རྒྱལ་ཚོགས་ཀྱི་ཆེད་མཁས་པ་བཞིས་ཝུའི་ཏི་ནམ་གཞུང་ལ་སྤྲུལ་སྐུ་ཧཱུྃ་ཀར་དཀར་རྡོ་རྗེ་འདས་གྲོངས་སོང་བའི་གནས་ཚུལ་ཕྱིར་བསྒྲགས་དགོས་པའི་འབོད་སྐུལ་ཞུས་འདུག

0
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མཁས་པ་བཞིས་ཕྱི་ལོ་ ༢༠༢༥ ལོའི་ཟླ  ༨ པར་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཝུའི་ཏི་ནམ་གཞུང་ལ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལུང་སྔོན་དགོན་པའི་དགོན་བདག་སྤྲུལ་སྐུ་ཧཱུྃ་ཀར་དཀར་རྡོ་རྗེ་འཇུ་བཟུང་དང་གར་སོང་ཆ་མེད་དུ་གྱུར་བ། དེ་རྗེས་བཀག་ཉར་འོག་ནས་འདས་གྲོངས་སོང་བར་གསལ་བཤད་དང་འགན་ཁྲི་འཁུར་དགོས་པའི་དགོས་འདུན་བཏོན་ཡོད། གསལ་བསྒྲགས་ནང་གསལ།  སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༥ ཉིན་ཧུའུ་ཆི་མིང་གྲོང་གྲོང་ཁྱེར་ནས་འཇུ་བཟུང་བྱས།  ཉིན་བཞིའི་རིང་ཁེར་རྐྱང་བཀག་ཉར་བྱས་རྗེས་འདས་གྲོངས་སོང་བ་དང་།  ཁོང་ལ་སྙིང་ནད་མེད་ཀྱང་ཝའི་ཏི་ནམ་གཞུང་གིས་སྙིང་ནད་ཀྱིས་གྲོངས་སོང་འདུག་ཅེས་འགྲེལ་བརྗོད་བྱས་པ་མ་ཟད།  སྐུ་ཕུང་ཡང་ནང་མིའི་མོས་མཐུན་མེད་པ་དང་རང་དབང་ཅན་གྱི་ཞིབ་བཤེར་སོགས་གང་ཡང་མ་བྱས་པར་མེར་སྲེག་བཏང་ཡོད། ཆེད་ལས་མཁས་པས་ནན་བརྗོད་བྱས་དོན།  རྒྱལ་ཁབ་སུ་ཞིག་ཡིན་རུང་ཁྲིམས་མཐུན་གྱིས་མི་སྣ་བཀག་ཉར་བྱེད་ཀྱི་ཡོད་ཀྱང་།  ཁོ་ཚོའི་བདེ་འཇགས་ལ་འགན་ཁྲི་འཁུར་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་བ་ཡོད། བཀག་ཉར་འོག་འདས་གྲོངས་སོང་བའི་མི་སྣར་གང་མགྱོགས་ཕན་ནུས་ལྡན་པ་དང་ཕྱོགས་ལྷུང་མེད་པའི་སྒོ་ནས་ཞིབ་བཤེར་མ་ཐུབ་པ་དེས།  <<སྤྱི་དམངས་དང་ཆབ་སྲིད་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>ཀྱི་དོན་ཚན་ ༦ པའི་ནང་མིའི་ཚེ་སྲོག་ཁེ་དབང་ལ་སྲུང་སྐྱོབ་དགོས་པའི་གཏན་འབེབས་དང་འགན་ཡོད་པ་མ་ཟད། གར་སོང་ཆ་མེད་དུ་འགྲོ་བ་འགོག་ཐབས་དང་ཁྲིམས་མཐུན་གྱི་གོ་རིམ་རྒྱུན་འཁྱོངས་དགོས་པའི་རྩ་དོན་བཅས་དང་འགལ་ཡོད། ཁོ་ཚོས་ཝེ་ཏི་ནམ་གཞུང་ལ་གང་མགྱོགས་ཕྱི་གསལ་ནང་གསལ་གྱི་ལན་འདེབས་དགོས་པའི་གཤམ་གསལ་འབོད་སྐུལ་ཞུས་ཡོད་པ་སྟེ། ༡། སྤྲུལ་སྐུ་ཧཱུྃ་ཀར་དཀར་རྡོ་རྗེ་འཛིན་བཟུང་བྱེད་པའི་ཁྲིམས་ཐོག་གི་རྒྱུ་རྐྱེན་དང་། རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་ཉེས་འཛུགས་བྱས་པའི་གནས་ཚུལ་གསལ་བསྒྲགས་བྱེད་དགོས། ༢། བཀག་ཉར་གྱི་གནས་སྟངས་དང་གནས་སྤོ། སྨན་བཅོས་བལྟ་སྐྱོང་དང་དེ་བཞིན་ཁོང་འདས་གྲོངས་སོང་བའི་ཞིབ་ཕྲའི་རྒྱུད་རིམ་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་དགོས། ༣།  སྐུ་ཕུང་ལ་བརྟག་དཔྱད་བྱས་པ་དེ་རྒྱལ་སྤྱིའི་ཚད་གཞི་དང་མཐུན་ཡོད་མེད་དང་། བརྟག་དཔྱད་ཀྱི་གྲུབ་འབྲས་ནང་མིར་གསལ་བཤད་བྱས་ཡོད་མེད་གསལ་པོ་བཟོ་དགོས། ༤།  བརྟག་དཔྱད་དང་ཁྲིམས་བཤེར་གྱི་བྱ་ཐབས་གང་དག་སྤྱད་པའི་ཚིག་ཐོ་མཁོ་སྤྲོད་བྱེད་དགོས། ༥།  ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཝེ་ཏི་ནམ་གཞུང་གིས་བཀག་ཉར་བྱས་གྱིས་འདས་གྲོངས་སོང་བའི་གྲངས་ཐོ་དང་གྱོད་དོན་གྱི་གནས་སྟངས་བཅས་རྒྱལ་ཚོགས་སུ་མཁོ་སྤྲོད་བྱེད་དགོས། གཞུང་ཕྱོགས་ནས་ཡིད་ཆེས་འཕེར་བ་དང་ཁ་གསལ་གྱི་ལན་འདེམས་མ་བྱས་གོང་། ཆེད་མཁས་པ་ཚོས་བྱ་ཐབས་སྤྱད་དེ་བསྐྱར་དུ་གནས་ཚུལ་དེ་འདྲ་མི་ཐོན་པའི་འབོད་སྐུལ་ཞུས་ཡོད་པ་དང་། དེའི་ཁོངས་སུ་དཔང་རྟག་ཡོད་ཚད་ཉར་ཚགས་དང་། ཁྱིམ་མིར་དགོས་ངེས་ཀྱི་ཐུགས་གསོ་དང་རང་དབང་གི་སྒོ་ནས་བལྟ་སྐུལ་འགན་སྲུང་དགོས་པའི་འབོད་སྐུལ་ཞུས་ཡོད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་དང་མཉམ་དུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་དང་བཀག་ཉར་འོག་ནས་ཚེ་སྲོག་ཤོར་བ་དང་གནོད་འཚེ་ཕོག་མཁན་ཚང་མར་ཕྱི་གསལ་ནང་གསལ་དང་རང་དབང་གི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

བོད་ཀྱི་དགེ་འདུན་པ་ཞིག་ཕྱི་ལོ་ ༢༠༢༡ ལོར་ལྷ་ས་ནས་འཇུ་བཟུང་གིས་གར་སོང་ཆ་མེད་དུ་སོང་བ།

0
