སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་འདས་རྐྱེན་ལ་ཝུའི་ཏི་ནམ་དང་རྒྱ་གཞུང་གིས་ཁུངས་སྐྱེལ་དགོས།
སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་ཝུའི་ཏི་ནམ་ཧུ་ཅི་མིན་གྲོང་ཁྱེར་དུ་དགོངས་པ་རྫོགས་ནས་ལོ་གཅིག་སོང་ཟིན་། ཁོང་གར་སོང་ཆ་མེད་དུ་གྱུར་བ་དང་། བཀག་ཉར་བྱས་པ། རྐྱེན་འདས་སོང་བའི་གནས་ཚུལ་གྱི་བརྒྱུད་རིམ་ད་དུང་ཁ་གསལ་ཆགས་མེད་ལ། ཝུའི་ཏི་ནམ་དང་རྒྱ་གཞུང་གཉིས་ཀས་ཡིད་ཆེས་རུང་བའི་གསལ་བཤད་གང་ཡང་བྱས་མེད་སྟབས། འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེའི་རྡོག་རོལ་བཏང་བའི་དོགས་གཞི་ཇེ་ཆེར་འགྲོ་བཞིན་ཡོད་པས། ཕྱི་གསལ་ནང་གསལ་དང་རང་དབང་གིས་ཞིབ་འཇུག་བྱ་རྒྱུ་དེ་ཛ་དྲག་གི་དགོས་མཁོ་ཆེ་ཤོས་ཆགས་ཡོད།
སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་ནི་བོད་བརྒྱུད་ནང་པའི་དབུ་ཁྲིད་དང་གྲགས་ཅན་གྱི་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཟླ་མཇུག་ཏུ་མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱི་གནོན་ཤུགས་འོག་རྒྱ་ནག་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༣ པར་ཝུའི་ཏི་ནམ་དུ་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་།ཟླ་བ་དེའི་ཚེས་ ༢༥ ཉིན་ཝུའི་ཏི་ནམ་དང་རྒྱ་གཞུང་ཉེན་རྟོག་པས་མཉམ་འབྲེལ་གི་བྱ་སྤྱོད་སྤེལ་ནས་རང་གར་བཀག་ཉར་བྱས་ཡོད། ཉིན་གསུམ་ལས་མ་སོང་བར་ཚེས་ ༢༨ ཉིན་གསལ་བཤད་གང་ཡང་མེད་པར་དོགས་གཞིའི་འོག་ནས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་ཡོད།
ཟླ་ ༤ ཚེས་ ༡ ཉིན་དགོན་པའི་སྐུ་ཚབ་རྣམས་ལ་ཁོང་འདས་གྲོངས་སོང་བའི་ཡི་གེ་ཞིག་བསྟན་པ་དང་། དམ་དྲག་ཆེ་བའི་དབང་གིས་ཁོ་ཚོས་ཡི་གེ་དེ་ཉར་ཚགས་དང་ཡིག་ཐོག་ཏུ་འགོད་ཐུབ་མེད། ཟླ་ ༤ ཚེས་ ༥ ཉིན་ཁོང་གི་སྐུ་ཕུང་གདན་འདྲེན་ཞུ་བར་འགྲོ་མཁན་གྱི་དགེ་འདུན་པ་རྣམས་ཝུའི་ཏི་ནམ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་སྒོ་བརྒྱབ་ནས་ཚོགས་འདུ་ཞིག་སྐོང་འཛོགས་བྱས་པར་ཡང་མཉམ་ཞུགས་བྱེད་དུ་བཅུག་མེད། སྐབས་དེར་ཁོང་གི་སྐུ་ཕུང་རྒྱལ་སྤྱིའི་སྨན་ཁང་ཞིག་ཏུ་ཉར་ཚགས་བྱས་ཡོད་པ་དང་རྗེས་སུ་དམག་སྒར་ནང་བདག་ཉར་བྱས་ཡོད།
ཟླ་ ༤ ཚེས་ ༢༠ ཉིན་ཝུའི་ཏི་ནམ་དང་རྒྱ་ནག་གཞུང་གི་དཔོན་རིགས་མཉམ་འབྲེལ་ཐོག་ཁོང་གི་རྗེས་འཇུག་དང། ནང་མི། དགོན་པ་བཅས་ཀྱི་མོས་མཐུན་དང་ཤེས་རྟོགས་གང་ཡང་མེད་པའི་གནས་སྟངས་འོག་སྐུ་ཕུང་མེར་བསྲེགས་བཏང་ཏེ་བོད་ཀྱི་སྲོལ་རྒྱུན་དང་ཆོས་ཕྱོགས་ཀྱི་འགྲོ་ལུགས་ལྟར་འདས་འཇུག་སྒྲུབ་རྒྱུའི་ཐང་བཙན་འཕྲོག་བྱས་ཡོད།
གནོན་ཤུགས་ཀྱི་འོག་ནས་གར་སོང་ཆ་མེད་དུ་གྱུར་བ་དང་། བཙོན་འཇུག་བྱས་པ་དང་འདས་གྲོངས་སོང་བ། སྐུ་ཕུང་མེར་བསྲེགས་བཏང་བ་བཅས་ཀྱི་རྒྱུད་རིམ་ལས་གཞུང་གིས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བ་དང་ཁྲིམས་འགལ་གྱིས་རྐྱེན་ལམ་དུ་བཏང་བ་མཚོན་ཡོད་ཅིང་། ཕྱི་གསལ་ནང་གསལ་མེད་པ་དེས་རྒྱལ་མཚམས་བརྒལ་བའི་བཙན་གནོན་དང་འགན་འཁུར་མེད་པའི་ཉེན་ཁའི་རང་བཞིན་དག་གསལ་སྟོན་བྱེད་ཀྱི་ཡོད།
སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་ནི་བོད་བརྒྱུད་ནང་པའི་དབུ་ཁྲིད་གཅིག་དང་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་མཁན་ཞིག་ཡིན་པའི་ཆ་ནས་མི་མང་གིས་ཁོང་ལ་དད་གུས་ཆེན་པོ་ཐོབ་ཡོད་ལ། མཚོ་སྔོན་ཞིང་ཆེན་ལུང་སྔོན་དགོན་པའི་མཁན་པོ་ཡིན་པའི་ཆ་ནས་ཁོང་གིས་ལས་རིག་ལག་རྩལ་དང་། སྨན་ཁང། དཔེ་མཛོད་ཁང་གསར་འཛུགས་བྱས་ཏེ་རྒན་རྒོན་དང་ཉམས་ཐག་ཚུད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་བདེ་བསྐྲུན་ཡོད། རྒྱ་གཞུང་གི་བཙན་ཤེད་རང་བཞིན་གྱི་ཆོས་ལུགས་སྲིད་ཇུས་ལ་དང་ལེན་མ་གནང་སྟབས་ཁོང་ལ་ཞིབ་འཇུག་དང་དམ་དྲག་བྱེད་འགོ་ཚུགས་ཡོད།
སྔ་ལོའི་ཟླ་བ་བརྒྱད་པར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མཁས་པས་གཞུང་གཉིས་ཀར་གནད་དོན་འདི་གླེང་སློང་བྱས་ཏེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་ཚེ་སྲོག་སྲུང་སྐྱོབ་བྱེད་དགོས་པ་དང་། བཙན་དབང་གིས་གར་སོང་ཆ་མེད་དུ་གྱུར་བ་སྔོན་འགོག་གིས་འགན་འཁུར་དགོས་པའི་ནན་བརྗོད་བྱས་ཡོད། ད་དུང་མགྱོགས་ནས་མྱུར་དུ་ཕྱི་གསལ་ནང་གསལ་དང་ཕྱོགས་ལྷུང་མེད་པའི་སྒོ་ནས་ཞིབ་འཇུག་མ་བྱས་ཚེ་འགྲོ་བ་མིིའི་ཐོབ་ཐང་གི་ཚད་གཞི་དང་འགལ་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད། དེ་ནི་དུས་མིན་འཆི་རྐྱེན་བྱུང་བའི་མི་ཎི་སོ་ཀྲའི་སྤྱི་ཆིངས་ནང་གསལ་གྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་ཡོད།
ཆེད་ལས་མཁས་པ་ཚོས་རྒྱ་ནག་གཞུང་གིས་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེར་གནོན་ཤུགས་དང་འཛིན་བཟུང་བྱེད་པའི་བརྒྱུད་རིམ་དང་ཁོང་འདས་གྲོངས་སོང་བའི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པ། ནང་མིས་མོས་མཐུན་མེད་པར་ཕུང་པོ་མེར་བསྲེགས་བཏང་བ། དེ་བཞིན་ཁོང་གི་དགོན་པ་དང་སྤྱི་ཚོགས་ལ་གནོན་ཤུགས་སྤྲད་ཡོད་མེད་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་དགོས་འདུན་བཏོན་ཡོད།
སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་དང་འབྲེལ་བའི་གནས་ཚུལ་ཁ་གསལ་མ་བྱུང་བ་དེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་རྩ་འགལ་ཆགས་ཡོད་པ་མ་ཟད། ཁོང་གི་ནང་མི་དང་བོད་མི་དམངས་ཀྱི་སེམས་ཁམས་ལ་རྨ་ཁ་ཆེན་པོ་ཞིག་ཀྱང་བཟོས་ཡོད། ཝུའི་ཏི་ནམ་དང་རྒྱ་གཞུང་ཕྱོགས་གཉིས་ཀས་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་རང་དབང་གིས་ཞིབ་འཇུག་བྱེད་དུ་འཇུག་དགོས་པ་དང་འགན་འཁུར་མཁན་ལ་འགན་འཁྲི་འཁུར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།
མི་རིགས་མཐུན་བསྒྲིལ་ཡར་ཐོན་གྱི་ཁྲིམས་ཡིག་གསར་པས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གསོན་གནས་ཀྱི་ཉེན་ཁར་ཐུག་པ།
འདི་ལོའི་རྒྱ་ནག་གི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་མི་རིགས་མཐུན་བསྒྲིལ་ཡར་ཐོན་གྱི་ཁྲིམས་འཆར་ཟེར་བ་དངོས་སུ་གཏན་འབེབས་བྱས་ཏེ། འདི་ཟླའི་ ༡༢ ཉིན་གཞུང་འབྲེལ་གྱི་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་སྟེ། རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་པའི་ཉིན་མོ་དེ་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད་འདུག ཁྲིམས་འཆར་འདི་ནི་རྒྱ་ནག་གཞུང་གིས་གློ་བུར་སྟེས་དབང་དུ་ཐག་གཅོད་བྱས་པ་ཞིག་མ་ཡིན་པར་འཆར་གཞི་ཡོད་པའི་སྒོ་ནས་གཏན་འབེབས་བྱས་པ་རེད།
དེ་ཡང་ཞི་ཅིང་ཕིང་གིས་ཕྱི་ལོ་ ༢༠༡༤ ལོར་སྐོང་འཚོགས་བྱས་པའི་ཤིང་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཟེར་བའི་སྲིད་ཇུས་དེ་ཐེངས་དང་པོར་གསལ་སྟོན་བྱས་པ་དང་། དེ་རྗེས་ལོ་དེའི་ཟླ་ ༩ པར་སྐོང་འཚོགས་བྱས་པའི་མི་རིགས་ལས་དོན་ཚོགས་འདུའི་ཐོག་ཏུའང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བརྗོད་བྱས་ཡོད། དེ་རྗེས་ ༢༠༡༧ ལོར་སྐོང་འཚོགས་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་བཅུ་དགུའི་ཐོག་སྲིད་ཇུས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཡིག་གི་ནང་དངོས་སུ་བཅུག་ནས་རྒྱལ་ཡོངས་ཀྱི་གོང་འོག་གང་སར་སློབ་སྦྱོང་དང་དྲིལ་ལགས། ལག་བསྟར་བཅས་བྱེད་འགོ་ཚུགས་ཡོད། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༢༧ ཉིན་མི་རིགས་མཐུན་བསྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་ཟེར་བ་སྐོང་འཚོགས་བྱས་པ་དང་། ཚོགས་ཐོག་ཏུ་སྔོན་ཐོན་གྱི་མི་སྒེར་དང་ཚན་པ་ཁག་ལ་གཟེངས་བསྟོད་སྤྲད་ཡོད།
དེ་རྗེས་མི་རིགས་ལས་དོན་ཚོགས་འདུ་དང་། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞི་ཅིང་ཕིང་གིས་ནང་སོག་ཁུལ་དུ་བསྐྱོད་སྐབས་ཀྱི་ཁག་སོ་སོའི་གཏམ་བཤད་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་གཏོང་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཡིན་ལ། མི་རིགས་ས་ཁུལ་གྱི་ལས་ཀའི་གཙོ་ཐིག་ཀྱང་ཡིན་ཞེས་ནན་བརྗོད་བྱས་ཡོད། དེ་ལྟར་གོམ་པ་རིམ་བགྲོད་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཟེར་བའི་སྲིད་ཇུས་དེ་ཞི་ཅིང་ཕིང་གི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཟེར་བ་དེའི་གྲུབ་ཆ་གལ་ཆེན་ཞིག་དང་། གྲངས་ཉུང་མི་རིགས་ཀྱི་ངོ་བོ་རིམ་བཞིན་རྩ་མེད་བཟོ་བའི་རྩ་འཛིན་གྱི་ཡིག་ཆ་དང་བྱ་སྤྱོད་ཀྱི་ཚད་གཞི་ཆགས་ཡོད། ཕྱི་ལོ་༢༠༢༡ ལོར་ཞི་ཅིང་ཕིང་གིས་ཆེས་ཁ་གསལ་གྱི་ཐོག་ནས་མི་རིགས་སྲིད་ཇུས་དེ་མཉམ་འདྲེས་ཀྱི་ཕྱོགས་སུ་བསྒྱུར་བ་དང་། སྒྲོམ་གཞི་དེའི་ནང་ནས་མི་རིགས་རང་སྐྱོང་གི་ཐོབ་ཐང་ཆུང་ཆུང་དེ་ཡང་མེད་པ་བཟོ་རྒྱུ་དེ་རེད།
