཅུ་གཅིག་པ་བར་དུ་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་གནང་། ཕྱི་ལོ་ ༢༠༠༦ ལོར་ཕྱི་དྲིལ་བཀའ་བློན་དང་ལྡི་ལི་སྐུ་ཚབ་དོན་གཅོད་བཅས་ཀྱི་ཐུགས་འགན་གཅིག་ལྕོག་ཏུ་བཞེས།
དབུ་དཀར་ཚང་གཡུ་སྒྲོན། - ཚོགས་མི།▶
གཡུ་སྒྲོན་ལགས་ནི་ཨ་རིའི་ Tufts ཏཧྥཊི་གཙུག་ལག་སློབ་གྲྭ་ནས་རྒྱལ་སྤྱིའི་ཁྲིམས་དང་ཕྱི་འབྲེལ་རིག་པའི་ཐད་རབ་འབྱམས་པ་སློབ་ཐོན་གནང་། ལྡི་ལི་གཙུག་ལག་སློབ་གྲྭ་ལེ་ཌི་ཤཱི་རི་རམ་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་རྗེས་ནེ་རུ་གཙུག་ལག་སློབ་གྲྭ་ནས་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་ཐོག་རབ་འབྱམས་པའི་སློབ་སྦྱོང་ཐོན། ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ཁོ་མོས་འདི་ག་ལྟེ་གནས་ཁང་དུ་ལོ་བཞིའི་རིང་ལས་འཆར་དོ་དམ་པ་རྒན་པའི་ཕྱག་ལས་གནང་། ཁོ་མོས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ཕྱི་ལོ་ ༡༩༩༤ ལོ་ནས་ ༡༩༩༦ བར་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་པའི་ཐུགས་འགན་བཞེས། མི་ལོ་ཉི་ཤུ་ལྷག་གི་རིང་ཁོང་གིས་བོད་མིའི་སྤྱི་ཚོགས་སུ་ལས་འགན་འདྲ་མིན་ཐོག་ཕྱག་ལས་གནང་། ཁོང་ཉིད་གྲོས་ཚོགས་སྐབས་བཅུ་བཞི་པ་དང་བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ་བཅས་སུ་བསྟུན་མར་མདོ་སྟོད་ཆོལ་ཁའི་ཐོབ་ཁོངས་ནས་བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་། ཁོང་ནི་ན་གཞོན་ནུས་འཕེལ་ལས་གཞི (ENVISION)གསར་འཛུགས་གནང་མཁན་ཡིན་ཞིང་ཡུན་རིང་འགན་འཛིན་གྱི་ཕྱག་ལས་གནང་མཐར་ད་ལྟའི་ཆར་གྲོས་ཚོགས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་དང་ན་གཞོན་ནུས་འཕེལ་ལས་གཞིའི་དགེ་རྩའི་དོ་དམ་པ་བཅས་ཀྱི་ཐུགས་འགན་བཞེས་མུས་ཡིན།
བསྟན་འཛིན་ཟླ་བ། - འཛིན་སྐྱོང་དྲུང་ཆེ།▶
Ms. Tenzin Dawa graduated with an honours degree in Political Science from Delhi University and also earned a master’s degree in Human Rights. She has worked as an intern at the National Human Rights Commission of India. Ms. Dawa is also an experienced rights-based facilitator and conducts numerous human rights training in the Tibetan refugee community. She is passionate about human rights education and is interested in the intersections between statelessness, gender, and human rights. In spring 2020, Ms. Dawa served as an Anamax fellow at the Human Rights Law Centre, University of Nottingham. Ms Dawa serves on the steering committee of the Asia Pacific for Refugee Rights Network (APRRN). She joined TCHRD as a researcher in August 2016 and was appointed the executive director of TCHRD in June 2023.