ཕྱི་ལོ་ ༢༠༢༡ ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་ལྷ་ས་ནས་རང་ལོ་ ༦༣ ཡིན་པའི་དགེ་འདུན་པ་དར་རྒྱས་ལགས་གང་བྱུང་འཇུ་བཟུང་བྱས་པ་དང་། ལོ་བཞི་ཙམ་འདས་ཟིན་ཀྱང་ནང་མིས་ཁོང་གི་གནས་སྟངས་ཇི་་འདྲ་ཡིན་མིན་ཤེས་རྟོགས་མ་ཐུབ་པར་ལུས་ཡོད།  དར་རྒྱས་ལགས་ནི་ཆོས་འཕེལ་དང་ཆོས་ལྷ་རྣམ་གཉིས་ཀྱི་བུ་ཡིན་པ་དང་།  ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ནས་ཡིན་ཞིང་།  ཁོང་ནི་གསེར་རྟ་དགོན་གྱི་ཕུལ་བྱུང་གི་དགེ་འདུན་པ་ཞིག་ཡིན་པ་པ་མ་ཟད།  འཇུ་བཟུང་མ་བྱས་གོང་ལྷ་སར་གནས་སྡོད་བྱེད་ཀྱི་ཡོད་ཅིང། བོད་ཀྱི་གནས་ཆེན་ཁག་ལ་གནས་སྐོར་དུ་བསྐྱོད་པ་དང་མཚམས་ལ་སྡོད་པ། བླ་ཆེན་མང་པོའི་དྲུང་ནས་གསུང་ཆོས་ཞུ་མྱོང་བའི་དགེ་འདུན་པ་ཞིག་ཆགས་ཡོད། ཁོང་གིས་ལྷག་བསམ་རྣམ་དག་གི་སྒོ་ནས་སྐུ་གསུང་ཐུགས་རྟེན་ལ་གཟུང་བཞུགས་འབུལ་བ་མ་ཟད་། མང་ཚོགས་ཀྱི་རེ་འདུན་སྐོང་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་གཟུངས་གཞུག་མཁོ་སྒྲུབ་གནང་སའི་ཚོང་ཁང་ཞིག་ཀྱང་ཡོད་འདུག ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༥ ཉིན་ཁོང་གི་ཕྱག་རོགས་སྤུན་མཆེད་གཉིས་སྟེ། ཚེ་རིང་དང་བཙུན་མ་ཆོས་སྐྱིད་རྣམ་གཉིས་ལྷ་སའི་ཉེན་རྟོག་པས་གང་བྱུང་འཇུ་བཟུང་བྱས་པ་དང་།  ཟླ་ཤས་རྗེས་ཁོང་གཉིས་གློད་བཀྲོལ་བཏང་ཡོད་ཀྱང་དར་རྒྱས་ལགས་གར་སོང་ཆ་མེད་དུ་གྱུར་།  ཁོང་གང་དུ་ཡོད་པ་དང་གནས་སྟངས་ཇི་འདྲ་ཡིན་པ་གཞུང་ཕྱོགས་ནས་ཁོང་གི་ནང་མིར་འགྲེལ་བརྗོད་གང་ཡང་བྱས་མེད་ལ་ཐུག་འཕྲད་ཀྱི་གོ་སྐབས་ཡང་སྤྲད་མེད།  རྒྱ་གཞུང་གིས་དར་རྒྱས་ལགས་འཇུ་བཟུང་བཀག་ཉར་བྱེད་པའི་རྒྱུ་མཚན་གང་ཡང་གསལ་བསྒྲགས་བྱས་མེད་ཀྱང་། ཕྱི་རྒྱལ་དུ་ཡོད་པའི་བོད་མི་དང་འབྲེལ་བ་བྱས་པའི་དབང་གིས་བཀག་ཉར་བྱས་པས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་བྱས་པའི་རྒྱ་ནག་གི་ཉེས་དོན་བཅའ་ཁྲིམས་དོན་ཚན་ ༨༥ ཡི་ནང་། ཉེན་རྟོག་པས་བཀག་ཉར་བྱས་ཏེ་ཚོུད་ ༢༤ ཡི་ནང་ཚུད་དུ་དོ་བདག་གི་ནང་མིར་འབྲེལ་བ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་ཀྱང་།རྒྱལ་ཁབ་ཀྱི་བདེ་འཇགས་དང་འཇིགས་སྐུལ་གྱི་དོན་རྐྱེན་སོགས་ལ་དམིགས་བསལ་བཟོས་ཡོད་སྟབས་དེས་ཞིབ་བཤེར་ལ་འགལ་རྐྱེན་བཟོ་སྲིད་པ་རེད། ཉེས་དོན་བཅའ་ཁྲིམས་ཀྱི་དོན་ཚན་ ༣༣ དང་ ༣༨ བཅས་ཀྱི་ནང་དབང་འཛིན་པས་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་དང་ཁྲིམས་ལུགས་ཀྱི་གཏན་འབེབས་གང་འདྲ་ཞིག་ལ་གཞི་བཅོལ་ཡོད་མེད། དེ་བཞིན་ཁྲིམས་རྩོད་པ་གླ་བའི་ཐོབ་ཐང་བཅས་ཡོད་ཀྱང་།  དར་རྒྱས་ལགས་འཇུ་བཟུང་བཀག་ཉར་བྱས་ཏེ་མི་ལོ་བཞི་ཙམ་འདས་ཟིན་ཀྱང་།ནང་མིར་བརྡ་ཐོ་བཏང་མེད་ལ་ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་ཡང་སྤྲད་མེད་པ་དེས་རྒྱ་གཞུང་རང་ཉིད་ཀྱི་ཁྲིམས་ལུགས་དང་འགལ་འཛོན་ཚབས་ཆེན་བྱས་ཡོད། དར་རྒྱས་ལགས་བཀག་ཉར་བྱས་ཏེ་ལོ་གཅིག་ཙམ་གྱིས་རྗེས་ཁོང་གི་སྤུན་མཆེད་ཚེ་རྡོ་འཇུ་བཟུང་བྱས་པ་དང་། ཕྱི་ལོ་༢༠༢༢ ལོའི་ཟླ་ ༨ པའི་ནང་ཨ་བོ་སྐྱ་རི་མགོ་སྡེ་པའི་བོད་མི་ཚོས་གསང་གསོལ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་པའི་ཉེས་མིང་འོག་ཡུལ་མི་ ༤ འཇུ་བཟུང་བྱས་པ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༡༡ པར་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་མི་ལྔ་པོ་དེ་དག་ལ་ལོ་ ༢ ཀྱི་ཁྲིམས་ཐག་བཅད་པ་དང་། དེའི་ཁྲོད་ནས་ཕྱུག་དར་ཉེས་རྡུང་འོག་ནས་འདས་གྲོངས་ཕྱིན་ཡོད། ཕྱི་ལོ་ ༢༠༢༤ ཟླ་ ༣ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་དམིགས་བསལ་ཆེད་ལས་མཁས་པས་བཀག་ཉར་ཁང་དུ་འདས་གྲོངས་སོང་བར་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བཀག་ཉར་བྱས་པའི་མི་རྣམས་ལ་བལྟ་སྟངས་ཀྱི་གནས་ཚུལ་ཁ་གསལ་དགོས་པ་དང་འདས་གྲོངས་སོང་བའི་གནས་ཚུལ་གསལ་པོ་བཟོ་དགོས་པའི་སྐུལ་མ་བཏང་ཡོད།  དབང་འཛིན་པས་སྲོལ་རྒྱུན་གྱི་ཆོས་ཕྱོགས་ཆོ་ག་སྒྲིག་འཛུགས་སམ་དེའི་ནང་མཉམ་ཞུགས་བྱེད་མཁན་གྱི་དགེ་འདུན་པ་དང་འགོ་ཁྲིད་མཁན་། སྤྱིར་བཏང་གི་མི་དམངས་བཅས་དམིགས་འབེན་བཟུང་ཡོད། དར་རྒྱས་ལགས་ཀྱི་གྱོད་གཞི་ལས་ནང་མི་ཐུག་འཕྲད་བྱ་རྒྱུ་ཁས་ལེན་མ་བྱས་པ་དང་། ཉེས་འཛུགས་ཀྱི་གནས་ཚུལ་མཁོ་སྤྲོད་མི་བྱེད་པ་མ་ཟད། དུས་ཡུན་རིང་པོར་འབྲེལ་ཐུག་མེད་པ་བཀག་ཉར་བྱེད་པ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁེ་དབང་དང་འགལ་འཛོལ་བྱས་པ་མ་ཟད། དེའི་ནང་རྒྱ་ནག་རང་ཉིད་ནས་མིང་རྟགས་བཀོད་པའི་<<སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>དང་།  ཕྱི་ལོ་ ༡༩༨༨ ལོར་རྒྱ་གཞུང་རང་ཉིད་ཀྱིས་ཁས་ལེན་བྱས་པའི་<<མནར་གཅོད་འགོག་པའི་སྤྱི་ཆིངས་>>ཀྱང་ཚུད་ཡོད།