ད་ཐེངས་ཀྱི་ཁྲིམས་ཡིག་དེར་ལེའུ་ ༧ དང་ས་བཅད་ ༦༣ ཡོད་ཅིང་། དེའི་ནང་གནད་དོན་གལ་ཆེ་ཤོས་གཅིག་ནི་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུ་དེ་རེད། དེ་ཡང་ཁྲིམས་ཡིག་དེའི་ས་བཅད་ ༡༥ ནང་འཁོད་དོན། རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་སྐུལ་འཕེལ་གཏོང་དགོས་པ་དང་། ཚོགས་པ་དང་མི་སྒེར་སུས་ཀྱང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་བཀག་འགོག་བྱེད་མི་ཆོག་ཅེས་འཁོད་ཡོད། དེ་ལྟ་བུའི་སྲིད་ཇུས་ཀྱིས་རྐྱེན་པས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཉིན་རེ་ལས་མ་བསྡད་པར་རྩ་མེད་འགྲོ་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འོག་གྲངས་ཉུང་མི་རིགས་ཚོས་སོ་སོའི་སྐད་ཡིག་དང་། སྐད་ཡིག་དེ་ལ་བརྟེན་པའི་ཆོས་དང་། རིག་གཞུང་། ལོ་རྒྱུས་སོགས་མྱུར་སྐྱོབ་ཆེད་ཕྱོགས་ཡོངས་ནས་འབད་བརྩོན་ཡོད་རྒུ་བྱེད་མུས་རེད། ཤེས་ཡོན་ཅན་གྱི་ཁྱབ་ཁོངས་ཙམ་མ་ཟད། གཞི་རིམ་མི་དམངས་ཚོས་ཀྱང་ཕ་སྐད་གཙང་མ་ཟེར་བའི་ལས་འགུལ་སྤེལ་ནས་བོད་མི་ནང་ཁུལ་དུ་བོད་སྐད་རྒྱག་པ་དང་། བོད་ཡིག་བེད་སྤྱེད། བོད་གཞས་གཏོང་བ་སོགས་ལས་འགུལ་ཡང་རབ་དང་རིམ་པ་ཞིག་སྤེལ་བཞིན་ཡོད། དཔེར་ན། གྲོགས་པོ་གྲོགས་མོ་སོགས་མཉམ་འཛོམས་སར་བོད་མི་ནང་ཁུལ་བོད་སྐད་རྒྱག་དགོས་པ་ལས་རྒྱ་སྐད་སོགས་སྐད་རིག་གཞན་དག་མི་རྒྱག་པ་ལྟ་བུ་རེད། འདི་དང་འདི་ལྟ་བུའི་ལས་འགུལ་ནི་བོད་གཅིག་པུར་བྱུང་བའི་གནས་ཚུལ་ཞིག་མ་ཡིན་པར་ནང་སོག་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་གཞན་དག་གི་ནང་དུའང་རྒྱུན་མཐུད་ནས་སྤེལ་མུས་རེད།
ཡིན་ནའང་། ད་ནས་བཟུང་བོད་མི་ནང་ཁུལ་བོད་སྐད་རྒྱག་དགོས་པ་ལས་རྒྱ་སྐད་རྒྱག་མི་ཆོག་བརྗོད་ན་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུར་འགོག་རྐྱེན་བཟོས་པར་རྩིས་ནས་ཁྲིམས་འགལ་དུ་ངོས་འཛིན་བྱེད་ངེས་རེད། དེ་ལས་ཁ་གསལ་ཙམ་བཤད་ན་གྲངས་ཉུང་མི་རིགས་ཀྱིས་སོ་སོའི་སྐད་ཡིག་གཙང་མ་བཤད་ན་ཁྲིམས་འགལ་ཆགས་ངེས་རེད། དེར་བརྟེན་། ཁྲིམས་ཡིག་འདིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་མདུན་ལམ་དང་ཁོར་ཡུག་སྔར་བས་ཇེ་ཆུང་དུ་བཏང་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ཚོས་སོ་སོའི་སྐད་ཡིག་གི་དོན་དུ་ལས་འགུལ་སྤེལ་མཁན་གྱི་ཐོག་སྔར་ལས་ལྷག་པའི་དམ་དྲག་དང་བཙན་གནོན་ཕོག་ངེས་ཡིན་པ་གསལ་པོ་ཆགས་ཡོད།
ད་དུང་མུ་མཐུད་ནས་འཁོད་དོན་། སློབ་གྲྭ་དང་སློབ་གསོའི་ལས་ཁུངས་ཁག་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གིས་སློབ་ཁྲིད་བྱ་རྒྱུ་གཙོ་བོར་འཛིན་དགོས་པ་དང་། བྱིས་པ་རྣམས་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པར་སྐུལ་འདེད་དང་། འོས་འགན་སློབ་གསོ་མཐར་ཕྱིན་པའི་སློབ་མ་ཚོས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཆ་ནས་ཁོངས་ཏུ་ཆུད་པ་བྱེད་དགོས་ཞེས་འཁོད་ཡོད། འོས་འགན་སློབ་གསོ་ཞེས་པ་དེ་སློབ་ཆུང་འཛིན་རིམ་དྲུག་པ་དང་། དེ་རྗེས་དམའ་རིམ་སློབ་འབྲིང་འཛིན་རིམ་གསུམ་པ་བཅས་ཁྱོན་ལོ་དགུ་ཡི་དུས་ཚོད་ཡིན་ཞིང་། ལོ་དགུའི་འོས་འགན་སློབ་གསོ་ཐོབ་པ་ཚང་མས་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ཁོངས་ཏུ་ཆུད་དགོས་པ་དེ་ནི་ཁྲིམས་ཐོག་ནས་སྐུལ་བའི་ཁྲལ་ལྟ་བུ་ཆགས་ཡོད། དེའི་རྐྱེན་གྱིས་བུ་བཅོལ་ཁང་དུ་སླེབས་མ་ཐག་ནས་རྒྱ་ཡིག་སློབ་སྦྱོང་སྤྲོད་རྒྱུ་གཙོ་གནད་དུ་བཞག་ཡོད།
གཏན་འཇག་སློབ་གྲྭའི་ལམ་སྲོལ་དེས་བོད་ཕྲུག་རྣམས་ལོ་གཅིག་གི་ནང་ཟླ་གཉིས་ལྷག་ཙམ་གྱི་དགུང་གསེང་ཕུད་པའི་དེ་མིན་ཕ་མ་དང་ཁ་བྲལ་ནས་སློབ་གྲྭའི་ནང་གཏན་སྡོད་དགོས་པར་བརྟེན། ཁོང་ཚོའི་མཐའ་བསྐོར་དུ་རྒྱ་སྐད་རྒྱ་ཡིག་མ་གཏོགས་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་སའི་ཁོར་ཡུག་དང་གོ་སྐབས་ཚད་ལྡན་ཞིག་མེད་པར་བརྟེན། ངན་པ་དགུ་འཛོམས་ཞེས་པའི་བོད་པའི་ཁ་རྒྱུན་ལ་བརྗོད་སྲོལ་ཡོད་པ་ལྟར་། བོད་ཀྱི་སྐད་ཡིག་རྩ་མེད་འགྲོ་བའི་རྒྱུ་རྐྱེན་ཚང་མ་འཛོམས་ཡོད།
ལོ་རབས་བརྒྱད་བཅུ་དང་དགུ་བཅུའི་ནང་ཆ་མཚོན་ན། སློབ་ཆུང་གི་འཛིན་རིམ་བཞི་པར་སླེབས་ན་གཞི་ནས་རྒྱ་ཡིག་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། འཛིན་རིམ་བདུན་པ་མ་སླེབས་པའི་བར་རྒྱ་ཡིག་ཕུད་པའི་ཨང་རྩིས་དང་། རང་བྱུང་། བསམ་བློ་ཀུན་སྤྱོད་ཟེར་བ་སོགས་སློབ་ཚན་ཚང་བོད་ཡིག་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད། ལོ་རབས་བརྒྱ་བཅུའི་ནང་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ངག་དབང་འཇིགས་མེད་སོགས་ཀྱིས་འབད་བརྩོན་ཆེན་པོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་བཅས་ཀྱི་ཁྲིམས་ཡིག་གཏན་འབེབས་བཟོས་ཏེ་ལག་བསྟར་བྱས་པའི་གྲུབ་འབྲས་ཤིག་རེད།
དེ་རྗེས་ཕྱི་ལོ་ ༡༩༨༩ ལོར་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པར་བརྟེན་བོད་མིའི་ཁྲོད་ལས་དོན་དེ་དག་མཇུག་སྐྱོང་བྱེད་མཁན་གྱི་ཤུགས་རྐྱེན་ཡོད་པ་དང་ནུས་པ་ཡོད་པའི་འགོ་ཁྲིད་ཀྱི་མི་སྣ་མེད་པར་གྱུར་བ་དང་ཆབས་གཅིག་རྒྱ་ནག་གཞུང་གིས་ཀྱང་ལོ་རབས་དགུ་བཅུ་པ་ནས་བཟུང་གྲངས་ཉུང་མི་རིགས་ཐོག་ཏུ་འཛིན་པའི་དམིགས་བསལ་གྱི་སྲིད་ཇུས་རྣམས་རིམ་བཞིན་མེད་པ་བཟོས་པ་དང་། གཅིག་གྱུར་གྱི་སྲིད་ཇུས་དང་གཅིག་གྱུར་གྱི་འགོ་ཁྲིད་ཞེས་ཡོད་ཚད་གཅིག་གྱུར་ཞེས་པར་ཁ་གཡར་ནས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཁེ་དབང་བཙན་འཕྲོགས་བྱེད་པའི་སྲིད་ཇུས་གསར་པ་ཞིག་ཕྱོགས་ཡོངས་ནས་ལག་ལེན་བྱེད་བཞིན་ཡོད་པ་དང་། ད་ལྟའི་དུས་སྐབས་ནི་སྲིད་ཇུས་དེ་དག་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད།
དོན་ཚན་བཅུ་བདུན་ནང་། རྒྱལ་ཁབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་དམངས་སློབ་གསོ་དང་། ལས་བྱེད་སློབ་གསོ། སྤྱི་ཚོགས་སློབ་གསོའི་མ་ལག་ནང་བཅུ་དགོས་ཞེས་དང་། རིམ་ཁག་སྲིད་གཞུང་གིས་ཀྲུང་ཧྭ་སྲོལ་རྒྱུན་གྱི་རིག་གནས་དང་། དམར་པོའི་རིག་གནས། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་གྱི་གྲུབ་འབྲས་སོགས་བེད་སྤྱོད་གང་ལེགས་དང་། ཐབས་ལམ་འདྲ་མིན་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་སྤེལ་དགོས་ཅེས་འཁོད་ཡོད།
དེར་བརྟེན། ཁྲིམས་ཡིག་དེ་གཏན་འབེབས་བྱས་པ་ནས་བཟུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟེར་བ་དེ་རིམ་པ་ཁག་གི་ཤེས་ཡོན་སློབ་གསོའི་སློབ་གཞིའི་ནང་བཅུག་ནས་སློབ་ཁྲིད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་ཅིང་།ད་ཐེངས་ཚོགས་འདུ་གཉིས་གྲོལ་མ་ཐག་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་གིས་འདི་ལོའི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ལྷག་པར་དུ་མི་རིགས་མཐུན་བསྒྲིལ་ཡར་ཐོན་སྐུལ་འཕེལ་ཟེར་བའི་ཁྲིམས་ཡིག་གི་དགོངས་དོན་མཐར་ཕྱིན་པའི་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་དགོས་པའི་སྐུལ་སློང་བྱས་ཡོད།
སློབ་ཁྲིད་ཀྱི་ནང་དོན་ཐད་ལེའུ་གཉིས་པའི་དོན་ཚན་ ༡༡ དང་། ༡༢ །༡༣ བཅས་ཀྱི་ནང་གསལ་པོ་འཁོད་ཡོད་པ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་དམ་འཛིན་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས་པ་དང་། དམར་ཤོག་ཚོགས་པའི་ལོ་རྒྱུས་དང་། རྒྱ་ནག་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དྲིལ་བསྒྲགས་སློབ་གསོ་བཏང་ནས་མི་རིགས་ཁག་གི་མི་དམངས་རྣམས་ལ་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་བལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་འཛུགས་དགོས་སྐོར་འཁོད་ཡོད།
དེར་བརྟེན། ད་ནས་བཟུང་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་གསོའི་ནང་རྒྱ་མི་རིགས་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་དང་ལྟ་གྲུབ་དེ་དག་རྨང་གཞིར་བྱས་ཏེ་སློབ་ཁྲིད་བྱ་རྒྱུའི་ཐད་སྔར་ལས་ལྷག་པའི་ཤུགས་སྣོན་རྒྱག་རྒྱུ་རེད། དེའི་ཐད་དོན་ཚན་ ༡༦ ནང་ནན་བརྗོད་བྱས་ཡོད་པ་སྟེ། རིམ་ཁག་སློབ་གྲྭ་དང་སློབ་གྲྭའི་ལས་ཁུངས་ཁག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། འཛིན་གྲྭའི་ནང་སློབ་ཁྲིད་བྱེད་པ། སྤྱི་ཚོགས་ཐོག་ལག་བསྟར་བྱེད་དགོས་པ། གཙོ་གནད་སློབ་གསོ་དང་དྲ་བའི་སློབ་གསོའི་མ་ལག་ནང་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཅེས་འཁོད་ཡོད།
མ་ཟད་སློབ་གྲྭ་ཁག་གི་སློབ་དེབ་ཀྱང་གཞུང་གི་གཅིག་གྱུར་གྱི་བཀོད་སྒྲིག་བྱས་ཏེ་རྩོམ་འབྲི་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱིས་སློབ་དེབ་རྩོམ་འབྲི་དང་ཞིབ་བཤེར་བྱེད་སྐབས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལྟ་བ་བརྟན་འཛུགས་བྱ་རྒྱུ་ཚད་གཞིར་བཟུང་དགོས་པའི་ནན་བརྗོད་བྱས་ཡོད། སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བྱེད་པའི་སློབ་དེབ་གཅིག་པུས་མི་འགྲིགས་པར་། ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་སྡེ་ཁག་དང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཀྱིས་གཙོ་འགན་འཁུར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་རིགས་འདྲ་མིན་གྱི་སློབ་དེབ་རྩོམ་འབྲི་དང་པར་སྐྲུན་བྱེད་དགོས་པའི་ནན་བརྗོད་བྱས་ཡོད།