ཞི་ཅིང་ཕིང་གིས་ལྷ་སར་རང་སྐྱོང་མེད་པའི་གཅིག་གྱུར་གྱི་ནན་བརྗོད་བྱས་པ།

0
འདི་ལོའི་ཟླ་༨་ཚེས་ ༢༠ ཉིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཚོགས་པ་ཟེར་བ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཡོད། དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བ་གསར་འཛུགས་བྱས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་མཛད་སྒོར་ཆེད་བཅར་བྱས་པ་ཞིག་རེད། ཞི་ཅིང་ཕིང་དང་བཅས་པ་ལྷ་སར་འབྱོར་མ་ཐག་དེ་ཉིན་ཕྱི་དྲོ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་མི་དམངས་སྲིག་གཞུང་ཟེར་བའི་ལས་དོན་སྙན་ཞུར་ཉན་ཞིབ་བྱས་པ་དང་ཆབས་ཅིག་ཞི་ཅིང་ཕིང་གིས་གཏམ་བཤད་ཀྱང་བྱས་ཡོད།  རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་སོགས་ནས་ནན་བརྗོད་བྱས་དོན།  ད་རེས་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་མཐོ་ཤོས་ཡིན་པའི་ཞི་ཅིང་ཕིང་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་བཅུ་འཁོར་བའི་མཛད་སྒོར་མཉམ་ཞུགས་བྱས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མེད་པ་ཞིག་དང་།  དེ་ནི་རྒྱ་ནག་གཞུང་གིས་བོད་རིགས་མི་དམངས་ལ་བྱམས་བརྩེའི་ཐུགས་འཁུར་ཇི་ཙམ་གནང་གི་ཡོད་ལུགས་མཚོན་ཡོད་ཅེས་བརྗོད་ཡོད། གཤམ་ལ་ང་ཚོས་དོན་དངོས་ཀྱི་གནས་ཚུལ་འགའ་ཤས་ཐོག་ནས་རྒྱ་ནག་གཞུང་གིས་བོད་ལ་བཅངས་པའི་བྱམས་བརྩེའི་ཐུགས་འཁུར་དང་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ཞེས་པའི་བཅོས་མའི་དྲིལ་བསྒྲགས་ཀྱི་མཐིལ་བརྟོལ་རྒྱུ་ཡིན། དེ་ཡང་ཞི་ཅིང་ཕིང་གིས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཉན་ཞིབ་སྐབས་ནན་བརྗོད་བྱས་དོན།   བོད་རང་སྐྱོང་ལྗོངས་གསར་འཛུགས་བྱས་ཏེ་འདས་པའི་ལོ་ངོ་དྲུག་བཅུའི་རིང་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ཡོད་སྐོར་ནན་བརྗོད་བྱས་ཡོད་ཀྱང་། དོན་དངོས་ཀྱི་གནས་སྟངས་ནི་དེ་ལས་ལྡོག་པ་སྟེ། ད་ལྟའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆ་མཚོན་ན་།  ཀྲུའུ་གཞི་གཅིག་དང་།ཀྲུའུ་གཞི་གཞོན་པ་ ༡༡ །དྲུང་ཡིག་ཆེན་མོ་ ༡ ། བཅས་མི་གྲངས་ ༡༣ ཡོད་པའི་ནང་རྒྱ་རིགས་ ༡༠ དང་། བོད་རིགས་ ༣ ལས་མེད་པས་བརྒྱ་ཆ་ ༧༠ ལྷག་ཙམ་རྒྱ་རིགས་ཀྱིས་དབང་ཆ་བཟུང་ཡོད་པ་དེ་ཁོ་ནས་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཚད་དེ་མིང་ཙམ་ལས་མེད་པ་གསལ་པོ་རེད། ༡༩༦༥ལོའི་ཟླ་༩པར་བོད་རང་སྐྱོང་ལྗོངས་ཟེར་བ་གསར་འཛུགས་སྐབས་ཀྱི་མཛད་སྒོ། ད་དུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལས་དབང་ཚད་མཐོ་བའི་སྡེ་ཚན་གཞན་ཞིག་ཡོད་པ་དེ་ནི་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཨུ་ཡོན་ལྷན་ཁང་རེད།  ད་ཡོད་ལྷན་ཁང་དེར་རྒྱུུན་ལས་ ༡༤ ཡོད་པའི་ནང་རྒྱ་རིགས་ ༨ དང་བོད་རིགས་ ༦ ལས་མེད་པས།  དེ་ཡང་བརྒྱ་ཆ་བདུན་བཅུ་ཡན་རྒྱ་རིགས་ཀྱིས་དབང་ཆ་བཟུང་ཡོད་པ་མ་ཟད།  དབང་ཚད་མཐོ་ཤོས་ཡིན་པའི་དྲུང་ཆེ་དེ་ཡང་རྒྱ་རིགས་ཆགས་ཡོད། དེར་བརྟེན་ལྷན་ཁང་དེ་གཉིས་ཀྱི་མི་གྲངས་དང་དབང་ཚད་གཉིས་ཀ་རྒྱ་རིགས་ཀྱིས་ཁ་ལོ་བསྒྱུར་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཆ་མཚོན་ན། ད་ལྟའི་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་ཚོགས་གཙོ་གཅིག་དང་ཚོགས་གཞོན་ ༡༢ ། དྲུང་ཆེ་ ༡ བཅས་ཡོད་པའི་ནང་ཚོགས་གཙོ་བོད་རིགས་ཡིན་ཀྱང་ཚོགས་གཞོན་ ༡༢ ཡོད་པའི་ནང་བོད་རིགས་ ༤ ལས་མེད་པ་དང་རྒྱ་རིགས་ ༨ ཡོད་ཡོད་ཅིང། དྲུང་ཡིག་ཆེན་མོ་ ༡ དེ་ཡང་རྒྱ་རིགས་ཆགས་ཡོད། དེར་བརྟེན། མི་དམངས་འཐུས་མི་ཚོགས་ཆེན་གྱི་དབང་ཚད་ཡང་རྒྱ་རིགས་ཀྱིས་བཟུང་ཡོད།  ༢༠༢༥ལོའི་སྤྱི་ཚོགས་བདེ་འཇགས་སྐོར་གྱི་ནང་ཁུལ་ཡིག་ཆ། གཤམ་ལ་ང་ཚོས་མུ་མཐུད་ནས་བོད་ཀྱི་གཞི་རིམ་གྱི་རྫོང་རིམ་པའི་གནས་སྟངས་ལ་ཞིབ་འཇུག་བྱས་ཚེ། དཔེར་ན། ཆབ་མདོ་གྲོང་ཁྱེར་ཇོ་མདའ་རྫོང་ལ་ཆ་མཚོན་ན། རྫོང་སྲིད་གཞུང་ལ་ད་ཡོད་རྫོང་དཔོན་རྒན་པ་ ༡ དང་གཞོན་པ་ ༡༠ ཡོད་པའི་ནང་རྫོང་དཔོན་གཞོན་པ་ ༦ རྒྱ་རིགས་ཡིན་པ་དང་བོད་རིགས་ ༤ ལས་མེད་པ་མ་ཟད།  རྫོང་དཔོན་རྒན་པ་དེ་ཡང་རྒྱ་རིགས་ཆགས་ཡོད་སྟབས། ཇོ་མདའ་རྫོང་གི་དབང་ཆ་ཡོད་ཚད་རྒྱ་རིགས་ཀྱིས་བཟུང་ཡོད་པ་གསལ་པོ་མཚོན་ཡོད།  དེར་བརྟེན། ཞི་ཅིང་ཕིང་གིས་བཤད་པའི་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་མཐའ་འཁྱོངས་དང་འཐུས་ཚང་དུ་སོང་བ་ལས་ལྡོག་ཏེ་། བོད་མིའི་ཐོབ་ཐང་ཇེ་ཆུང་དང་རྒྱ་རིགས་ཀྱི་ཐོབ་ཐང་ཇེ་ཆེ། བོད་མིའི་གྲངས་ཚད་ཇེ་ཉུང་དང་རྒྱ་རིགས་ཀྱི་གྲངས་ཚད་ཇེ་མང། ས་གནས་ཀྱི་དབང་ཆ་ཇེ་ཆུང་དང་དབུས་ཀྱི་དབང་ཆ་ཇེ་ཆེར་བཏང་ཡོད་གསལ་པོར་མཚོན་ཡོད། མ་ཟད་གཞུང་འབྲེལ་གསར་ཁང་གིས་གསལ་བསྒྲགས་བྱས་པའི་ཞི་ཅིང་ཕིང་གི་གཏམ་བཤད་ནང་། འབྱུང་འགྱུར་བོད་ཀྱི་མི་རིགས་རང་སྐྱོང་ཡར་རྒྱས་དང་ལེགས་བཅོས་བྱ་ཕྱོགས་སྐོར་ཚིག་གཅིག་ཀྱང་བརྗོད་བྱས་མེད་པར།  དེ་ལས་ལྡོག་ཏེ་སྤྱི་ཚོགས་དམ་དྲག་དང་དམར་ཤོག་གི་ལྟ་བ་དྲིལ་བསྒྲགས་དང་སློབ་སྦྱོང་བྱ་རྒྱུའི་སྐོར་ཁོ་ན་ནན་བརྗོད་བྱས་ཡོད་པ་དེ་ནི་ད་རེས་ཀྱི་དུས་སྟོན་གྱི་ངོ་བོ་དང་ཡོངས་སུ་འགལ་བ་ཞིག་རེད།  དེ་ཡང་ཞི་ཅིང་ཕིང་གིས།  བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཐོག་མར་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང། མི་རིགས་མཐུན་བསྒྲིལ།  ཆོས་ལུགས་ཞི་མཐུན་རྒྱུན་འཁྱོངས་བྱེད་དགོས་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པ།  ཏང་གི་ལོ་རྒྱུས།  ཀྲུང་གོ་གསར་པའི་ལོ་རྒྱུས།  བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས།  སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས།  ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དྲིལ་བསྒྲགས་སློབ་གསོར་ཤུག་སྣོན་རྒྱག་དགོས་ཞེས་ནན་བརྗོད་བྱས་ཡོད།  སྤྱི་ཚོགས་བརྟན་ལྷིང་ལ་ཁ་གཡར་ནས་གཏམ་བརྗོད་རང་དབང་དང་། གསར་འགོད་རང་དབང་། འདུ་འཛོམས་རང་དབང་བཅས་བཙན་འཕྲོག་བྱས་ཏེ་ཁྱོན་ཡོངས་ལ་དམ་དྲག་བྱ་རྒྱུའི་ནན་བཤད་བྱས་ཡོད།  མི་རིགས་རང་སྐྱོང་ཞེས་པ་དེ་རང་སྐྱོང་བྱ་ཡུལ་གྱི་མི་རིགས་དེའི་ཆོས་དང་རིག་གཞུང། ཡུལ་སྲོལ་གོམས་གཤིས།  སྐད་ཡིག་དང་བཅས་པ་རྒྱུན་གནས་སྲུང་སྐྱོབ་བྱ་རྒྱུ་རྩ་དོན་ཡིན་ཀྱང་།  ཞི་ཅིང་ཕིང་གིས་བཤད་པའི་སྐད་ཆའི་ནང་ཏང་གི་རིག་གཞུང་སློབ་སྦྱོང་དགོས་པ་ལས་མི་རིགས་ཀྱི་རིག་གཞུང་སློབ་སྦྱོང་དགོས་སྐོར་ཚིག་གཅིག་ཀྱང་བཤད་མེད་ལ།  ཏང་གི་ལོ་རྒྱུས་དང་རྒྱ་སྐད་རྒྱ་ཡིག་སློབ་སྦྱོང་བྱེད་དགོས་པ་ལས་མི་རིགས་ཀྱི་ལོ་རྒྱུས་དང་བོད་ཡིག་སློབ་སྦྱོང་བྱེད་དགོས་སྐོར་ཚིག་གཅིག་ཀྱང་བཤད་མེད། དེ་ནི་གོམས་པ་རིམ་བགྲོད་ཀྱི་ཐོག་ནས་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་རྩ་མེད་བཟོ་རྒྱུ་མ་ཟད།  མཐར་མི་རིགས་རང་སྐྱོང་ལམ་ལུགས་ཞེས་པའི་མིང་དེ་ཡང་མེད་པ་བཟོ་རྒྱུའི་གོམས་པ་སྤོས་པ་ཙམ་ཡིན་སྲིད།  དཔེར་ན།  ཕྱི་ལོ་ ༢༠༠༥ ལོར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་བཞི་བཅུའི་དུས་དྲན་མཛད་སྒོའི་ཐོག་སྐབས་དེའི་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཚོགས་གཙོ་ཅཱ་ཆིང་ལིན་གྱིས་གཏམ་བཤད་ནང་།  བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་སྐོར་ནན་བརྗོད་བྱས་ཡོད་ཀྱང་། ད་རེས་ཞི་ཅིང་ཕིང་དང་ཝང་ཧུའུ་ནིང་གཉིས་ཀས་སྐད་ཆ་དེ་ཚིག་གཅིག་ཀྱང་བཤད་མེད། ཏང་གི་ལོ་རྒྱུས་དང་རིག་གཞུང་སློབ་སྦྱོང་བྱ་རྒྱུ་དང་། རྒྱ་སྐད་རྒྱ་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཙམ་མ་ཟད། བོད་ཀྱི་གཞི་རིམ་གྲོང་གསེབ་ཁང་གི་ནང་དུའང་ཁྱབ་གདལ་གཏོང་བཞིན་ཡོད་ལ།  ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་སྲིད་ཇུས་ཀྱི་འོག་མི་སྐྱའི་སྤྱི་ཚོགས་ཙམ་མ་ཟད།  སེར་མོ་བའི་སྤྱི་ཚོགས་ཀྱི་ནང་དུའང་རྒྱ་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་དགོས་པ་དང་། ཏང་གི་ལོ་རྒྱུས་དང་རིག་གཞུང་སློབ་སྦྱོང་བྱེད་དགོས་པའི་ལས་འགུལ་སྤེལ་མུས་རེད། ལས་འགུལ་འདི་ནི་རིས་མེད་དགོན་སྡེ་ཁག་ལ་ཆ་མཚོན་ན་ཆོས་ལུགས་སློབ་སྦྱོང་ལས་གལ་ཆེ་བ་ཆགས་ཡོད་ལ།  སློབ་གྲྭ་ཁག་ལ་ཆ་མཚོན་ན་རང་གི་ཆེད་ལས་ཀྱི་སློབ་ཚན་ལས་གལ་ཆེ་བ་ཆགས་ཡོད། དེ་བཞིན་༸གོང་ས་མཆོག་གི་སྐུ་པར་འགྲེམ་སྤེལ་བྱེད་པའི་ཚབ་ལ་ཞི་ཅིང་ཕིང་དང་རྒྱ་ནག་གི་འགོ་ཁྲིད་གཞན་དག་གི་པར་འགྲེམ་སྤེལ་བྱེད་དུ་འཇུག་གི་ཡོད། མི་རིགས་མཉམ་འདྲེས་ཀྱི་སྲིད་ཇུས་དེ་སྐད་ཡིག་དང་ཆོས་ལུགས་ལས་རྒལ་ནས་སྤྱི་ཚོགས་ཀྱི་འཚོ་བའི་ཕྱོགས་ཚང་མར་ཁྱབ་ཡོད་པ་སྟེ།  མི་རིགས་མཐུན་བསྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་དང་།  མི་རིགས་ཁག་དབར་འགྲོ་འོངས་དང་།  སྤེལ་རེས།  མཉམ་འདྲེས་བྱ་རྒྱུར་ཤུག་སྣོན་རྒྱག་དགོས་ཞེས་ཕྱོགས་གཅིག་ནས་བོད་རིགས་དང་རྒྱ་རིགས་དབར་ལ་གཉེན་སྒྲིག་གི་སྐུལ་མ་བཏང་ནས་མི་རིགས་གཞན་བསྒྱུར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སློབ་གྲྭ་ཆེན་མོ་ཐོན་པའི་བོད་རིགས་སློབ་ཕྲུག་རྣམས་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཁི་ནང་ལས་ཞུགས་བྱ་རྒྱུར་སྐུལ་མ་བཏང་ནས་རྒྱ་རིགས་སྤྱི་ཚོགས་ནང་མཉམ་འདྲེས་བྱེད་དུ་འཇུག་པ་དང་། རྒྱ་ནག་ནང་གི་སློབ་གྲྭ་ཐོན་པའི་སློབ་ཕྲུག་དང་ལག་རྩལ་མི་སྣ་རྣམས་བོད་དུ་བཏང་ནས་བོད་མི་དང་མཉམ་འདྲེས་བྱེད་དུ་འཇུག་གི་ཡོད། གཞི་རྒྱ་ཆེ་བའི་ཆུ་གློག་དང་གཏེར་ཁ་སྔོག་འདོན་གྱི་ལས་གཞིས་རྐྱེན་པས་ས་གནས་ཡུལ་མི་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་འཇུག་པ་དང་།་གནས་སྤོའི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་འཛིན་བཟུང་བཙོན་འཇུག་བྱས་པ་དག་འདི་ག་ལྟེ་གནས་ཁང་གི་སྙན་ཐོའི་ཐོག་བཀོད་ཡོད། 

བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་དང་ཀིརྟི་དགོན་གྱི་ལས་སྣེ་འཇུ་བཟུང་བྱས་འདུག

0
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ཉེན་རྟོག་པས་དགེ་ཤེས་ལྷ་རམ་པ་དཀོན་མཆོག་ཆོས་གྲགས་ལས་འཇུ་བཟུང་བཙན་ཁྲིད་བྱས་ཡོད། ཁོང་ནི་ཀིརྟི་དགོན་པའི་ལས་ཚབ་ཁྲི་པ་དང་དཔེ་ཁྲིད་དགེ་རྒན་ཡང་རེད། ཉེན་རྟོག་པས་མཚན་མོར་དཀོན་མཆོག་ཆོས་གྲགས་ཀྱི་གྲྭ་ཤག་ནང་འཛུལ་ནས་སྡོག་བཤེར་བྱས་ཏེ་འཇུ་བཟུང་བྱས་པ་དང་། ཀིརྟི་དགོན་པའི་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས་དང་འབྲེལ་བ་ཡོད་པའི་ཡིག་ཆ་ཁག་ཀྱང་བཙན་འཕྲོག་བྱས་འདུག དེ་ཉིན་མཚན་མོ་ནས་བཟུང་དཀོན་མཆོག་ཆོས་གྲགས་གར་སོང་ཆ་མེད་དུ་གྱུར་བ་དང་། རྒྱ་གཞུང་གིས་ཁོང་གང་དུ་བཀག་ཉར་བྱས་ཡོད་པ་དང་། གནས་ཚུལ་ཅི་ཞིག་བྱུང་བ། གཟུགས་གཞིའི་གནས་སྟངས་སོགས་དགོན་པ་དང་ནང་མིར་འགྲེལ་བརྗོད་གང་ཡང་བྱས་མེད། དཀོན་མཆོག་ཆོས་གྲགས་ནི་ཟི་ཁྲོན་ཞིང་ཆེན་རྔ་པ་ཆང་རིགས་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྡོག་ཁྱོག་ཤང་ནས་ཡིན་པ་དང་།  ཆུང་དུས་ནས་སྟག་ཚང་ལྷ་མོ་དགོན་དུ་ཆོས་ཞུགས་བྱས།  ཕྱི་ལོ་ ༢༠༡༩ ལོར་དགེ་ལུགས་པའི་སློབ་གནས་མཐོ་ཤོས་སྟེ།  དགེ་ཤེས་ལྷ་རམས་སློབ་གནས་ཐོབ།  ཕྱི་ལོ་ ༢༠༢༡ ལོར་ཧོར་ཚང་ཀིརྟི་དགོན་གྱི་ཁྲི་ཚབ་ཏུ་བསྐོ་བཞག་བྱས་ཏེ།  མ་དགོན་སྟག་ཚང་ཀིརྟི་དགོན་པའི་རྒྱུན་སྲོལ་གྱི་ཁྲི་པའི་ཐུགས་འགན་བཞེས། ཁོང་འཇུ་བཟུང་བྱས་ཏེ་ཟླ་བདུན་སོང་རྗེས་རྒྱ་ནག་གཞུང་གིས་དགོན་པའི་དྲ་རྒྱར་དམ་དྲག་བྱེད་ཤུག་ཆེ་རུ་བཏང་བ་མ་ཟད། དགོན་པའི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་ལྷན་ཚོགས་དེ་བཞིན་བཙན་བྱོལ་དུ་ཡོད་པའི་ཀིརྟི་རིན་པོ་ཆེ་མཆོག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་སྒོ་བརྒྱབ་ཡོད།  ཐག་གཅོད་དེས་ཁུལ་དེར་ནང་བསྟན་ཤེས་ཡོན་ཐད་ལྟ་རྟོགས་བྱེད་མཁན་གྱི་དགོན་སྡེའི་སྒྲིག་འཛུགས་ཉུང་ཤས་ལྷག་ཡོད་པ་དེ་ཡང་མཇུག་བསྒྲིལ་བར་བྱས་ཡོད། དེ་དང་ཕྱོགས་མཚུངས་ཀིརྟི་རིན་པོ་ཆེའི་སྐུ་པར་འགྲེམས་སྤེལ་མི་ཆོག་པའི་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ་དང་།  