དེ་བཞིན་བརྙན་འཕྲིན་དང་རླུང་འཕྲིན་། ཚགས་པར་སོགས་དྲིལ་བསྒྲགས་ཁྱབ་ཁོངས་ཁག་གིས་ཀྱང་བརྗོད་གཞི་དེ་དང་འབྲེལ་བའི་ནང་དོན་གསར་གཏོད་དང་ཁྱབ་སྤེལ་བྱེད་དགོས་པ་མ་ཟད། དོན་ཚན་ ༢༡ ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟེར་བ་དེ་ཐ་ན་ཁྱིམ་ཚང་ནང་གི་སློབ་གསོ་དང་ཁྱིམ་ཚང་གི་གོམས་སྲོལ་ནང་དུ་མཉམ་འདྲེས་ཐུབ་བྱེད་དགོས་པའི་ནན་བརྗོད་བྱས་ཡོད་པ་དང་། ཕྲུ་གུའི་ཕ་མ་དང་ཡང་ན་ཕྲུ་གུར་བལྟ་སྐྱོང་བྱེད་མཁན་ཚོས། ད་ཐེངས་ཀྱི་ཁྲིམས་ཡིག་གི་གཏན་འབེབས་ལྟར་། ལོ་ཆུང་གི་བྱིས་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་དང་། རྒྱ་ནག་རྒྱལ་ཁབ་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ལ་དགའ་ཞེན་བྱེད་དགོས་པའི་སློབ་གསོ་དང་ལམ་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཟེར་བ་དེ་ཁྱིམ་ཚང་གཅིག་ཡིན་པའི་ལྟ་བ་འཛུགས་དགོས་པ་དང་། དེ་ལས་ལྡོག་པའི་བསམ་བློ་སྤེལ་ཆོག་མི་ཆོག་ཅེས་འཁོད་ཡོད། དེར་བརྟེན། ད་ཐེངས་ཀྱི་ཁྲིམས་ཡིག་དེས་མ་འོངས་པར་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྱིམ་ཚང་ནང་གི་ཉིན་རེའི་གོམས་གཤིས་དང་འཚོ་བའི་འགྲོ་སྟངས་དང་བཅས་པར་ཡང་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་སྨོས་མེད་རེད།
ཁྲིམས་འཆར་དེའི་ནང་མི་རིགས་འགྲོ་འོངས་དང་། མཉམ་འདུས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་དགོས་སྐོར་འཁོད་ཡོད་པ་དེ་ནི་གྲངས་ཉུང་མི་རིགས་རྒྱ་རིགས་ཅན་དུ་བསྒྱུར་བའི་ཐབས་བྱུས་ཡིན་པ་དང་། དཔེར་ན། རྒྱ་རིགས་དང་བོད་རིགས་མཉེན་སྒྲིག་བྱས་ཚེ་དམིགས་བསལ་གྱི་ཐོབ་ཐང་དང་བལྟ་སྐྱོང་བྱེད་པ། དེ་བཞིན་བོད་རིགས་སློབ་ཆེན་ཐོན་པའི་སློབ་མ་མང་པོ་ཞིག་རྒྱ་ནག་ནང་གི་ལས་ཁུངས་དང་བཟོ་ཚོང་ལས་རིགས་སོགས་སུ་ལས་བགོས་བྱེད་པ་སོགས་གྲངས་ཉུང་མི་རིགས་རྣམས་སློབ་སྦྱོང་དང་། ལས་འཚོལ། གཉེན་སྒྲིག་སོགས་ཐབས་ལམ་ཅི་རིགས་ཀྱི་ཐོག་ནས་རྒྱ་མི་རིགས་དང་མཉམ་འདྲེས་བྱེད་དུ་བཅུག་ནས་གྲངས་ཉུང་མི་རིགས་རྣམས་རྒྱ་མི་རིགས་དང་ཐ་དད་ཡིན་པའི་ཁྱད་ཆོས་དང་རྣམ་པ་དེ་དག་མེད་པ་བཟོ་རྒྱུ་དེ་རེད།
དེ་ལས་གལ་གནད་ཆེ་བ་ཞིག་ནི་གྲངས་ཉུང་མི་རིགས་ས་ཁུལ་གྱི་རིས་མེད་དགོན་སྡེ་ཁག་དང་གྲྭ་བཙུན་ཚོར་སྔར་ལས་ལྷག་པའི་དོ་དམ་དང་དམ་དྲག་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཆོས་དད་རང་དབང་མོས་ཟེར་བ་དེ་མིང་གི་ལྷག་མ་ཙམ་དུ་གྱུར་རྒྱུ་དེ་རེད། དེ་ཡང་ད་ཐེངས་ཀྱི་ཁྲིམས་ཡིག་དེའི་ས་བཅད་ ༡༦ ནང་འཁོད་དོན། ཆོས་ཚོགས་ཁག་དང་། ཆོས་ལུགས་ཀྱི་སློབ་གཉེར་ཁང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ཁག་གི་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལྟ་བ་བརྟན་པོར་འཛུགས་པའི་སློབ་གསོ་དང་དྲིལ་བསྒྲགས་བྱས་ཏེ། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བ་བྱེད་དགོས་པ། ཆོས་ལུགས་ཀྱི་ལས་སྣེ་དང་དད་ལྡན་མང་ཚོགས་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་དགོས་ཅེས་འཁོད་ཡོད།
མདོར་ན། ད་ཐེངས་ཀྱི་ཁྲིམས་ཡིག་དེ་ནི་རྒྱ་གཞུང་རང་ཉིད་ཀྱིས་གཏན་འབེབས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་ཟེར་བའི་ལམ་ལུགས་དང་། རྨང་གཞི་དེའི་ཐོག་ནས་གཏན་ལ་ཕབ་པའི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་ཐོག་གི་ཁེ་དབང་དང་ཐོབ་ཐང་རྣམས་ཁྲིམས་ཐོག་ནས་མེད་པ་བཟོ་བའི་ཐབས་བྱུས་ཅིག་ཡིན་སྟབས། གྲངས་ཉུང་མི་རིགས་རྣམས་ལ་ཆ་མཚོན་ནས་བཤད་ན། རང་སྐྱོང་གི་ཁེ་དབང་མེད་པ་ཆགས་རྒྱུ་མ་ཟད། མི་རིགས་ཀྱི་ངོ་བོ་དང་། ཐ་ན་མཚོན་རྟགས་ཆུང་ཆུང་ཞིག་ཀྱང་མེད་པ་ཆགས་རྒྱུའི་ཉེན་ཁའི་གནས་སུ་ལྷུངས་ཡོད།
རྒྱ་ནག་གཞུང་གིས་ངེས་པར་དུ་བཅའ་ཁྲིམས་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་དང་། ཁྲིམས་བཟོ་དང་སྲིད་ཇུས་གཏན་འབེབས་ཀྱི་སྐབས་ལག་བསྟར་ནན་པོ་བྱས་ཏེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཡོང་རྒྱུར་ཁག་ཐེག་བྱེད་དགོས་པ་དང་། རྒྱ་ནག་རང་ཉིད་ཙམ་མ་ཟད་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་མཐུན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་། ཤེས་ཡོན། སྐད་ཡིག ཆོས་ལུགས། རིག་གཞུང་བཅས་ཀྱི་ཐོབ་ཐང་འགན་སྲུང་བྱེད་དགོས།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ངོ་བོར་གནོད་འཚེ་གཏོང་བའི་ཁྲིམས་དང་སྲིད་ཇུས་རྣམས་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ལྷག་པར་དུ་མི་རིགས་མཐུན་བསྒྲིལ་ཡར་ཐོན་སྐུལ་འཕེལ་ཟེར་བའི་ཁྲིམས་ཡིག་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་མི་རིགས་ཀྱི་ངོ་བོ་དང་རང་སྐྱོང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་གནོད་འཚེ་ཆེན་པོ་བཟོས་ཡོད།
རུལ་སུངས་ལ་ངོ་རྒོལ་བྱེད་མཁན་བོད་མི་ཆབ་སྲིད་བཙོན་པ་ཨ་ཉག་སེང་སྒྲ་ལོ་བདུན་ལྷག་བཙོན་འཇུག་བྱས་རྗེས་གློད་བཀྲོལ་བཏང་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་ཉེ་འདབས་ཀྱི་མན་ཡེའུ་ཡཱང་བཙོན་ཁང་དུ་མི་ལོ་བདུན་ལྷག་ཙམ་བཙོན་འཇུག་བྱས་པའི་རུལ་སུངས་ལ་ངོ་རྒོལ་དང་སྤྱི་ཚོགས་ལས་འགུལ་བ་ཨ་ཉག་སེང་སྒྲ་ཟླ་ ༢ ཚེས་ ༧ ཉིན་གློད་བཀྲོལ་བཏང་བ་ཤེས་རྟོགས་བྱུང་། རང་ལོ་ ༥༥ ཕེབས་པའི་ཨ་ཉག་སེང་སྒྲ་ལགས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་མཚོ་ནས་ཡིན་པ་དང་། མི་ལོ་བདུན་ལྷག་ཙམ་བཙོན་འཇུག་བྱས་ཏེ་གློད་བཀྲོལ་ཐོབ་ནས་རང་ཁྱིམ་དུ་སླེབས་ཡོད་ཅིང་། འབྲེལ་ཡོད་མི་སྣས་བརྗོད་དོན་ལྟར་ན། ཁོང་བཙོན་གྲོལ་ཐོབ་རྗེས་མཁལ་མ་དང་མིག་གཤིས་སྐྱོ་པོ་ཆགས་ཡོད་པ་དང་།ད་དུང་ཁྲག་ཤེད་ཀྱི་ནད་གཞི་བཅས་གཟུགས་གཞིིའི་གནས་སྟངས་སྐྱོ་པོ་ཆགས་ཡོད་པ་འགྲེལ་བརྗོད་བྱས་ཡོད།
ཛ་དྲག་གི་སྨན་བཅོས་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཡིན་ཀྱང་ཁོང་རང་ཁྱིམ་དུ་སླེབས་རྗེས་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མིར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དང་། དེ་བཞིན་གཞུང་འབྲེལ་མི་སྣས་ཁོང་གློད་བཀྲོལ་དང་འབྲེལ་བའི་པར་རིས་དང་གནས་ཚུལ་ཕྱི་ཕྱོགས་ཀྱི་མི་སྣར་མཁོ་སྤྲོད་མི་ཆོག་པའི་གནོན་ཤུགས་སྤྲད་ཡོད་པ་དང་། གནས་ཚུལ་མཁོ་སྤྲོད་པ་འགྲེལ་བརྗོད་བྱས་པར་གཞིགས་ན། ཁོང་གི་སྨན་བཅོས་ལ་འགོག་རྐྱེན་དང་ལྷག་པར་དུ་ཕྱི་ཕྱོགས་སུ་སྨན་བཅོས་བྱེད་པར་བཀག་འགོག་བཟོ་བཞིན་ཡོད་པའི་གནས་ཚུལ་འདུག ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༦ ཉིན་དགའ་བདེ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཨ་ཉག་སེང་སྒྲ་ལགས་སུ་འཁྲུག་རྩོད་སློང་བ་དང་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་ཉེས་འཛུགས་བྱས་ཏེ་མི་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༩ པར་གློད་བཀྲོལ་ཐོབ་ཀྱི་ཡོད་ནའང་རྒྱ་གཞུང་གིས་ཟླ་བ་ ༥ ཡི་དུས་ཚོད་ཕྱིར་འགྱངས་བྱས་ཡོད།
ཁོང་དང་མཉམ་དུ་ནག་མེད་ཉེས་འགེལ་བྱས་པའི་བོད་མི་གཞན་དག་ནི་བསོད་དུང་དང། ཅིན་ཁྲུན། ཨ་ཞོལ། རྡོ་བཟང་། དབང་རྒྱལ། རྒྱལ་མཚན། ལྡོག་བྷེ། ཨོ་རྒྱན་ཚེ་རིང། དབང་ཆེན་བཅས་ལ་ཚད་གཞི་མི་འདྲ་བའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ད་བར་ཁྲིམས་རྩོད་པ་དང་ཁྱིམ་མི་ཐུག་འཕྲད་བྱུང་བའི་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་ཐུབ་མེད།
ཨ་ཉག་སེང་སྒྲ་ལགས་ནི་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༤ ཉིན་གོ་ལོག་དགའ་བདེ་རྫོང་སྤྱི་བདེ་ཉེན་རྟོག་པས་གཞུང་ལམ་གྱི་འགག་སྒོ་ཞིག་ནས་འཇུ་བཟུང་བྱས་པ་མ་ཟད། གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པར་གཞིགས་ན་སྐབས་དེར་ཁོང་ལ་ཉེས་རྡུང་བཏང་ཚད་མེད་བཏང་ཡོད། ཁོང་ནི་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་དེ་ཁུལ་དུ་ལྐོག་ཟ་རུལ་སུངས་དང་འཁོར་ཡུག་གཏོར་བརླག་ལ་སྐད་བསང་མཐོན་པོས་ངོ་རྒོལ་བྱེད་མཁན་ཞིིག་ཡིན་པ་དང་། སྐབས་དེར་ཁོང་གིས་རོང་འབྲོག་མི་མང་ལྷན་དུ་དམངས་དོན་གླེང་སྟེགས་ཟེར་བའི་དང་བླངས་མི་དམངས་ཀྱི་ཚོགས་པ་ཞིག་གསར་འཛུགས་བྱས་པ་དང་། ཚོགས་པའི་དམིགས་ཡུལ་ནི་རུལ་སུངས་ཐེར་འདོན་དང་། ས་གནས་སྲིད་གཞུང་དང་དཔོན་རིགས་ཚོས་དབང་ཆ་ལོག་སྤྱོད་བྱེད་པ་ཐེར་འདོན་། གོང་རིམ་དབང་འཛིན་པས་སྤྱི་དངུལ་ལོག་སྤྱོད་དང་གཏེར་ཁ་སྔོག་འདོན་། བདག་མེད་སྲོག་ཆགས་རྔོན་རྒྱག་ལ་ངོ་རྒོལ་བྱ་རྒྱུ་བཅས་རེད།
ལས་འགུལ་དེ་དག་ལ་བརྟེན་ནས་ས་གནས་མི་མང་གིས་ཁོང་ལ་གུས་བཀུར་ཆེན་པོ་ཐོབ་ཡོད་པ་དང་། ཕྱི་ལོ་༢༠༡༤ ཟླ་ ༡༢ པར་ཁོང་ས་གནས་དེ་གའི་འབྲོག་པའི་ཕྱུགས་ཟོག་འཚོ་སྐྱོང་ལྷན་ཚོགས་ཀྱི་འགོ་ཁྲིད་དུ་འདེམས་ཐོན་བྱུང་བ་དང་། ཉིན་ཤས་སོང་རྗེས་ཀྱི་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན་དབང་འཛིན་པས་ཁོང་འཇུ་བཟུང་བྱས་ཏེ་ལོ་གཅིག་དང་ཟླ་བ་བཅུ་ཡི་བཙོན་འཇུག་བྱས་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ཉིན་ཟི་ལིང་ཏུན་ཁྲོན་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད།
ཕྱི་ལོ་ ༢༠༡༩ ལོར་ཁོང་ལ་ཉེས་འཛུགས་བྱས་རྗེས་ཁོང་གི་ཁྲིམས་རྩོད་པ་ལིིན་ཆེ་ལའེ་ཡིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ཡོད་ཀྱང་ཁྲིམས་ཁང་གཉིས་ཀས་ཐོག་མའི་ཐག་གཅོད་ལ་འགྱུར་བ་ཅི་ཡང་བཏང་མེད། ཁོང་གི་ཁྲིམས་རྩོད་པས་འགྲེལ་བརྗོད་བྱས་པར་གཞིགས་ན། བཙོན་ཁང་ནང་ཁོང་གི་གཟུགས་གཞིའི་གནས་སྟངས་སྐྱོ་པོ་ཡིན་པ་མ་ཟད་གཟུགས་པོའི་ལྗིད་ཚད་ཀྱང་ཆགས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད།
ཕྱི་ལོ་ ༢༠༡༨ ཟླ་ ༩ པར་ཁོང་འཇུ་བཟུང་བྱས་པ་ནས་བཟུང་བོད་མི་བརྒྱ་ཕྲ་མང་པོས་ཁོང་བཀག་ཉར་བྱས་པའི་ཁྲིམས་མཐུན་མ་ཡིན་པའི་གནད་དོན་ལ་དོགས་འདྲི་དང་ཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་ཡིག་ཐེངས་གསུམ་ཙམ་ཕུལ་ཡོད། ཁོང་གློད་བཀྲོལ་བཏང་ཡོད་ཀྱང་སྨན་བཅོས་བྱེད་པར་འགོག་རྐྱེན་དང་བཀག་འགོག་བྱེད་བཞིན་པ་དེས་འགྲོ་བ་མིའི་ཐོབ་ཐང་གི་ཐད་སེམས་འཚབ་དགོས་པ་ཆགས་ཡོད། རྒྱ་ནག་ནི་རྒྱལ་སྤྱིའི་མནར་གཅོད་དང་དེ་མིན་གྱི་མི་ཆོས་དང་བརྙས་བཅོས་ལ་ངོ་རྒོལ་བྱེད་པའི་སྤྱི་ཆིངས་ལ་མིང་རྟགས་འགོད་མཁན་ཞིག་ཡིན་པའི་ཆ་ནས་ཁྲིམས་ཐོག་གི་འགན་འཁྲི་འཁུར་དགོས་པ་མ་ཟད། དྲང་བདེན་དང་ཕྱོགས་ལྷུང་མེད་པའི་སྒོ་ནས་བརྟག་དཔྱད་བྱེད་དགོས་པ་དང། འགལ་འཛོལ་བྱུང་རིགས་ལ་ཕན་ནུས་ལྡན་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས།
འདི་ག་ལྟེ་གནས་ཁང་གི་ཉམས་ཞིིབ་པ་ཟླ་བ་བཀྲིས་ནས་འགྲེལ་བརྗོད་བྱས་དོན། ཨ་ཉག་སེང་སྒྲ་དང་ཁོང་གི་ནང་མིར་བཙན་གནོན་དམ་དྲག་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པ་མ་ཟད། ཁོང་ལ་དུས་ཐོག་ཏུ་སྨན་བཅོས་འགན་སྲུང་དགོས་པའི་འགྲལ་བརྗོད་བྱས་ཡོད།
༸གོང་ས་མཆོག་ལ་བསྟོད་གླུ་ལེན་མཁན་བོད་པའི་གཞས་པ་ཨ་སངས་ཟླ་བ་དྲུག་བཀག་ཉར་བྱས་ཏེ་གློད་བཀྲོལ་བཏང་འདུག
བོད་ཀྱི་གཞས་པ་གཙུག་ཏེ་(ཨ་སངས་)ལགས་ཟི་ཁྲོན་ཞིང་ཆེན་རྔ་པ་རྫོང་དུ་ཟླ་བ་དྲུག་ཙམ་བཀག་ཉར་བྱས་ཏེ་ཕྱི་ལོ་ ༢༠༢ ༦ཟླ་ ༡ ཚེས་༢༥ཉིན་གློད་བཀྲོལ་བཏང་འདུག ཁོང་གློད་བཀྲོལ་བཏང་ཡང་མུ་མཐུད་ནས་དམ་དྲག་བྱེད་བཞིན་ཡོད་པ་དེས་ཁོང་གི་གཞི་རྩའི་རང་དབང་ལ་ཚད་བཀག་བཟོས་ཡོད་ཅིང་། དེའི་ཁོངས་སུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་བརྗོད་དང་འགྲོ་བསྐྱོད། ཚོགས་འཛུགས་ཀྱི་རང་དབང་སོགས་ཚུད་ཡོད། ཨ་སངས་དང་མཉམ་དུ་འཇུ་བཟུང་བྱས་པའི་དཔལ་སྐྱོང་ལགས་ཀྱི་གནས་སྟངས་ད་དུང་ཁ་གསལ་ཤེས་རྟོགས་ཐུབ་མེད།
ཁོང་བཀག་ཉར་བྱས་ནས་གློད་བཀྲོལ་བཏང་བའི་རྗེས་མགྱོགས་འཕྲིན་ཐོག་བརྙན་ཐུང་ཞིག་ཁྱབ་བསྒྲགས་བྱས་པ་དེར་སྤྱི་ཚོགས་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེན་བྱུང་བར་ཐུགས་རྗེ་ལེགས་གསོལ་དང་ཆབས་ཅིག་ཁོང་གིས་སླར་ཡང་གཞས་གཉིས་པ་སྟེ། <<རྨི་ལམ་གྱི་ཁ་སྟབས་>>ཞེས་པ་འགྲེམས་སྤེལ་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད། ཁོང་གིས་སྔོན་མ་བཀག་ཉར་དང་འབྲེལ་བའི་གནས་ཚུལ་རྣམས་འགྲེལ་བརྗོད་མི་ཐུབ་ཚུལ་ནན་བརྗོད་བྱས་ཡོད། ཁོང་གིས་ད་དུང་རང་ཉིད་བཀག་ཉར་བྱེད་པའི་རིང་ཕ་མ་གཉིས་དང་བཟའ་ཟླ་ལྷ་མོ་ལགས་ནས་དཀའ་སྡུག་མང་པོ་མྱངས་པར་བཀའ་དྲིན་ཆེ་ཞེས་ཞུས་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༧ པར་ཨ་སངས་ལགས་བཀག་ཉར་བྱས་རྗེས་ཁོང་གི་སྔོན་མའི་མགྱོགས་འཕྲིན་མེད་པ་བཟོས་ཡོད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཨ་སངས་ལགས་དང་ཁོང་གི་ནང་མིར་རྒྱ་ནག་གཞུང་གིས་ད་དུང་བལྟ་ཞིབ་ནན་པོ་བྱེད་བཞིན་ཡོད་པ་དང་། ཁོང་འཇུ་བཟུང་བཀག་ཉར་བྱས་པ་དང་འབྲེལ་བའི་གནས་ཚུལ་རྣམས་སྤྱི་ཚོགས་ཐོག་འགྲེལ་བརྗོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག ཕྱི་ལོ་༢༠༢༥ ཟླ་ ༧ ཚེས་ ༨ ཉིན་ཨ་སངས་ལགས་དང་དཔལ་སྐྱོང་རྣམ་གཉིས་ཟི་ཁྲོན་ཞིང་ཆེན་རྔ་པ་རྫོང་ཨ་འདུས་གྲོང་ཚོ་ནས་འཇུ་བཟུང་བྱས་པ་དང་། འཇུ་བཟུང་མ་བྱས་པའི་སྔ་རོལ་དུ་ཁོང་གཉིས་ཀྱིས་མགྱོགས་འཕྲིན་ཐོག་<<ཞི་བདེའི་རྒྱལ་སྲས་>>ཅེས་པའི་གླུ་གཞས་དེ་འགྲེམས་སྤེལ་བྱས་པ་དང་། གཞས་དེ་ནི་བོད་ཀྱི་གྲགས་ཅན་གྱི་གཞས་པ་གཤེར་བསྟན་གྱིས་ཕྱི་ལོ་༢༠༠༦ ལོར་བཏང་བ་དང་གཞས་ཚིག་རྩོམ་མཁན་ནི་ཨ་རིག་མཆོད་རྟེན་ཐར་རེད། གཞས་དེའི་ནང་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་ལ་བསྟོད་དབྱངས་ཕུལ་ཡོད་པར་བརྟེན། མང་ཚོགས་ནས་དོ་སྣང་ཆེན་པོ་བྱས་སྟབས་སྟེགས་བུ་དེ་ནས་ཕྱིར་འཐེན་བྱས་ཡོད།
ཕྲུ་གུ་གཉིས་ཀྱི་ཕ་ཡིན་པའི་ཨ་སངས་ལགས་ནི་རྔ་པ་རྫོང་བར་མ་ཡུལ་ཚོའི་ནག་ཚང་ཁྱིམ་རྒྱུད་ནས་ཡིན་པ་དང་། ཁོང་ནི་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་སོགས་དར་སྤེལ་གཏོང་མཁན་གྱི་གཞས་པ་ཞིག་ཡིན་པ་མ་ཟད། སྔོན་ཆད་རོལ་དབྱངས་བཀྲོལ་གཏོང་བྱས་ཏེ་ཡང་ཡང་བཀག་ཉར་བྱེད་མྱོང་བའི་གྲགས་ཅན་གྱི་སྒྱུ་རྩལ་བ་དགེ་བྷེའི་སློབ་མ་ཡང་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གཞུང་གིས་ཨ་སངས་ལགས་དང་ཁོང་གི་ནང་མིར་དམ་དྲག་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པ་མ་ཟད། ཨ་སངས་ལགས་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་གི་གཏམ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་ལའང་ཚོད་འཛིན་བྱེད་བཞིན་ཡོད། འདི་ག་ལྟེ་གནས་ཁང་གི་ངོས་ནས་ད་དུང་དཔལ་སྐྱོང་ལགས་ཀྱི་གནས་སྟངས་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཁོང་ཁྱེར་རྐྱང་བཀག་ཉར་བྱེད་པ་མཚམས་འཇོག་དགོས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་མཐུན་པའི་ཐོག་ནས་བདེ་འཇགས་ལ་འགན་སྲུང་བྱེད་དགོས།
རྒྱ་ནག་གཞུང་གིས་བོད་ནང་༸གོང་ས་མཆོག་ལ་དད་གུས་ཡོད་པའི་རྣམ་འགྱུར་བསྟན་པ་ཙམ་གྱིས་ཁྲིམས་འགལ་དུ་རྩིས་ཏེ་ཕྱི་ལོ་ ༢༠༡༥ ལོར་རྔ་པ་ཁུལ་ནས་བོད་མི་ཚོས་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་འཁྲུང་སྐར་སྲུང་བརྩི་ཞུས་པའི་ཉེས་མིང་འོག་མི་དགུ་ལ་ལོ་ ༦ ནས་ ༡༤ བར་གྱི་ཁྲིམས་ཐག་བཅད་ཡོད། དེའི་ཁྲོད་འབྲུག་གྲགས་ལགས་སུ་ལོ་ ༡༤ དང་བློ་བཟང་མཁས་གྲུབ་ལགས་ཀྱིས་འཁྲུངས་སྐར་གྱི་ཞལ་འདེབས་བསྡུ་བའི་དྲ་ཚོགས་བཙུགས་པའི་ཉེས་མིང་འོག་ལོ་ ༡༣ ཁྲིམས་ཐག་བཅད་ཡོད། དེ་དག་གི་ཁྲོད་ནས་བོད་མི་དྲུག་ནི་དེ་སྔ་བཙོན་འཇུག་བྱེད་མྱོང་བའི་ཆབ་སྲིད་བཙོན་ཟུར་ཆགས་ཡོད།
སྐྱེ་རྒུ་མདོར་བོད་ཀྱི་ཆོས་ལུགས་འགོ་ཁྲིད་ཞིག་འཇུ་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་བློ་བཟང་ལུང་རིགས་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་ཅིང་། ཁོང་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ནས་བཟུང་ཁོང་གར་སོང་ཆ་མེད་དུ་གྱུར་ཡོད། ད་ལྟ་ཁོང་དགུང་ལོ་ ༥༡ ལ་ཕེབས་ཡོད་པ་དང་ཆུ་དམར་ལེབ་ཀྱི་བ་དགོན་དགོན་པ་ནས་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་བར་གཞིགས་ན། བློ་བཟང་ལུང་རིག་ལགས་འཇུ་བཟུང་བྱས་པ་ནི་རྒྱ་གར་ནས་ཕྱིར་ལོག་གིས་དེ་གར་སློབ་གཉེར་བྱེད་མཁན་གྱི་དགེ་བཤེས་ཞིག་ལ་རོགས་རམ་བྱས་པའི་ཉེས་འཛུགས་དང་འབྲེལ་བ་ཡོད་སྲིད་པ་དང་། ཁོང་ནི་ཆབ་མདོ་ཚ་བ་ནས་ཡིན་པ་དང་། རྒྱ་ནག་གཞུང་གིས་འཇུ་བཟུང་བཀའ་རྒྱ་བཏང་རྗེས་དགོན་པ་ནས་ཕྱིར་འབུད་བྱས་པ་དང་དེ་རྗེས་ཆུ་དམར་ལེབ་ཏུ་བྲོས་བྱོལ་འགྲོ་དགོས་བྱུང་ཡོད།
གནས་ཚུལ་མཁོ་སྤྲོད་མཁན་གྱིས་འགྲེལ་བརྗོད་བྱས་པར་གཞིགས་ན། དགེ་བཤེས་ཁོང་རྗེས་སུ་འབའ་དགོན་དགོན་པར་འདས་གྲོངས་སོང་ཡོད་ཀྱང་། འདས་གྲོངས་སོང་བའི་ཞིབ་ཕྲའི་དུས་ཚོད་ཁ་གསལ་མེད། འབྲེལ་ཡོད་དབང་འཛིན་པས་བློ་བཟང་ལུང་རིགས་གིས་དགེ་བཤེས་དེར་རོགས་རམ་བྱས་པ་དང་ཕྱི་རྒྱལ་དུ་དངུལ་བཏང་བའི་ཉེས་འཛུགས་བྱས་ཡོད་། ཉེས་འཛུགས་འདི་དག་ནི་དུས་རྒྱུན་ཕྱི་ཕྱོགས་སུ་ཆོས་དང་རིག་གཞུང་གི་ཐོག་ནས་འབྲེལ་བ་བྱེད་མཁན་ཚོར་དམིགས་ནས་ཉེས་འཛུགས་བྱེད་ཀྱི་ཡོད།
པྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༦ ཉིན་རྒྱ་ནག་གཞུང་འབྲེལ་གྱི་རྒྱུད་ལམ་ནང་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་བློ་བཟང་ལུང་རིགས་ལགས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་གོ་གནས་མེད་པ་བཟོས་ཡོད་ཅིང་། ཐག་གཅོད་ཀྱི་གསལ་བསྒྲགས་ནང་མིང་འཁོད་པའི་མི་གཞན་གཉིས་སྟེ། མ་ཕེང་ཧྲེང་དང་ཀྲའོ་ཤུས་ཀྲང་གིས་སྒྲིག་འགལ་བྱས་པའི་ཉེས་འཛུགས་བྱས་ཡོད་ཀྱང་། བློ་བཟང་ལུང་རིགས་དང་འབྲེལ་བའི་གནས་ཚུལ་ཁ་གསལ་བརྗོད་མེད། དེའི་ཐོག་ནས་ཁོང་ལས་གནས་ནས་ཕུད་པ་དང་འཇུ་བཟུང་བྱས་པ་ནི་ཆབ་སྲིད་རང་བཞིན་གྱི་གནས་ཚུལ་ཞིག་ཡིན་སྲིད་པའི་དོག་པ་བྱེད་ཀྱི་ཡོད།