དེ་སྔ་ནས་བཀག་སྡོམ་ཡང་ཡང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༧ ནང་གི་བཀག་སྡོམ་དེ་སྔོན་མས་ལས་ཛ་དྲག་པ་དང་ཁྱབ་ཆེ་བ་བྱས་ཡོད།  རྔ་པའི་ཉེ་འཁོར་གྱི་རྔ་པ་ཀིརྟི་དགོན་དང་། མཛོད་དགེ་རྫོང་གི་སྟག་ཚང་ལྷ་མོ་ཀིརྟི་དགོན། འབར་ཁམས་རྒྱལ་རོང་མཚོ་བདུན་ཀིརྟི་དགོན་བཅས་སུ་ཀིརྟི་རིན་པོ་ཆེའི་སྐུ་པར་ཕྱིར་བསྡུ་བྱེད་དུ་བཅུག་པ་མ་ཟད། དུས་དེ་ནས་བཟུང་སྒྲིག་གཤོམས་མི་ཆོག་པའི་བཙན་བཀའ་བཏང་།  ད་དུང་གྲྭ་ཤག་དང་ཁྱིམ་ཚང་ཁག་ལ་སྔོག་བཤེར་བྱས་ཏེ་སྐུ་པར་དང་ཆོས་ཆས་སོགས་བཙན་འཕྲོག་བྱས་ཡོད།  ད་དུང་ལོ་ལྟར་ཟླ་བ་བདུན་པའི་ནང་གཏོང་སྲོལ་ཡོད་པའི་ཆོས་ཕྱོགས་ཀྱི་དུས་སྟོན་དེ་ཡང་བཀག་སྡོམ་བྱས།   དུས་སྟོན་དེར་ཀིརྟི་དགོན་པའི་གྲྭ་དམངས་རྣམས་མཉམ་འཛོམས་བྱེད་ཀྱི་ཡོད།  ད་དུང་ས་གནས་བོད་མི་ཚོས་ཀིརྟི་རིན་པོ་ཆེའི་སྐུ་པར་ཉར་ཚགས་དང་འགྲེམས་སྤེལ་བྱས་ཚེ་ཆབ་སྲིད་ཀྱི་ནག་ཉེས་སུ་ངོས་འཛིན་བྱ་རྒྱུའི་འཇིགས་སྐུལ་ཡང་བྱས། གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་འགྲེལ་བརྗོད་ལྟར་ན། ལས་འགུལ་དེ་དག་ནི་རྒྱ་ནག་དབུས་གཞུང་དང་།  ཟི་ཁྲོན་ཞིང་ཆེན། རྔ་པ་ཁུལ་གྱི་དཔོན་རིགས་དང་ས་གནས་རྫོང་བཅས་རིམ་པ་མང་པོས་མཉམ་འབྲེལ་བྱས་པ་ཞིག་ཡིན་པ་མཐོང་ཐུབ།  ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ནང་སྐུ་པར་མེད་པ་བཟོ་རྒྱུའི་བཀའ་རྒྱ་དེ་ནི་བཙན་བྱོལ་དུ་ཡོད་པའི་བོད་མིའི་ཆོས་ལུགས་ཀྱི་དབུ་ཁྲིད་ཚོར་དད་གུས་བྱེད་པའི་རྣམ་པ་མེད་པ་བཟོ་རྒྱུའི་གཞི་རྒྱ་ཆེ་བ་དང་དུས་ཡུན་རིང་བའི་སྲིད་ཇུས་ཀྱི་ཆ་ཤས་ཤིག་རེད། ཀིརྟི་རིན་པོ་ཆེའི་ཆེ་མཐོང་མེད་པ་བཟོ་ཐབས་ཀྱི་བཀའ་རྒྱ་དེ་ལྟ་བུ་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ཐེངས་མང་ལག་བསྟར་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཆབ་སྲིད་ལས་འགུལ་གཉིས་ཟུང་འབྲེལ་བྱས་ཡོད།  འདས་པའི་ལས་འགུལ་ཁྲོད་དགོན་པ་དང་མི་སྒེར་གྱི་ཁང་པ་དང་སྤྱི་པའི་ས་ཆ་བཙན་འཕྲོག་བྱས་པ་དང་། དེ་ལ་དང་ལེན་མ་བྱས་ཚེ་ཆབ་སྲིད་ཀྱི་ནག་ཉེས་སུ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུན་མཐུད་རང་བཞིན་གྱི་ལས་འགུལ་འདི་དག་གིས་ཀིརྟི་དགོན་པར་འཇིགས་སྣང་དང་རང་གིས་རང་ལ་ཞིབ་བཤེར་བྱེད་དགོས་པའི་གནས་སྟངས་ཆགས་པ་དང་།  ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ཀྱི་ཆོས་དང་རིག་གཞུང་གི་ལྟེ་གནས་ཁག་ལ་དམིགས་པའི་བྱ་ཐབས་དེ་དག་རྒྱུན་མཐུད་ནས་ལག་ལེན་བྱས་ཡོད། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུ་ནས་དགུ་བཅུའི་བར་རྔ་པ་ཁུལ་དུ་གསོན་ཉམས་ལྡན་པའི་རིག་གཞུང་བསྐྱར་དར་བྱུང་ཡོད་ཅིང།  དེའི་རྒྱུ་མཚན་ནི་ཀིརྟི་དགོན་པ་ནས་ཤེས་ཡོན་ཐོབ་པའི་རྩོམ་པ་པོ་དང་། གློག་བརྙན་བཟོ་མཁན། མཁས་དབང་མང་པོ་ཞིག་དགོན་པ་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་མི་སྣ་མི་ཉུང་བ་ཞིག་གསོ་སྐྱོང་ཐུབ་ཡོད། ཡིན་ནའང་ལོ་རབས་དགུ་བཅུ་པའི་དུས་མཇུག་ནས་བཟུང་རྒྱ་ནག་གཞུང་གིས་རིག་གཞུང་བསྐྱར་དར་གྱི་རྣམ་པ་དེ་དག་བཀག་སྡོམ་བྱེད་འགོ་ཚུགས་པ་དང་། དེའི་ནང་གཞི་རྒྱ་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཐེབས་ས་ནི་ཀིརྟི་དགོན་པ་ཆགས་ཡོད།  ཕྱི་ལོ་ ༡༩༩༨ ལོའི་ཟླ་ ༦ པར་གློ་བུར་དུ་འགོ་ཚུགས་པ་དང་།  སྐབས་དེར་འཐབ་ཕྱོགས་གཅིག་གྱུར་དང་རྒྱལ་ཁབ་ཆོས་དོན་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་དགོན་པར་འབྱོར་བ་དང་།  རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ནས་ཆབ་སྲིད་ཐོག་དོ་དམ་ནན་པོ་བྱེད་འགོ་ཚུགས་ཡོད། འདི་ལོའི་ཟླ་ ༡ ཚེས་ ༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་བསྐྱར་བཅོས་བྱས་པའི་<<བོད་རྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་བྱེད་ཐབས་ཀྱི་ཁྲིམས་ཡིག་>>ཞེས་པ་དངོས་སུ་ལག་ལེན་བྱས་པ་དང་། ཁྲིམས་ཡིག་དེས་བོད་ཀྱི་ཆོས་སྡེ་ཁག་ལ་ཆབ་སྲིད་ཀྱི་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཆོས་དད་རང་དབང་ལ་ཚད་བཀག་བཟོས་ཡོད། ཁྲིམས་ཡིག་གི་དོན་ཚན་བཞི་པའི་ནང་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་དང་། ཆོས་ལུགས་ཀྱི་སློབ་གྲྭ།  