འཇུ་བཟུང་མ་བྱས་གོང་བློ་བཟང་ལུང་རིང་ལགས་ནི་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འགན་འཛིན་སྐུ་གཞོན་དང་། སྐྱེ་རྒུ་མདོ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་འགན་འཛིན་གཞོན་པ། དེ་བཞིན་སྐྱེ་རྒུ་མདོ་སྲིད་གྲོས་ཀྱི་དབུ་འཛིན་གཞོན་པ་བཅས་ཀྱི་ཐུགས་འགན་བཞེས་ཡོད། ཕྱི་ལོ་ ༡༩༩༩ ལོར་སྐྱེ་རྒུ་མདོ་ནང་བསྟན་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཡང་གནང་ཡོད།
བློ་བཟང་ལུང་རིང་ལགས་ཕྱི་ལོ་ ༡༩༧༥ ཟླ་ ༨ ཚེས་ ༢༥ ཉིན་ཆུ་དམར་ལེབ་རྫོང་དུ་འཁྲུངས་། ༡༩༨༢ ལོར་འབའ་ཁྲི་རྒྱུ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་ཞུས་པ་དང་། ལྷ་སའི་སེ་ར་དགོན་དུ་མི་ལོ་ ༢༡ རིང་སློབ་གཉེར་གནང་ཞིང་། ཕྱི་ལོ ༢༠༠༢ ལོའི་ཟླ་ ༧ པར་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་བཀའ་བསྟན་དཀར་ཆག་རྩོམ་སྒྲིག་ཁང་གི་སློབ་སྟོན་པར་བསྐོ་བཞག་བྱས། ཕྱི་ལོ་ ༢༠༠༣ ལོར་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༣ པར་མཚོ་སྔོན་དགེ་འོས་སློབ་ཆེན་ནས་རབ་བྱམས་པའི་མཚན་གནས་ཐོབ་ཡོད།
རྒྱ་ནག་གཞུང་གིས་བློ་བཟང་ལུང་རིགས་ལགས་འཇུ་བཟུང་བྱས་པའི་ཁྲིམས་ཐོག་གི་རྒྱུ་རྐྱེན་གང་ཡིན་ཁ་གསལ་འགྲེལ་བརྗོད་བྱས་མེད་ལ། ཁོང་གང་དུ་ཡོད་མེད་དང་ཁྲིམས་ཐོག་གི་ཀྱི་རོགས་རམ་ཐོབ་མིན་སོགས་གསལ་བཤད་ཅི་ཡང་བྱས་མེད། ཁོང་འཇུ་བཟུང་བཀག་ཉར་དང་གར་སོང་ཆ་མེད་དུ་གྱུར་བ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་འགལ་འཛོལ་ཆེན་པོ་ཞིག་ཆགས་ཡོད།
དཀར་མཛེས་སུ་ཁྲིམས་འགལ་གཏེར་ཁ་སྡོག་འདོན་ལ་ངོ་རྒོལ་བྱེད་མཁན་བོད་མི་རྣམས་བཀག་ཉར་ཉེས་རྡུང་དང་མཉམ་སྡེབ་ཉེས་ཆད་བཏང་འདུག
ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༥ ཉིན་ཁམས་རྫ་ཆུ་ཁ་ཀ་བཞི་སྡེ་པར་གཏེར་ཁ་སྡོག་འདོན་བྱེད་བཞིན་པ་དེ་གའི་ཡུལ་མིས་མཐོང་ནས་བཀག་འགོག་དང་ཡུལ་ཚོའི་འགོ་ཁྲིད་ལ་ཡར་ཞུ་བྱས་པར། ཡུལ་ཚོའི་འགོ་ཁྲིད་ཀྱིས་ཁོང་རྣམས་ལ་རྒྱབ་སྐྱོར་བྱ་རྒྱུ་ལས་ལྡོག་ཏེ་། ས་ཆའི་བདག་དབང་ཚང་མ་རྒྱལ་ཁབ་ལ་ཡོད། ཁྱེད་ཚོས་གསེར་རྐོ་བ་བཀག་འགོག་བྱས་པ་ནོར་འཁྲུལ་ཡིན་ལུགས་ནན་བརྗོད་བྱས་པར་བརྟེན། ཡུལ་མི་དང་འགོ་ཁྲིད་བར་ཁ་རྩོད་ཤོར་། ཚེས་ ༦ ཉིན་དགོང་དྲོ་ཚོུད་ ༦ ཙམ་ནས་ཡུལ་མི་འཇུ་བཟུང་བྱས་ཏེ་སེར་ཤུལ་རྫོང་དུ་བཙན་ཁྲིད་བྱས་པ་དང་། དེ་གར་བཀག་ཉར་བྱེད་རིང་ཉེས་རྡུང་བཏང་ནས་འགའ་ཤས་རྩིབ་མ་བཅག་པ་དང་མཁལ་མ་ནད་པ་ཆག་པ། ནག་ལོག་བརྒྱབ་པ་བཅས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད།
རྫོང་སྨན་ཁང་དུ་བརྟག་དཔྱད་བྱས་ཀྱང་དོ་བདག་ལ་བརྟག་དཔྱད་ཀྱི་འབྲས་བུ་མི་སྤྲོད་པ། གཉིད་ཁུག་ཏུ་མི་འཇུག་པ་དང་གཅིན་པ་གཏོང་བར་ཡང་འགྲོ་རུ་མི་འཇུག་པ། ཉིན་རེའི་ཁ་ལག་རྩམ་པ་དང་ཆུ་གྲང་མོ་ཏོག་ཙམ་ལས་མི་སྤྲོད་པ། ཕྱི་ཕྱོགས་སུ་གནས་ཚུལ་རྒྱུད་གཏོང་མི་བྱེད་པའི་འགན་ལེན་གྱི་མཚན་རྟགས་བསྡུ་རུབ་བྱེད་དུ་འཇུག་པ། རྒན་རབས་མང་པོའི་ཁ་པར་ལ་ཞིབ་བཤེར་དང་དྲི་རྩད་བྱས་ཏེ་ཕྱིར་ལོག་བཏང་ཡོད་ཀྱང་། ཉིན་ཤས་རྗེས་སླར་ཡང་དྲི་རྩད་སྐོང་འགུག་བྱས་ཏེ་ཕྱི་ཕྱོགས་སུ་གནས་ཚུལ་སྐྱལ་ཡོད་མེད་མུ་མཐུད་ནས་ཞིབ་བཤེར་བྱེད་པ། ཁྱིམ་ཚང་མང་པོའི་ནང་པར་ཆས་དང་སྒྲ་འཇུག་འཕྲལ་ཆས་བཙུགས་ནས་ལྐོག་ཉན་བྱེད་པ་སོགས་མིའི་རང་དབང་དང་ཐོབ་ཐང་ལ་བཙན་གནོན་གཏོང་བའི་བྱེད་ཐབས་ཡོད་ཚད་སྤྱད་ཡོད།
ཀ་བཞི་ཡུལ་ཚོའི་མི་མང་གིས་དོག་དྲི་བྱས་པར་ལྟར་ན། ཡུལ་ཚོའི་འགོ་ཁྲིད་ཚོས་ཡང་ནས་ཡང་དུ་གོང་རིམ་འགོ་ཁྲིད་ལ་ཡར་ཞུ་མི་ཆོག་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པར་བལྟས་ན། གཏེར་ཁ་སྡོག་འདོན་བྱེད་མཁན་དང་ས་གནས་འགོ་ཁྲིད། དེ་བཞིན་ཚོང་པ་བཅས་ངན་པ་ལག་སྦྲེལ་བྱེད་བཞིན་ཡོད་པ་དོག་པ་བྱེད་པ་མི་བྱེད་ཀ་མེད་ཆགས་ཡོད། དེའི་རྐྱེན་གྱིས་ནག་ཉེས་དང་ནོར་འཁྲུལ་སྦས་སྐུང་གྱི་ཆེད་མི་དམངས་ཀྱི་ཁ་འགོག་གི་ཡོད། <<རྒྱ་ནག་གི་རྩ་ཁྲིམས་>>དོན་ཚན་ ༤༡ ནང་གཏན་འབེབས་བྱས་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཞིག་ཡིན་ཕྱིན། རྒྱལ་ཁབ་ཀྱི་ལས་ཁུངས་གང་རུང་དང་རྒྱལ་ཁབ་ཀྱི་ལས་བྱེད་སུ་རུང་ལ་སྐྱོན་བརྗོད་དང་བསམ་འཆར་འདོན་པའི་ཁེ་དབང་ཡོད་ཅིང་། སྤྱི་དམངས་ཀྱིས་གནས་ལུགས་ཞུས་པ་དང་ཞུ་གཏུགས་བྱས་པའམ་སྐྱོན་བརྗོད་བྱས་པར་རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་ཀྱིས་དོན་དངོས་ཞིབ་འཇུག་གིས་ཐག་གཅོད་བྱ་རྒྱུའི་འགན་འཁུར་དགོས་ཞེས་གཏན་འབེབས་བྱས་ཡོད།
ཆེད་ལས་མཁས་པས་ཐུན་མོང་ངོས་འཛིན་བྱས་དོན། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ནི་ཉམས་སླ་བ་དང་གསོ་དཀའ་བའི་ཁྱད་ཆོས་ཡོད་པར་བརྟེན། གཞན་ལས་ལྷག་པའི་སྲུང་སྐྱོབ་དང་གཞན་ལས་ལྷག་པའི་གཅེས་སྤྲད་བྱེད་དགོས་ཀྱི་ཡོད། དེར་བརྟེན ཀ་བཞིའི་ཡུལ་ཚོའི་མི་དམངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྙིང་བཅངས་ཀྱིས་འབྲེལ་ཡོད་འགོ་ཁྲིད་ལ་གནས་ཚུལ་སྙན་གསེང་དང་། ཁོར་ཡུག་གཏོར་བརླགས་འགྲོ་གཞིའི་དོན་རྐྱེན་བཀག་འགོག་བྱས་པ་དེ་ཁོ་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་ཞིག་ཡིན་ཀྱང་། ས་གནས་སྲིད་གཞུང་གིས་དེ་ལས་ལྡོག་ཏེ་ཁོ་ཚོའི་དྲང་བདེན་གྱི་ཞུ་འབོད་དག་ཁྲིམས་འགལ་དུ་ངོས་འཛིན་བྱས་པ་མ་ཟད། འཇུ་བཟུང་བཀག་ཉར་དང་ཚ་དྲི་བྱས་ཏེ་ལུས་སེམས་གཉིས་ཀར་གནར་གཅོད་བཏང་བ་དེས་ས་གནས་སྲིད་གཞུང་རང་ཉིད་ཁྲིམས་འགལ་ཆགས་ཡོད།
འདི་ལྟ་བུའི་གནས་ཚུལ་ལྷག་པ་ད་ཐེངས་ཐོག་མ་མིན་ལ་མཐའ་མ་ཡང་ཡིན་མི་སྲིད། ས་གནས་སྲིད་གཞུང་དང་དཔོན་རིགས།གཏེར་ཁ་སྡོག་འདོན་བྱེད་མཁན་གྱི་ཁེ་ལས་དང་ཚོང་པ་ངན་འབྲེལ་བྱས་ཏེ་ཁྲིམས་ལུགས་ཀྱི་གཏན་འབེབས་རྡོག་རོལ་བཞིན་པའི་གནས་ཚུལ་འདི་འདྲ་བྱུང་དང་བྱུང་མུས་ཡིན། དཔེར་ན། ཕྱི་ལོ་ ༢༠༢༢ ལོར་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སེར་རྙེད་ཆུས་སུ་ཁྲིམས་འགལ་གྱི་གཏེར་ཁ་སྡོག་འདོན་བྱས་ཏེ་ས་གནས་དེ་གའི་རྩ་ཐང་དང་། རྒྱུག་ཆུ། བདག་མེད་སྲོག་ཆགས་སོགས་སྐྱེ་ཁམས་ཁོར་ཡུག་ལ་ཚབས་ཆེའི་གནོད་འཚེ་བཏང་བའི་དོན་རྐྱེན་ཞིག་ཐོན་ཡོད། དེ་ནི་ས་གནས་དེ་གའི་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད། གཏེར་ཁ་སྡོག་འདོན་བྱེད་མཁན་ཁེ་ལས་ངན་འབྲེལ་གྱིས་ཁྲིམས་འགལ་སྡོག་འདོན་བྱས་ཡོད་ཅིང་། སྐབས་དེར་སྡོག་འདོན་བྱེད་མཁན་གྱི་ཁེ་ལས་ནི་རྒྱ་ནག་འཛུགས་སྐྲུན་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སི་ཟེར་ཡིན་པ་དང་། ཀུང་སི་དེས་ཆོག་མཆན་ཐོབ་པའི་ཁྱབ་ཁོངས་ལས་བརྒལ་ནས་གང་བྱུང་གིས་གཏེར་ཁ་སྡོག་འདོན་བྱས་པ་དེས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལ་ཚབས་ཆེའི་གནོད་འཚེ་ཐེབས་བཞིན་པར་བརྟེན། ས་གནས་ཡུལ་མི་ཚོས་འབྲེལ་ཡོད་ཚན་པར་སྙན་གསེང་དང་ཡར་ཞུ་བྱས་རྗེས་ལས་གཞི་དེ་མཐར་བཀག་སྡོམ་མི་བྱེད་ཀ་མེད་ཆགས་ཡོད།
གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་ནས་འགྲེལ་བརྗོད་གནང་དོན། སེར་ཤུལ་རྫོང་འཐབ་ཕྱོགས་གཅིག་གྱུར་དང་། དྲག་ཆས་ཉེན་རྟོག་པ། དམག་མི། ཡུལ་ཚོའི་འགོ་ཁྲིད་བཅས་ཀྱིས་ཀ་བཞིའི་ཡུལ་ཡོངས་རྫོགས་མཐའ་སྐོར་བ་མ་ཟད། ད་ལྟའི་ཆར་མི་གྲངས་བརྒྱད་བཅུ་ལྷག་ཙམ་འཇུ་བཟུང་བྱས་ཡོད་པའི་ཁྲོད་འགའ་ཤས་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང། དུས་རྒྱུན་ནས་ཀྱང་ཡུལ་ཚོའི་འགོ་ཁྲིད་ཚོས་དགོན་པའི་ཚོགས་འཚོགས་སྐབས་དགེ་འདུན་པ་བཞི་ཙམ་ལས་འཛོམས་མི་ཆོག་པ་དང། མི་མང་གིས་མ་ཎི་འཚོགས་མི་ཆོག་པ། རྒན་ཁོག་གླིང་སྐོར་དུ་འགྲོ་མི་ཆོག་པ། མི་གྲངས་བཅུ་ལྷག་འདུ་འཛོམས་མི་ཆོག་པ་མ་ཟད། སློབ་ཕྲུག་རྣམས་སློབ་གྲྭའི་དགུང་གསེང་སྐབས་རིག་གཞུང་ཟབ་སྦྱོང་གི་འཛིན་གྲྭ་ཚུགས་མི་ཆོག་པ་བཅས་ཡ་ང་བའི་གནས་སྟངས་རྣམས་འགྲེལ་བརྗོད་གནང་ཡོད།
ཀ་བཞིའི་ཡུལ་ཚོའི་མི་དམངས་ལ་འཕྲད་བཞིན་པའི་དཀའ་ངལ་འདི་ནི་ཁོར་ཡུག་ཉམས་ཆག་གི་དཀའ་ངལ་ཙམ་མ་ཟད། ཆོས་ལུགས་དང་རིག་གཞུང་གི་རང་དབང་བཙན་འཕྲོག་བྱེད་པའི་དཀའ་ངལ་ཞིག་ཀྱང་ཆགས་ཡོད་པ་མ་ཟད། དཀའ་ངལ་འདི་ནི་ཟུར་བལྟས་ལེབ་མཐོང་ཞེས་པའི་དཔེ་ལྟར་། བོད་ས་སྤྱི་ཡོངས་ལ་འཕྲད་བཞིན་པའི་དཀང་གྱི་མཚོན་རྟགས་ཤིག་ཀྱང་རེད་ཅེས་བརྗོད་ཆོག འཛམ་གླིང་ཡང་ཐོག་ཏུ་གནས་པའི་བོད་ནི་སྐྱེ་ཁམས་ཁོར་ཡུག་ཐོག་ནས་བཤད་ན། ཆུ་བོ་ཀུན་གྱི་འབྱུང་ཁུངས་དང་ཨེ་ཤི་ཡའི་ཆུ་མཛོད་ལྟ་བུ་ཡིན་སྟབས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་བོད་གཅིག་པུའི་ཁེ་ཕན་ཙམ་མ་ཡིན་པར་ཨེ་ཤི་ཡ་ཡོངས་དང་། ཐ་ན་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐད་ཀའི་འབྲེལ་བ་ཡོད།
དེར་བརྟེན། བོད་ནང་བྱུང་དང་བྱུང་བཞིན་པའི་གནད་དོན་འདི་དག་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་གྲོས་ཚོགས། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་དང་ཐད་ཀའི་འབྲེལ་བ་ཡོད་པའི་ཚོགས་པ་དང་ཞིབ་འཇུག་མཁན་ཚང་མས་གཞན་ལས་ལྷག་པའི་དོ་སྣང་དང་སེམས་འཁུར་བྱས་ཏེ། ད་ལྟ་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་བྱ་སྤྱོད་འདི་དག་ཕྲལ་དུ་འཚམས་འཇོག་དགོས་པ་མ་ཟད། སླད་འདི་དང་འདི་ལྟ་བུའི་དོན་རྐྱེན་མི་ཡོང་བའི་བྱ་སྤྱོད་སྤེལ་དགོས་པ་དེ་ང་ཚོ་ཐུན་མོང་གི་འགན་ཁྲི་དང་ཁེ་ཕན་ཆགས་ཡོད།
རྡོ་རྗེ་བརྟན་མི་རིགས་ལག་རྩལ་སློབ་གྲྭའི་སློབ་སྤྱི་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་འདུག
ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་སྤྱི་རྡོ་རྗེ་བརྟན་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༤ ཉིན་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་པ་མ་ཟད། སློབ་ཕྲུག་རྣམས་ཀྱང་རང་ཁྱིམ་དུ་ལོག་བཅུག་པའི་གནས་ཚུལ་ཐོན་ཡོད། ཡིན་ནའང་། ཁོང་འཇུ་བཟུང་བྱེད་མཁན་དེ་ས་གནས་རྒྱ་ནག་གཞུང་གི་ཉེན་རྟོག་ཡིན་དང་། ཡང་ན་བདེ་འཇགས་ལས་ཁུངས་སུ་ཡིན་ཁ་གསལ་ཤེས་རྟོགས་མེད་ལ། ཁོང་ད་ལྟ་གང་དུ་ཡོད་པ་དང་གནས་སྟངས་ཇི་འདྲ་ཡིན་པའང་ཞིབ་ཕྲ་ཤེས་རྟོགས་མེད།
རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་དུ་རྒྱལ་སྤྱིའི་ཐོག་བོད་དུ་གནམ་ས་བླ་འོག་ལྟ་བུའི་ཡར་རྒྱས་དང་འགྱུར་ལྡོག་བྱུང་སྐོར་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། བོད་ནང་གི་དངོས་ཡོད་གནས་སྟངས་ནི་དཀའ་ངལ་ཆེན་པོའི་གནས་ཡོད་ཅིང་། ཤེས་ཡོན་སློ་གསོ་གཅིག་པུར་བལྟས་ནའང་བོད་ཕྲུག་ན་གཞོན་ཚོར་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་ཐོབ་ཐང་དང་བེད་སྤྱོད་ཀྱི་ཁོར་ཡུག་མེད་པ་མ་ཟད། གཞི་རིམ་རྨང་གཞིའི་སློབ་གསོ་མྱོང་བའི་གནས་སྟངས་ཀྱང་ཧ་ཅང་ཁག་པོ་ཡིན་པར་བརྟེན། བོད་མི་མང་པོས་ཐབས་བརྒྱ་ཇུས་སྟོང་གི་ཐོག་ནས་སྒེར་གཉེར་སློབ་གྲྭ་བཙུགས་ནས་བོད་ཕྲུག་རྣམས་ལ་ཤེས་ཡོན་སློབ་གསོ་མྱོང་བའི་གོ་སྐབས་བསྐྲུན་བཞིན་ཡོད། རྗོ་རྗེ་བརྟན་མི་རིགས་ལས་རིག་ལག་རྩལ་སློབ་གྲྭ་ནི་དེའི་ནང་གི་གཅིག་རེད།
སློབ་སྤྱི་རྡོ་རྗེ་བརྟན་རིན་པོ་ཆེ་མཆོག་ནས་དེ་ཁུལ་གྱི་བོད་ཕྲུག་རྣམས་ལ་སློབ་གྲྭ་གསར་འཛུགས་བྱ་རྒྱུ་དེ་རང་གི་ཆོས་ཉམས་ལེན་བྱ་རྒྱུ་ལས་གལ་གནད་ཆེ་བར་ངོས་འཛིན་གྱིས་ཆོས་ཉམས་ལེན་བྱ་རྒྱུའི་ཐོག་མའི་འཆར་གཞི་ཡང་ཕྱིར་འཐེན་གནང་ཡོད། ཡུན་རིང་རྗེས་ལུས་ཐེབས་པའི་ཁུལ་དེར་ཆ་མཚོན་ན། ཁོང་ནི་མིང་དོན་མཚུངས་པའི་རིག་པའི་སྒྲོན་མེ་སྤར་མཁན་ཞིག་ཆགས་ཡོད། དེར་བརྟེན་། ཁོང་འཇུ་བཟུང་བྱས་པ་དེར་མི་མང་པོས་སེམས་ཁྲལ་བྱེད་ཀྱི་ཡོད་ལ། ཁོང་གི་བདེ་འཇགས་ཐད་དེ་བས་ཀྱང་སེམས་ཁྲལ་བྱེད་ཀྱི་ཡོད། མ་ཟད་ཕྱིར་ལོག་བྱེད་དུ་བཅུག་པའི་བོད་ཕྲུག་སྟོང་ཕྲག་གཅིག་ལྷག་ཙམ་གྱི་མ་འོངས་པའི་མདུན་ལམ་ཐད་དེ་བས་སེམས་ཁྲལ་བྱ་གཞི་ཆགས་ཡོད།
ཕྱི་ལོ་ ༡༩༩༧ ལོར་རྡོ་རྗེ་བརྟན་རིན་པོ་ཆེས་འབད་བརྩོན་ཆེན་པོས་ཕྱོགས་གཅིག་ནས་མ་དངུལ་འཚོལ་བ་དང་། ཕྱོགས་གཞན་ཞིག་ནས་འབྲེལ་ཡོད་གོང་རིམ་ལ་སྙན་གསེང་ཞུས་ཏེ་དེ་ཁུལ་གྱི་བུ་ཕྲུག་རྣམས་མི་ཚེ་ཧྲིལ་པོ་ཕྱུག་རྫི་བྱེད་པའི་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུའི་དམ་བཅའ་བཞག་ཡོད། དེ་ཡང་སྐབས་དེར་ཁོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གྲོས་ཀྱི་ཨུ་ཡོན་དང་། གཅིག་སྒྲིལ་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྨིན་ཐང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན་སྟབས། གཞི་རིམ་མི་དམངས་ཙམ་མ་ཟད། གོང་རིམ་འགོ་ཁྲིད་ལས་བྱེད་དང་ཡང་འབྲེལ་བ་ཟབ་མོ་ལྡན་ཡོད་ལ། དེ་ཁུལ་གྱི་བོད་མི་གཞན་ལས་ལྷག་པའི་བལྟ་རྒྱ་དང་མཐོང་རྒྱ་ཆེ་བ་ཡོད་སྟབས། བོད་དང་བོད་མི་རིགས་ཡར་རྒྱས་འགྲོ་བར་ཤེས་ཡོན་སློབ་གསོ་ནི་འགག་རྩ་ཡིན་པ་ཁོང་གི་ཐུགས་ལ་དགོངས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༩ ལོར་ཁོང་གིས་<<རྒྱ་ནག་གི་དང་བླངས་མཁན་>>ཟེར་བའི་དུས་དེབ་ཀྱི་བཅའ་དྲི་དང་ལེན་བྱེད་སྐབས། ངའི་རེ་བར་ང་ཚོའི་ཤེས་ཡོན་སློབ་གསོ་ནི་མི་རིགས་ཀྱི་འདུ་ཤེས་ཡོད་པའི་ཤེས་ཡོན་གྱི་སློབ་གསོ་ཡིན་དགོས། ཤེས་ཡོན་ནི་འགག་རྩ་ཡིན་པ་དང་། དེ་ནི་རྒྱལ་ཁབ་དང་མི་རིགས་མཐུན་བསྒྲིལ་གྱི་སྟོབས་ཤུགས་ཡིན་། ང་ཚོའི་སློབ་གསོས་ཕྱི་དངོས་པོའི་ཐོག་གི་སློབ་གསོ་སྤྲོད་དགོས་ལ། ནང་བསམ་བློའི་ཐོག་གི་སློབ་གསོ་ཡང་སྤྲོད་དགོས། ང་རང་ཤེས་ཡོན་སློན་གསོའི་ལས་ཀར་ཞུགས་པའི་ཉིན་མོ་དེ་རང་ནས་དཀའ་ཚེགས་དང་ངལ་དུབ་ཇི་ཙམ་ཆེ་ཡང་། མི་རིགས་དང་མི་རབས་རྗེས་མ་ཚོར་འགན་འཁུར་བའི་ཐོག་ནས་ལས་དོན་སྒྲུབ་རྒྱུ་ཡིན་ཞེས་ནན་གསུངས་གནང་ཡོད།
ཁོང་གིས་དེ་ལྟ་བུའི་དཀའ་ངལ་མང་པོར་གདོང་ལེན་གནང་བ་དང་། དེའི་ཐོག་སྐབས་དེའི་གཅིག་སྒྲིལ་རྫོང་གི་རྒྱབ་སྐྱོར་བཅས་ཀྱི་འོག་ ༡༩༩༧ ཟླ་ ༨ ཚེས་ ༢༣ ཉིན་སྨིན་ཐང་ཤང་གཉན་པོ་གཡུ་རྩེའི་སློབ་ཆུང་དངོས་སུ་གསར་འཛུགས་བྱས་ཏེ་དེ་ཁུལ་གྱི་བྱིས་པ་རྣམས་རིན་མེད་ཐོག་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་ཡོད་ལ། ཁོང་གི་ཕུགས་བསམ་གྱི་གོམས་པ་དང་པོ་དེ་ཡང་སྤོ་འགོ་ཚུགས་ཡོད།
ཡིན་ནའང། ཕྲུ་གུ་མང་པོ་ཞིག་འོས་འགན་སློབ་གསོ་ཐོབ་རྗེས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་མུ་མཐུད་ནས་སློབ་གསོ་མྱོང་ཐུབ་ཀྱི་མེད་ཅིང་། འོས་འགན་སློབ་གསོའི་གནས་ཚད་དེ་ཙམ་གྱིས་མི་ཚེའི་མདུན་ལམ་ཐག་གཅོད་ཐུབ་ཀྱི་མེད་སྟབས། ཁོ་ཚོ་སྔར་བཞིན་སྤྱི་ཚོགས་དང་དུས་རབས་ཀྱི་རྗེས་སུ་ལུས་ནས་ཕྱུག་རྫི་ལུག་རྫི་བྱ་རྒྱུ་ལས་གདམས་ཁ་གཞན་མེད། དེར་བརྟེན། ཕྱི་ལོ་ ༢༠༡༠ ལོར་གཞུང་གི་རྒྱབ་སྐྱོར་འོག་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་ཞེས་པ་གསར་འཛུགས་བྱས་ཏེ་མུ་མཐུད་ནས་སློབ་སྦྱོང་བྱ་རྒྱུའི་ཆ་རྐྱེན་དང་གོ་སྐབས་བསྐྲུན་ཡོད།
སྐབས་དེར་MEལག་རྩལ་གསར་གཏོད་ལས་འཆར་གྱིས་རྡོ་རྗེ་བརྟན་མི་རིགས་ལག་རྩལ་སློབ་གྲྭར་རོགས་རམ་བྱས་ཡོད་ཅིང། ལས་འཆར་དེ་ནི་རྒྱ་ནག་དམངས་འཚོའི་དངུལ་ཁང་གིས་བཙུགས་པ་དང་། རྒྱ་ནག་གི་དབུལ་སྐྱོར་ཐེབས་རྩས་མཉམ་དུ་གཉེར་བའི་སྤྱི་ཕན་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ལས་འཆར་ཞིག་རེད། དུས་དེ་ནས་བཟུང་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་དེ་ཤེས་བྱ་སྣ་མང་སྤྲོད་སའི་ཕྱོགས་བསྡུས་ཅན་གྱི་སློབ་གྲྭ་ཞིག་ཆགས་ཡོད། འགོ་ལོག་ཁུལ་ཙམ་མ་ཟད་བོད་ཀྱི་ས་གནས་གང་ས་ནས་དེ་གར་སློབ་གཉེར་དུ་ཡོང་མཁན་རྒྱུན་ཆད་མྱོང་མེད།
ལས་རིག་ལག་རྩལ་གྱི་ཐོག་ནས་བཤད་ན། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐང་ཁ་དང་། གྱོན་ཆས། གུར་། སྒོ་ཡོལ་སོགས་ཐོན་རྫས་སྣ་ཚོགས་བཟོ་བསྐྲུན་བྱེད་པ་དང་། དེ་ཡང་འཚེམ་ལས་དང་ཇུས་བཀོད་ལག་རྩལ་ཡག་པོ་ཡོང་ཆེད་ཡར་རྒྱས་ཕྱིན་ཟིན་པའི་གྲོང་ཁྱེར་དང་ས་ཁུལ་ནས་ཆེད་ལས་དགེ་རྒན་གདན་འདྲེན་ཞུ་བ་དང་དྲ་ཐོག་དང་དྲ་ཐོག་མ་ཡིན་པའི་རྣམ་པ་ཅི་རིགས་ཀྱི་ཐོག་ནས་སྦྱོང་བརྡར་དང་སློབ་ཁྲིད་ཀྱི་འཛིན་གྲྭ་གཉེར་བར་བརྟེན་། འབྲོག་ཁུལ་གྱི་བུ་ཕྲུག་རྣམས་ལ་ཁ་ཡོག་ལག་ཡོད་ཀྱི་ལག་རྩལ་སློབ་སྦྱོང་དང་། སྤུས་ཚད་མཐོ་བའི་སློབ་གསོ་མྱོང་བའི་འགན་སྲུང་ཐོབ་ཡོད།
དེ་གར་རྣམ་པ་འདྲ་མིན་གྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་རྩལ་སློབ་སྦྱོང་སྤྲོད་པ་མ་ཟད། ད་དུང་བོད་ཡིག་དང་། རྒྱ་ཡིག དབྱིན་ཇི་བཅས་དང་། དེ་བཞིན་རྩིས་རིག་དང་། ཡིག་གཟུགས། ཆབ་སྲིད། ལུས་རྩལ་སོགས་སློབ་ཚན་སྣ་ཚོགས་བཀོད་སྒྲིག་བྱས་ཡོད། སློབ་གཞིའི་ཆུ་ཚད་ཀྱང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དམའ་འབྲིང་དང་མཐོ་འབྲིང་གི་ཆུ་ཚད་ཡོད་པ་མ་ཟད། སྒྲ་རིག་པ་དང་། གསོ་བ་རིག་པ། གླུ་གར། ཡུལ་སྐོར་སྣེ་ཤན་སོགས་ཆེད་སྦྱོང་སློབ་ཚན་ཀྱང་བཀོད་སྒྲིག་བྱས་ཡོད། ལོ་ངོ་དེ་དག་གི་རིང་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭས་ཁྱོན་སློབ་མ་ ༥༠༠༠ ལྷག་ཙམ་གསོ་སྐྱོང་བྱས་ཡོད་ཅིང་། དེའི་ནང་ནས་སློབ་མ་ ༡༠༠༠ ལྷག་ཙམ་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭར་བསྡུས་ནས་ལས་རིགས་སོ་སོའི་ཆེད་ལས་མི་སྣར་གྱུར་ཡོད།
ཕྱི་ལོ་ ༡༩༩༧ ལོར་སློབ་གྲྭ་ཐོག་མར་གསར་འཛུགས་ཀྱི་སྐབས་དགེ་རྒན་ ༣ དང་སློབ་ཕྲུག་ ༢༤ ལས་མེད་པའི་སློབ་ཆུང་ཞིག་ནས། ད་ཆ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ལས་རིག་ལག་རྩལ་གྱི་སློབ་གྲྭ་ཆེ་ཤོས་ཀྱི་གྲས་ཤིག་ཆགས་ཡོད་པ་དང་། ད་ཡོད་ཁྱོན་སློབ་མ་ ༡༣༠༠ ལྷག་ཙམ་ཡོད། ཁོང་ལ་གཅིན་སྙི་ནད་གཞི་ཡོད་ཀྱང་བོད་ཀྱི་གཞི་རིམ་མི་དམངས་ཀྱི་བུ་ཕྲུག་ཚོའི་མི་ཚེའི་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུའི་དམ་བཅའ་དེ་སྔར་བཞིན་དོར་མེད་ལ། ཁོང་གིས་སློབ་གྲྭ་ཐོར་མར་གསར་འཛུགས་བྱེད་པའི་སྐབས་སུའང་རང་ཉིད་ཆོས་ཉམས་ལེན་བྱས་ཏེ་སྡོད་རྒྱུའི་འཆར་གཞི་དེ་དག་ཕྱིར་འཐེན་བྱས་ཏེ་བོད་ཀྱི་འབྲོག་ཁུལ་གྱི་ཤེས་ཡོན་སློབ་གསོ་ཡར་རྒྱས་གཏོང་རྒྱུའི་ཐོག་གཞི་བཅོལ་བ་ལྟར་ད་ལྟ་སྔར་བཞིན་རྒྱུན་འཁྱོངས་གནང་བཞིན་ཡོད།