ཆོས་ལུགས་ཀྱི་བྱེད་སྒོ་གང་ཞིག་ཡིན་རུང་ངེས་པར་དུ་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་བརྩི་བཀུར་ཞུ་དགོས་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོབ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ།  མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་བསྒྲིལ།  ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབས་དགོས་ལུགས་ནན་བརྗོད་བྱས་ཡོད།  དོན་ཚན་ལྔ་པའི་ནང་དགོན་སྡེ་ཁག་ནས་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་ཁེ་དབང་དང་བཤུ་གཞོག་ལམ་ལུགས་སླར་གསོ་མི་ཆོག་པ་དང་། ཕྱི་ཕྱོགས་ཀྱི་མི་སྣ་དང་སྒྲིག་འཛུགས་སུས་ཀྱང་དགོན་པའི་ལས་དོན་ལ་ཐེ་བྱུས་དང་ཚོད་འཛིན་བྱེད་མི་ཆོག་ཅེས་འཁོད་ཡོད།གསལ་ཁ་མེད་པའི་ཆབ་སྲིད་ཀྱི་ཚིག་སྦྱོར་འདི་དག་ལ་བརྟེན་ནས་ལས་སླ་པོས་བོད་མིའི་ཆོས་དད་རང་དབང་ལ་བཙན་གནོན་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཐུབ་ཀྱི་ཡོད།  གཏན་འབེབས་དེ་དག་བེད་སྤྱོད་བྱས་ཏེ་ཆོས་ལུགས་ཤེས་ཡོན་དྲ་རྒྱ་གར་གཏོར་བརླག་གཏོང་བ་དང་།  ཀིརྟི་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་དང་ཤུགས་རྐྱེན་ལ་དམིགས་ནས་བོད་ནང་གི་དགོན་སྡེ་དང་བཙན་བྱོལ་ནང་གི་ཆོས་ལུགས་དབུ་ཁྲིད་བར་གྱི་འབྲེལ་བ་དེ་ཉེས་ཅན་པར་ངོས་འཛིན་བྱས་ཡོད། དགེ་ཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ཀྱི་གྱོད་དོན་འདིས་ཀིརྟི་དགོན་པའི་དགེ་འདུན་པ་ཚོས་ཞི་བའི་ཐོག་ནས་སྒྲུབ་པ་ཉམས་ལེན་བྱས་པར་སླར་ཡང་ཉེས་ཆད་ཕོག་པའི་ཁོངས་མི་ཞིག་ཆགས་ཡོད། འདི་ག་ལྟེ་གནས་ཁང་གི་ཆབ་སྲིད་བཙོན་པའི་ཐོ་གཞུང་གཞིར་བཟུང་བྱས་ཚེ།  ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་ཀིརྟི་དགོན་པ་ནས་མ་མཐར་ཡང་བོད་མི་ ༡༡ ཙམ་འཇུ་བཟུང་བཀག་ཉར་བྱས་ཡོད་ལས་སྒོ་ཤེས་རབ་རྒྱ་མཚོ་དང།  བློ་བཟང་ཆོས་འཕེལ།  དགེ་ཤེས་བསོད་ནམས་རྒྱ་མཚོ།  དགེ་ཤེས་ལྷ་སྐྱོང་དགེ་འདུན།    བློ་བཟང་མཐའ་རྒྱས།  བློ་བཟང་འཕྲིན་ལས།   བློ་བཟང་བསམ་གཏན།  པདྨ།  དར་རྒྱས་རྒྱ་མཚོ།  བློ་བཟང་བཀྲིས་དང་ལྷུན་གྲུ་བཅས་རེད།

རྔ་པ་ཁུལ་དུ་བོད་མི་གང་བྱུང་འཇུ་བཟུང་བྱེད་པ་མཚམས་འཇོག་དགོས།

0
འདི་ཟླའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་བོད་མི་ན་གཞོན་ཨ་སངས་དང་དཔལ་སྐྱོང་ནས་༸གོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་སྲུང་རྩིའི་གླུ་གཞས་བཏང་བའི་དབང་གིས་འཇུ་བཟུང་བཀག་ཉར་བྱས་པ་དང་། བདུན་ཕྲག་འགའ་ཤས་སོང་ཀྱང་ད་དུང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། ཨ་སངས་དང་དཔལ་སྐྱོང་རྣམ་གཉིས་ནས་མགྱོགས་འཕྲིན་མཉམ་སྤྱོད་སྟེགས་བུའི་ཐོག་<<ཞི་བདེའི་རྒྱལ་སྲས་>>ཞེས་པའི་གླུ་གཞས་འགྲེམས་སྤེལ་བྱས་པའི་དབང་གིས་ཟླ་ ༧ པའི་ཟླ་འགོར་ཟི་ཁྲོན་ཞིང་ཆེན་རྔ་པ་རྫོང་ཨ་འདུས་ཡུལ་ཚོ་ནས་འཇུ་བཟུང་བཙན་ཁྲིད་བྱས་པ་དང་།   གཞས་དེ་ཐོག་མར་ཕྱི་ལོ་ ༢༠༠༦ ལོར་བོད་ཀྱི་གཞས་པ་ཤེར་བསྟན་གྱིས་བླངས་པ་ཞིག་དང་། གཞས་ཚིག་རྩོམ་མི་ཨ་རིག་མཆོད་རྟེན་ཐར་རེད། དེ་ནི་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་བླ་ན་མེད་པའི་ཤེས་རབ་ལ་ཆེ་བསྟོད་བྱ་ཆེད་རེད།  ཨ་སངས་ལགས་ཀྱི་གཞས་དེར་མི་མང་གིས་དོ་སྣང་ཆེན་པོ་བྱས་པར་བརྟེན་མཐར་སྟེགས་བུ་ནས་ཕྱིར་འཐེན་བྱས་པ་དང་། ཨ་སངས་ལགས་ཀྱི་མགྱོགས་འཕྲིན་ཡང་ད་ལྟ་མེད་པ་བཟོས་ཡོད། ཨ་སངས་ལགས་དེ་ཁུལ་དུ་མིང་གྲགས་ཆེ་བའི་ན་གཞོན་གཞས་པ་ཞིག་དང་།  ཁོང་གི་ཕ་ཡུལ་ནི་རྔ་པ་རྫོང་བར་མ་ཡུལ་ཚོ་ནས་ཡིན་པ་དང་།  བོད་ཀྱི་སྐད་ཡིག་དང་རིག་གཞུང་།  ཆོས་ལུགས་དར་སྤེལ་དང་འབྲེལ་བའི་གླུ་གཞས་གཏོང་རྒྱུར་ཧ་ཅང་མཁས་པ་ཡིན་པ་མ་ཟད།  རྡུང་ལེན་སྒྱུ་རྩལ་པ་དང་ཆབ་སྲིད་བཙོན་ཟུར་དགེ་བྷེ་ཡི་སློབ་མ་ཡང་ཆགས་ཡོད།  