ཡིན་ནའང། དམ་པའི་སྐྱེ་བུར་བར་ཆད་མང་། ཞེས་པའི་དཔེ་ལྟར། གློ་བུར་དུ་རྒྱ་ནག་གཞུང་གིས་ཁོང་འཇུ་བཟུང་བྱས་ཏེ་ད་ལྟ་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། ད་ཡོད་སློབ་ཕྲུག་ ༡༣༠༠ ལྷག་ཙམ་ཡོད་པ་དག་ཀྱང་ཕ་ཡུལ་དུ་ལོག་དགོས་བྱུང་ཡོད། དེ་ནི་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་གྱོན་གུན་གཅིག་ཡིན་པ་མ་ཟད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གྱོན་གུན་གཅིག་ཀྱང་ཆགས་ཡོད་པས། མི་མང་པོས་དོན་དེར་སེམས་ཁྲལ་བྱེད་ཀྱི་ཡོད་ལ། ལྷག་པར་དུ་སློབ་སྤྱི་རྡོ་རྗེ་བརྟན་པའི་བདེ་འཇགས་ཀྱི་ཐད་དེ་བས་སེམས་ཁྲལ་བྱ་གཞི་ཆགས་ཡོད། དེ་ལྟར་བོད་ཁུལ་དུ་སྒེར་གཉེར་སློབ་གྲྭ་སྒོ་རྒྱག་པའི་གནས་ཚུལ་དེ་ད་རེས་ཐོག་མ་མ་ཡིན་པར་ཕྱི་ལོ་ ༢༠༢༤ ལོར་འཇིགས་མེད་རྒྱལ་མཚན་མཆོག་གིས་གསར་འཛུགས་གནང་བའི་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་སྒོ་བརྒྱབ་པ་མ་ཟད། སེང་འབྲུག་སྟག་རྩེའི་སློབ་གྲྭ་ཡང་སྒོ་རྒྱག་དགོས་བྱུང་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་གིས་སྒེར་གཉེར་སློབ་གྲྭ་ཁག་གིས་མི་སྣ་དང་། རྒྱུ་དངོས། དངུལ་རྩ། སྒྲིག་འཛུགས། ས་གནས། སློབ་བསྡུ་བཅས་ཀྱི་ཐད་རང་ཚུགས་ཐུབ་པ་དྲུག་གི་ཆ་རྐྱེན་བཏོན་པ་ནས་སློབ་བཟུང་བོད་ཀྱི་སྒེར་གཉེར་སློབ་གྲྭ་མང་པོ་སྒོ་རྒྱག་དགོས་པའི་གནས་སྟངས་བྱུང་ཡོད་པས། སྲིད་ཇུས་དེ་དག་གིས་སྒེར་གཉེར་སློབ་གྲྭ་འཛིན་སྐྱོང་དང་། མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་ཐད་དེ་བས་ཀྱང་དཀའ་ངལ་གསལ་པ་བཟོས་ཡོད།
ཡིན་ནའང་།རྡོ་རྗེ་བསྟན་རིན་པོ་ཆེས་སློབ་གྲྭ་གསར་འཛུགས་བྱས་པ་ཁྲིམས་མཐུན་ཡིན་ལ། སློབ་གྲྭ་འཛིན་སྐྱོང་དང་སློབ་ཚན་བཀོད་སྒྲིག་སོགས་ཀྱང་ཁྲིམས་མཐུན་མཐུན་ཡིན། དེ་ཡང་ཕྱི་ལོ་ ༢༠༡༩ ལོར་<<རྒྱ་ནག་གི་དང་བླངས་མཁན་>>ཟེར་བའི་དུས་དེབས་ཀྱིས་ཁོང་ལ་བཅའ་དྲི་བྱས་པའི་ཆེད་སྒྲིག་ལེ་ཚན་དེའི་ནང་གསལ་པོ་འཁོད་ཡོད་པ་སྟེ། དེ་ཡང་ཕྱི་ལོ་ ༡༩༩༧ ལོར་ཁོང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ལ་སློབ་གྲྭ་གསར་འཛུགས་ཀྱི་སྙན་ཞུ་ཕུལ་བ་ནས་བཟུང་རིམ་བཞིན་<< ཕྱི་ལོ་ ༢༠༠༧ ལོའི་ཁུལ་སློབ་གསོའི་བཅའ་ཁྲིམས་>>དང་། <<དམངས་གཉེར་སློབ་གསོ་ཡར་རྒྱས་ཀྱི་བཅའ་ཁྲིམས།>> རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ <<མི་རིགས་སློབ་གསོའི་ལས་དོན་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་གཏན་འབེབས།>> <<མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་ཡར་རྒྱས་ཀྱི་གཏན་འབེབས།>> <<མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལས་རིག་སློབ་གསོའི་ལས་ཀའི་བྱེད་ཕྱོགས།>> བཅས་ཀྱི་བཅའ་ཁྲིམས་དེ་དག་གཞི་རྩར་བཟུང་ནས་<<མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྡོ་རྗེ་བརྟན་མི་རིགས་ལས་རིག་སློབ་གྲྭ་>>ཞེས་པ་དངོས་སུ་གསར་འཛུགས་བྱས་པ་ཞིག་ཡིན་སྟབས། གཞུང་ཕྱོགས་ཀྱིས་ཁོང་འཇུ་བཟུང་བྱེད་པའི་ཁྲིམས་ཐོག་གི་གཞི་རྩ་དང་རྒྱུ་མཚན་གཏན་ནས་མེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བསྒྲགས་གཏམ།
འགྲོ་བ་མིའི་ཐོབ་ཐང་གིས་མི་རྣམས་གཉའ་གནོན་དང་བྲན་གཡོག་ལས་རྒྱལ་བའི་གདེང་སྤོབ་སྤྲོད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལས་འཛིན་ Volker Türk ཡིས་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་གསུང་བཤད་ནང་། ང་ཚོ་སུ་ཡིན་པ་དང་། གང་དུ་སྡོད་ཀྱི་ཡོད་པ། ལས་རིགས་གང་ཡིན་མིན་ལ་མ་ལྟོས་པར་ཚང་མའི་གཅིག་གྱུར་གྱི་མངོན་འདོད་ནི་བདེ་འཇགས་དང་། ཆེ་མཐོང། རང་དབང་བཅས་ཡིན་པ་གསལ་སྟོན་གནང་ཡོད། ཁོང་གི་གསུང་བཤད་ནང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གྱི་གཞི་རྩའི་ཁས་ལེན་དག་ནན་བརྗོད་གནང་ཡོད། ཡིན་ནའང་བོད་ནང་ཆ་མཚོན་ན་ཁས་ལེན་འདི་དག་གྲུབ་རྒྱུར་ད་དུང་རྒྱང་ཐག་རིང་པོ་ཆགས་ཡོད།
འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ལ་རྡོག་རོལ་གཏོང་བའི་སྲིད་ཇུས་ཀྱི་རྐྱེན་པས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། འདས་པའི་ལོའི་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་དང། འཇིགས་སྣང་དང་བཙན་གནོན་ཀྱི་རྣམ་པ་དེ་བས་ཛ་དྲག་ཏུ་སོང་ཡོད། བོད་མིའི་གཏམ་བརྗོད་དང་འདུ་འཛོམས། ཆོས་དད་དང་རིག་གཞུང་རང་དབང་ལ་མུ་མཐུད་ནས་བཙན་གནོན་མྱོང་བཞིན་ཡོད་ཅིང་། རིམ་པ་སྟར་གྱི་ལྟ་སྲུང་དང་བཀག་སྡོམ་གྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་རིག་གཞུང་གི་ངོ་བོ་མཚོན་ཐབས་སོགས་ཞི་བདེ་དང་ཁྲིམས་མཐུན་གྱི་བྱ་སྤྱོད་དག་ཀྱང་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་དུ་ངོས་འཛིན་བྱེད་ཀྱི་ཡོད།
འདི་ལོ་གཅིག་པུར་བོད་མི་མང་པོ་ཞིག་གསལ་ཁ་མེད་པའི་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ནས་བཀག་ཉར་བྱས་ཡོད་ཅིང་། ཁོ་ཚོ་མང་པོ་ཞིག་ལ་གཞི་རྩའི་ཐོབ་ཐང་རྩོད་ལེན་བྱས་པར་ཉེས་ཆད་བཏང་ཡོད། བོད་མི་ཁེ་ལས་པ་རྡོ་རྗེ་བཀྲིས་ལགས་ཡུན་རིང་བཙོན་ཁང་ནང་མནར་གཅོད་ཚད་མེད་མྱངས་པའི་དབང་གིས་གཟུགས་པོའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ཟླ་བ་བརྒྱད་པའི་ནང་ཀིརྟི་དགོན་པའི་དགེ་ཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ལགས་འཇུ་བཟུང་བྱས་པ། ཟླ་བ་དེ་རང་ལ་བོད་ཀྱི་གཞས་པ་ཨ་སངས་ལགས་ཀྱིས་༸གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་སྲུང་རྩི་ཞུ་བའི་གླུ་གཞས་བཏང་བ་ཙམ་གྱིས་འཇུ་བཟུང་བཀག་ཉར་བྱས་ཡོད། ཟླ་བ་དང་པོའི་ནང་བོད་ཀྱི་གྲོང་ཚོའི་འགོ་ཁྲིད་ཞིག་ཟླ་བ་ ༧ ཙམ་བཀག་ཉར་བྱས་རྗེས་འདས་གྲོངས་སོང་བ་དང་། བོད་མི་ ༢༠ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད། དེས་རྒྱ་གཞུང་གི་བཙན་གནོན་འཕྲུལ་ཆས་འོག་གི་བོད་མིའི་ཡ་ང་བའི་གནས་སྟངས་མཚོན་ཡོད།
འཇིགས་སྣང་ཆེ་བའི་གནས་སྟངས་འདིས་བོད་ཀྱི་ཆོས་དང་རིག་གཞུང་གི་ལྟེ་གནས་ཁག་ལ་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། དགོན་པར་དམ་དྲག་དང་ཆོས་ཕྱོགས་ཀྱི་སློབ་གསོར་སྟངས་འཛིན་བྱས་ཏེ། བོད་དང་བོད་མིའི་ངོ་བོ་དེ་གཞུང་འབྲེལ་གྱིས་ངོས་འཛིན་བྱས་པའི་སྒྲོམ་གཞིའི་ནང་དུ་འཇུག་ཐབས་བྱ་རྒྱུར་ཡང་ནས་ཡང་དུ་འབད་བརྩོན་བྱེད་བཞིན་ཡོད།བོད་མི་ཚོས་རིག་གཞུང་སྲུང་སྐྱོབ་དང་ཞི་འཇམ་གྱི་འཐབ་རྩོད་། འགྱུར་བ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་དེ་རིང་ང་ཚོས་སྲུང་རྩི་ཞུ་བཞིན་པའི་རིན་ཐང་གི་ལྟ་བ་སྲུང་སྐྱོབ་བྱེད་ཀྱི་ཡོད།
འདི་ལོའི་ཟླ་ ༡༢ ཚེས་ ༡༡ ཉིན་ནས་འགོ་འཛུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་རྩིའི་ཆེད་འདི་ག་ལྟེ་གནས་ཁང་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་བོད་མི་དྲུག་གི་གནས་སྟངས་ངོ་སྤྲོད་བྱ་རྒྱུ་ཡིན། ཁོ་ཚོའི་ཁྲོད་འགའ་ཤས་ལ་ཡུན་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། འགའ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད། ཁོ་ཚོའི་ལོ་རྒྱུས་ངོ་སྤྲོད་ཀྱི་ཐོག་ནས་ཁོ་ཚོའི་སྙིང་སྟོབས་དང་བློས་གཏོང་ལ་གུས་བཀུར་དང་དྲན་གསོ་བྱས་ཏེ། ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་གྲོལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།
ལྟེ་གནས་ཁང་གི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་འགན་འཁུར་དུ་འཇུག་དགོས་པ་དང་། རྒྱ་ནག་དང་ཕྱོགས་ཚང་མའི་འབྲེལ་ལམ་གྱི་ནང་འགྲོ་བ་མིའི་ཐོབ་ཐང་གཙོ་གནད་དུ་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། རྒྱ་སྐྱེད་འགྲོ་བཞིན་པའི་རྒྱ་ནག་གི་དབང་འཛིན་རིང་ལུགས་དེས་བོད་ནང་གི་རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་འཛམ་གླིང་ཧྲིལ་པོའི་རིན་ཐང་ལ་ཉེན་ཁ་བཟོ་བཞིན་ཡོད་པར་བརྟེན། འགག་རྩའི་དུས་སྐབས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡོངས་ཁྱབ་ཀྱི་རྩ་དོན་འདི་དག་ལ་སྲུང་སྐྱོབ་དང་། མདུང་སེམས་མཉམ་སྐྱེད་ཀྱིས་བོད་མི་དང་མཉམ་དུ་ལངས་དགོས།
རྒྱ་གཞུང་གིས་བཙོན་ཁང་ནང་སྡུག་སྦྱོང་མྱོང་བཞིན་པའི་བོད་ཀྱི་ཚོང་པ་དང་སྤྱི་ཚོགས་ཞབས་ཞུ་བ་རྡོ་རྗེ་བཀྲིས་ཀྱི་གནས་ཚུལ་ལ་ཞིབ་འཇུག་དགོས།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་རང་སྐྱོང་ལྗོངས་གྲྭ་བཞི་བཙོན་ཁང་དུ་ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པའི་རྡོ་རྗེ་བཀྲིས་ལགས་སུ་བློ་ཚབ་ཆེན་པོ་ཡོད། ཁོང་ལ་ཡང་ནས་བསྐྱར་དུ་སྡུག་སྦྱོང་བཏང་ཡོད་པ་མ་ཟད། ནང་མི་ཐུག་འཕྲད་ཡང་བཀག་སྡོམ་བྱས་པའི་གནས་ཚུལ་ཐོན་ཡོད།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༩ ཉིན་བལྟ་སྲུང་ནན་པོའི་འོག་བཙོན་ཁང་གི་ཤེལ་སྒོ་རྒྱུད་ནས་ཁོང་གི་ཁྲིམས་རྩོད་པ་ཝང་ཧྤེའི་ (Wang Fei) དང་ཐུག་འཕྲད་གླེང་མོལ་བྱུང་ཡོད། སྐབས་དེར་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་ ༢༠༢༥ ཟླ་ ༤ ཟླ་འགོར་བཙོན་པ་གསུམ་གྱིས་ཁོང་ལ་གདུག་རྩུབ་ཆེན་པོས་ཉེས་རྡུང་བཏང་ནས་དཔྲལ་བར་ཚབས་ཆེའི་རྨ་ཤུལ་ཡོད་པ་ཤེས་རྟོགས་བྱུང་ཡོད།
འདི་ནི་ཁེར་རྐྱང་གི་གནས་ཚུལ་ཞིག་མ་ཡིན། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༧ ཉིན་བཙོན་པ་བརྒྱད་ཀྱིས་རྡོ་རྗེ་བཀྲིས་ལགས་སུ་དོན་མེད་རུབ་རྡུང་བཏང་ཡོད་ཅིང་། ཁྲིམས་རྩོད་པ་ཝང་ཧྤེའི་ཡིས་ཕྱི་ལོ་ ༢༠༢༠ ལོར་རྡོ་རྗེ་བཀྲིས་ལགས་དང་ཐུགས་འཕྲད་མཐའ་མ་དེ་བྱས་ཡོད། དེ་རྗེས་ཐུག་འཕྲད་ཀྱི་རེ་འདུན་ཐེངས་མང་བཏོན་ཀྱང་ཁས་ལེན་བྱས་མེད། ཡང་ནས་བསྐྱར་དུ་བྱུང་བའི་དོན་མེད་རུབ་རྡུང་གི་དོན་རྐྱེན་འདི་དག་ལས་བཙོན་ཁང་གི་དབང་འཛིན་པས་རྡོ་རྗེ་བཀྲིས་ཀྱི་བདེ་འཇག་སྲུང་སྐྱོབ་ཀྱི་ལས་འགན་ལྗིད་པོ་ཡོད་པ་གསལ་པོར་མཚོན་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙོན་པར་བལྟ་རྟོགས་བྱེད་པའི་ཚད་གཞི་དམའ་ཤོས་ཀྱི་ཁྲིམས་སྲོལ་(མཎ་ཏ་ལ་ཁྲིམས་སྲོལ་)དོན་ཚན་དང་པོའི་ནང་། བཙོན་པ་ཚང་མའི་རང་བཞིན་ལྷན་སྐྱེས་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱེད་དགོས་སྐོར་འཁོད་ཡོད། དོན་ཚན་ ༤༣ པའི་ནང་གསེས་ ༡ ནང་། བཙོན་ཁང་གི་ལས་བྱེད་དང་བཙོན་པ་གཞན་གི་མནར་གཅོད་དང་། འཇིགས་སྐུལ་བཙན་ཤེད་ཀྱི་བྱ་སྤྱོད་མཐའ་དག་བཀག་སྡོམ་བྱེད་དགོས་སྐོར་འཁོད་ཡོད།
ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༩ ཉིན་རྡོ་རྗེ་བཀྲིས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ནས་གསལ་བསྒྲགས་གནང་བར་། རྡོ་རྗེ་བཀྲིས་ལགས་ཐུག་འཕྲད་བྱ་རྒྱུའི་འབད་བརྩོན་ཡང་ཡང་བྱས་ཀྱང་བཀག་འགོག་དང་འཇིགས་སྐུལ་བྱས་ཤིང་། དེ་སྔ་ཁས་ལེན་བྱས་པ་དག་ཀྱང་ཁ་གདན་ཚིག་གནས་མ་ཐུབ་པ་དང། བཙོན་ཁང་གི་འགོ་ཁྲིད་ཚོས་གཞི་མེད་ཁ་གཡར་གྱིས་དུས་ཚོད་འགོར་འགྱངས་བྱས་སྐོར་ནན་བརྗོད་བྱས་ཡོད།
རྡོ་རྗེ་ཚེ་རིང་ནས་ནན་བརྗོད་གནང་དོན། ངས་ལས་དོན་འདི་དག་ལ་ཟླ་བ་གཅིག་ཙམ་བཏང་ཡོད་ཀྱང་། ཁོ་ཚོས་མུ་མཐུད་ནས་ཕྱིར་འགྱངས་ཀྱིས་དུས་ཚོད་འཕྲོ་བརླག་གཏོང་བཞིན་འདུག ཐུག་འཕྲད་ཀྱི་དུས་ཚོད་དེ་ཟླ་བཞི་ཙམ་ཕྱིར་འགྱངས་བྱས་པ་དང་། དབང་འཛིན་པས་རྡོ་རྗེ་ཚེ་བརྟན་ལ་བརྗོད་དོན་། རྡོ་རྗེ་བཀྲིས་ནས་སྒྲིག་འགལ་གྱི་ཉེས་ཆད་དང་ལེན་བྱེད་ཀྱི་ཡོད་ལུགས་བརྗོད་ཡོད། རྡོ་རྗེ་ཚེ་བརྟན་ནས་ཁ་སྣོན་གྱི་ཚུལ་དུ་ཁོང་ཐུག་འཕྲད་ཆེད་ཉིན་བཞི་སྒུག་པ་ཡིན་ཞེས་བརྗོད་། ཁོང་ནས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་སོགས་འབྲེལ་ཡོད་ཁྲིམས་འཛིན་ལས་ཁུངས་ནས་ཐེ་གཏོགས་བྱས་ཏེ་རྡོ་རྗེ་བཀྲིས་ཀྱི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་ཡོད།
རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་ཞི་བའི་ཐོག་ནས་ཐོབ་ཐང་རྩོད་ལེན་བྱས་པར་འཇིགས་སྐུལ་བརྙས་བཅོས་དང་། གང་བྱུང་བཀག་ཉར་བྱས་ཏེ་ལུས་སེམས་གཉིས་ཀར་དཀའ་ངལ་ཆེན་པོ་བཟོས་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༨ ཉིན་ཁོང་གིས་གཡག་མགྲོན་ཁང་ནས་ཕྱིར་ཐོན་ནས་རྡོ་རྗེ་བཀྲིས་ལགས་སུ་བལྟ་བར་འགྲོ་རྩིས་བྱེད་སྐབས། བདེ་སྲུང་མི་སྣས་བཙན་དབང་གི་སྒོ་ནས་ཁོང་བཀག་ཉར་བྱས་ཏེ་འགྲོ་འོངས་དང་ནང་མིར་འབྲེལ་གཏུག་མི་ཆོག་པ་བཟོས། ཉིན་གཉིས་ཀྱི་རྗེས་དཀའ་ངལ་ཇེ་ཆེར་ཕྱིན་པའི་དབང་གིས་མགྲོན་ཁང་གི་ཐོག་བརྩེགས་གཉིས་པ་ནས་མཆོངས་ནས་རང་སྲོག་བློས་གཏོང་བྱས་རྩིས་བྱས་ཏེ་གཟུགས་པོའི་རྒྱབ་དང་རྐང་པར་རྨས་སྐྱོན་བཟོས་ཡོད།
ཁོང་ནས་ཞི་རྒོལ་ཐེངས་མང་བྱས་ཤིང་། དེའི་ནང་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༢ ཚེས་ ༢༠ ཉིན་ལག་ཏུ་ཞི་ཅིང་ཕིང་གི་འདྲ་པར་བཟུང་ནས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མདུན་དུ་ངོ་རྒོལ་ཞུ་འབོད་བྱས།
རྡོ་རྗེ་བཀྲིས་ལགས་ནི་གྲུབ་འབྲས་རྩེར་གསོན་གྱི་བོད་ཀྱི་ཁེ་ལས་མཁས་ཅན་གྱི་གྲས་ཤིག་དང་། གཏོང་ཕོད་ཆེ་བའི་བྱམས་བརྩེའི་ལས་འགུལ་བ་ཞིག་ཀྱང་རེད། ཕྱི་ལོ་ ༢༠༡༠ ལོར་ཁོང་ལ་བུ་ལོན་གཡོ་ལེན་གྱི་ཉེས་འཛུགས་བྱས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ཉེས་བཙུགས་དེ་ནི་མ་ཉེས་ཁ་གཡོག་དང་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་པ་ཞིག་ཡིན་སྟབས། རྡོ་རྗེ་བཀྲིས་ནས་རང་ཉིད་ལ་མ་ཉེས་ཁ་གཡོག་གི་བཙོན་འཇུག་བྱས་པར་ངོ་རྒོལ་ཆེད་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༦ ཉིན་ནས་བཟུང་ཉིན་བཅོ་ལྔའི་རིང་ཟས་བཅད་ངོ་རྒོལ་བྱས། དེའི་རིང་བཙོན་ཁང་གི་འགོ་ཁྲིད་ཚོས་ཁོང་གི་ཁྲག་རྩའི་ནང་བཙན་ཤེད་ཀྱིས་ཆུ་བཏང་བའི་གནས་ཚུལ་ཡང་ཐོན་ཡོད།
རྒྱ་ནག་གི་བཙོན་ཁྲིམས་ནང་བཙོན་ཁང་གི་འགན་འཁུར་བས་བཙོན་པ་སྒེར་གྱི་བདེ་འཇགས་འགན་ལེན་དང་། སྨན་བཅོས་ཀྱི་མཐུན་རྐྱེན་མཁོ་སྤྲོད། ཁྲིམས་མཐུན་གྱི་ཐུག་འཕྲད་དང་ལེན་དགོས་སྐོར་འཁོད་ཀྱང་། བཙོན་པར་ཉེས་རྡུང་དང་ཁྲིམས་རྩོད་པའི་རོགས་རམ་གྱི་ཐོབ་ཐང་མེད་པ་བཟོ་བ། ནང་མིར་འཁོན་ལན་སློག་པ་བཅས་ཀྱི་དོན་རྐྱེན་ལས་འགན་ཁྲི་ལག་བསྟར་བྱེད་པར་ལམ་ལུགས་ཀྱི་སྐྱོན་གནད་ཡོད་པ་གསལ་སྟོན་བྱས་ཡོད།
བཙོན་ཁྲིམས་ཀྱི་དོན་ཚན་བཅུ་བཞིའི་ནང་། བཙོན་ཁང་ལ་ཁྲིམས་ལུགས་ལྟར་མི་དམངས་ཞིབ་དཔྱོད་ཁང་ནས་བལྟ་སྐུལ་བྱེད་དགོས་པ་དང་། མི་དམངས་ཞིབ་དཔྱོད་ཁང་ནས་བཀག་ཉར་བྱས་པའི་མི་སྣར་ཚུལ་མིན་སྔོན་འགོག་དང་ཁེ་དབང་སྲུང་སྐྱོབ་ཀྱི་འགན་ཁྲི་འཁུར་དགོས་ཀྱི་ཡོད། རྡོ་རྗེ་བཀྲིས་ཀྱི་ནང་མི་དང་ཁོང་གི་ཁྲིམས་རྩོད་པ་ཚོས་ཁོང་ལ་ཐུག་འཕྲད་ཁས་ལེན་མ་བྱས་པ་དེས་རྒྱ་གཞུང་གིས་ལྟ་སྐུལ་གྱི་སྒྲིག་སྲོལ་རྩིས་མེད་བཏང་བ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལྟར་ཁོ་ཚོའི་གཞི་རྩའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། དེའི་ནང་ཁྲིམས་རྩོད་པའི་རོགས་རམ་གྱི་ཐོབ་ཐང་དང་ནང་མིར་འབྲེལ་གཏུགས་བྱེད་པ་དང་གང་བྱུང་བཀག་ཉར་ལས་གྲོལ་ཐབས་ཀྱི་ཐོབ་ཐང་སོགས་ཚུད་ཡོད།
རྒྱལ་ཚོགས་ཀྱི་ཆེད་ལས་མཁས་པས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེའི་གྱོད་དོན་ཐད་རྒྱ་གཞུང་གིས་འགན་འཁྲི་འཁུར་དགོས་པའི་དགོས་འདུན་བཏོན་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མཁས་པས་མཉམ་འབྲེལ་ཐོག་ཡིག་ཐོག་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་དཀར་རྡོ་རྗེ་མཆོག་འདས་གྲོངས་སོང་བའི་གནས་ཚུལ་ལ་རྒྱ་ནག་གཞུང་གིས་འགན་འཁྲི་འཁུར་དགོས་པའི་དགོས་འདུན་བཏོན་འདུག། དེའི་གོང་ཙམ་ལ་ཆེད་ལས་མཁས་པ་ཚོས་ཝུའི་ཏི་ནམ་གཞུང་ལའང་སྤྲུལ་སྐུ་ཧཱུྃ་ཀར་དཀར་རྡོ་རྗེ་མཆོག་འཇུ་བཟུང་བཀག་ཉར་དང་གར་སོང་ཆ་མེད་དུ་གྱུར་ནས་འདས་གྲོངས་སུ་གྱུར་བའི་གནད་དོན་ཐད་ལའང་ཡི་གེ་བཏང་ཡོད།
རྒྱལ་ཚོགས་ཀྱི་ཆེད་ལས་མཁས་པས་ནན་བརྗོད་བྱས་དོན་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་གར་སོང་ཆ་མེད་དུ་འགྲོ་བ་འགོག་ཐབས་དང་། ཚེ་སྲོག་སྲུང་སྐྱོབ་དང་བདེན་དོན་སྲུང་སྐྱོབ་དགོས་པའི་འགན་འཁྲི་འཁུར་དགོས། ཁོང་ཚོས་ཉེན་བརྡ་བཏང་དོན། གང་མགྱོགས་ཕྱི་གསལ་ནང་གསལ་གྱིས་ཞིབ་བཤེར་མ་བྱས་པ་དེ་ཕྱི་ལོ་ ༢༠༡༦ ལོར་གཏན་འབེབས་བྱས་པའི་<<མི་ཎི་སོ་ཏའི་སྒྲིག་ཡིག་>>དང་འགལ་འཛོལ་ཤོར་ཡོད་པའི་ཉེན་བརྡ་བཏང་ཡོད་པ་དང་། ཆེད་ལས་མཁས་པས་ད་དུང་སྤྱི་ལོ་ ༢༠༡༣ ལོའི་རྒྱལ་སྤྱིའི་སྤྱི་ཆིངས་ལྟར་། རྒྱ་ནག་གཞུང་གིས་ཡོངས་ཁྱབ་བསྐྱར་ཞིབ་སྐབས་མིའི་ཚེ་སྲོག་གི་རིན་ཐང་ལ་སྔར་ལས་ལྷག་པའི་འགན་ལེན་བྱ་རྒྱུའི་ཁས་ལེན་བྱས་ཡོད་སྟབས། ཆེད་ལས་མཁས་པ་ཚོས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེའི་གྱོད་དོན་ཐད་འདས་ཟིན་པའི་ཁས་ལེན་བརྩི་སྲུང་བྱ་རྒྱུ་ལས་ལྡོགས་སུ་གྱུར་ཡོད་པ་ནན་བརྗོད་བྱས་ཡོད།
ཡི་གེའི་ནང་གཤམ་གསལ་གྱི་དགོས་འདུན་ཁག་བཏོན་ཡོད་པ་སྟེ།
༡། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་འཇུ་བཟུང་དང་གནས་སྤོ་བྱེད་པའི་རྒྱུད་རིམ་ནང་ཝུའི་ཏི་ནམ་གཞུང་དང་ཇི་ལྟར་མཐུན་སྦྱོར་བྱས་པའི་གནས་ཚུལ་ཁ་གསལ་བཟོ་དགོས།
༢། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་སྐུ་གཤེགས་རྗེས་ཀྱི་བརྟག་དཔྱད་དང་ཡང་ན་དྲི་རྩད་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་བཟོ་དགོས།
༣། ནང་མིས་མོས་མཐུན་མེད་པར་སྐུ་ཕུང་མེར་བསྲེགས་བཏང་བའི་རྒྱུ་མཚན་ཁ་གསལ་འགྲེལ་བརྗོད་བྱེད་དགོས།
༤། དགོན་པ་དང་སྤྱི་ཚོགས་ཐོག་བཀག་སྡོམ་རང་བཞིན་གྱི་གནོད་ཤུགས་སྤྲད་མེད་ཡོད་མེད་ར་སྤྲོད་བྱེད་དགོས།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཐེ་གཏོགས་གནང་བར་དགའ་བསུ་ཞུས་པ་མ་ཟད། ཝུའི་ཏི་ནམ་དང་རྒྱ་གཞུང་ཕྱོགས་གཉིས་ཀས་འགན་འཁྲི་འཁུར་དགོས་པའི་ནན་བརྗོད་བྱས་ཡོད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེའི་གྱོད་དོན་ཐད་དྲང་བདེན་རང་དབང་ལྡན་པའི་ཐོག་ནས་ཕྱི་གསལ་ནང་གསལ་གྱི་ཞིབ་བཤེར་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱལ་ཁབ་གཉིས་པོའི་གཞུང་འབྲེལ་གྱི་གསལ་བཤད་ལ་ངེས་པར་དུ་དོ་སྣང་དགོས་པའི་འབོད་སྐུལ་ཞུས་ཡོད།