ཨ་སངས་ལགས་གཉེན་སྒྲིག་བྱས་ཟིན་པ་དང་ཁོང་ལ་ཕྲུ་གུ་གཅིག་ཡོད་ཅིང་། ཁོང་གི་བཟའ་ཟླ་ལྷ་མོ་ལགས་སུ་མངལ་ཆགས་ནས་ཟླ་ཤས་སོང་ཟིན།  ཁོང་གང་བྱུང་འཇུ་བཟུང་བཀག་ཉར་བྱས་པ་དེས་ལྷ་མོའི་སེམས་ཁམས་སུ་ཟད་མཐའ་མེད་པའི་གནོན་ཤུགས་སླེབས་ཡོད་པ་དང་།  རྒྱ་ནག་གཞུང་གིས་ཁོང་གང་དུ་ཡོད་པ་དང་གནས་སྟངས་ཇི་འདྲ་ཡིན་པ་ཁ་གསལ་གྱི་འགྲེལ་བརྗོད་གང་ཡང་བྱས་མེད།  དཔལ་སྐྱོང་ནི་ཨ་འདུས་ཡུལ་ཚོ་ནས་ཡིན་པ་དང་།  གཉེན་སྒྲིག་བྱས་ནས་ལོ་གསུམ་འདས་ཟིན་ཞིང་ཕྲུ་གུ་གཅིག་གི་ཕ་རྒན་ཆགས་ཡོད། འབྲེལ་ཡོད་ཀྱི་གནས་ཚུལ་གཞན་ཞིག་ནི་རྔ་པ་རྫོང་གི་དགོན་པའི་དགེ་འདུན་པ་ཚེ་དབང་དོན་གོས་༸གོང་ས་མཆོག་དགུང་གྲངས་ ༩༠ ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན་ནས་སྤྱི་ཚོགས་དྲ་ལམ་ནང་༸གོང་ས་མཆོག་གི་དབུ་ཞྭའི་པར་རིས་འགྲེམས་སྤེལ་བྱས་པའི་དབང་གིས་ཟླ་ ༧ ཚེས་ ༡ ཉིན་གྱི་གཡས་གཡོན་དུ་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་པ་དང་།  ཁོང་འཇུ་བཟུང་བྱས་ཏེ་བདུན་ཕྲག་བཞི་ལྷག་ཙམ་སོང་ཡོད་ཀྱང་ད་དུང་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མེད་པར་ལུས་ཡོད།  དོན་གོ་ཆུང་དུས་ནས་དགོན་པར་འཛུལ་ཞུགས་བྱས་པ་དང་འཇུ་བཟུང་བྱེད་པའི་སྐབས་དབུ་མའི་གཞུང་ལུགས་ལ་སློབ་གཉེར་བྱེད་མུས་རེད། འཇུ་བཟུང་བཀག་ཉར་གྱི་གྱོད་དོན་འདི་དག་གི་ཐོག་ནས།  རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་ཐོག་ནས་༸གོང་ས་མཆོག་ལ་དད་གུས་བྱེད་པའི་རྣམ་པ་ཀུན་ལ་དྲག་གནོན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལག་ལེན་བྱེད་པའི་ལས་འགུལ་གྱི་ཆ་ཤས་ཞིག་ཆགས་ཡོད།  འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཕྱི་ལོ་ ༢༠༢༢  ལོར་དེ་དང་འདྲ་བའི་གནས་ཚུལ་འགོད་སྤེལ་བྱས་པའི་ནང་བོད་ནང་གི་གཞས་པ་དང་རོལ་དབྱངས་མཁས་པ་ལྔ་ཡིས་དྲ་ཐོག་ནས་༸གོང་ས་མཆོག་གི་སྐུ་ཡི་འཁྲུངས་སྐར་ལ་གླུ་གཞས་བཏང་བའི་དབང་གིས་འཇུ་བཟུང་བཀག་ཉར་བྱས་ཡོད།  གནས་ཚུལ་གཞན་ཞིག་ནི་ཕྱི་ལོ་ ༢༠༢༣ ལོར་འདི་ག་ལྟེ་གནས་ཁང་ནས་སྤེལ་བའི་གནས་ཚུལ་ནང་།  གཞས་པ་དཔལ་ལྡན་ལགས་ནས་ལ་རྒྱའི་གླུ་གཞས་བཏང་བའི་དབང་གིས་༸གོང་ས་མཆོག་དང་ཐད་ཀར་འབྲེལ་བ་ཡོད་པར་ངོས་འཛིན་གྱིས་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད། གནས་ཚུལ་འདི་དག་གི་ཐོག་ནས་བོད་མི་ཚོས་སྒྱུ་རྩལ་གྱི་ཐབས་ལམ་སྤྱད་ནས་༸གོང་ས་མཆོག་ལ་དད་གུས་མཚོན་པར་བྱས་ཚེ་ཆབ་སྲིད་ཀྱི་ནག་ཉེས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་ཡོད། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་འཁྲུག་རྐྱེན་སློང་མཁན་གྱི་ཁ་གསལ་མེད་པའི་ཉེས་འཛུགས་ལ་བརྟེན་ནས་རིག་གཞུང་གི་བྱེད་སྒོ་སྤེལ་མཁན་ཚོར་ཉེས་འཛུགས་བྱེད་ཀྱི་ཡོད།  ལུགས་མཐུན་གྱི་རྒྱུད་རིམ་མེད་པར་ཡུན་རིང་བཀག་ཉར་བྱེད་པ།  ནང་མིར་འབྲེལ་གཏུགས་མི་བྱེད་པ་དང་ཁྲིམས་མཐུན་གྱི་ངོ་ཚབ་ཁས་ལེན་མི་བྱེད་པ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འོས་འགན་སྣ་ཚོགས་དང་འགལ་འཛོལ་བྱས་ཡོད། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གཞུང་གིས་ཨ་སངས་ལགས་དང་།  དཔལ་སྐྱོང།  ཚེ་དབང་དོན་གོ་བཅས་གར་ཡོད་ཁ་གསལ་བཟོ་དགོས་པ་མ་ཟད།  ཆོས་དང་རིག་གཞུང་འཁྲབ་སྟོན་ལ་བརྟེན་ནས་ཉེས་འཛུགས་བྱེད་པ་དང་།  ལྷག་པར་དུ་༸གོང་ས་མཆོག་དང་འབྲེལ་བའི་ཐོག་ནས་ཉེས་འཛུགས་བྱེད་རིགས་ཐམས་ཅད་ཕྲལ་དུ་མཚམས་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

ཁོར་ཡུག་སྲུང་སྐྱོབས་མཁན་མཚོ་སྔོན་ཚེ་རིང་ལགས་དམ་དྲག་ནན་པོའི་ཆ་རྐྱེན་འོག་གློད་བཀྲོལ་བཏང་བ།

0
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་མཁན་མཚོ་སྔོན་ཚེ་རིང་ལགས་ཟི་ཁྲོན་ཞིང་ཆེན་རྔ་པ་ཁུལ་་དུ་ཟླ་བ་བརྒྱད་ལྷག་ཙམ་བཀག་ཉར་བྱས་རྗེས་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༨ ཉིན་གློད་བཀྲོལ་བཏང་འདུག  ཁོང་གློད་བཀྲོལ་བཏང་ཡོད་ཀྱང་།  གློད་བཀྲོལ་གྱི་ཆ་རྐྱེན་དམ་པོ་དེས་ཁོང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་ནས་རྡོག་རོལ་གཏོང་བཞིན་ཡོད་པ་གསལ་པོར་མཚོན་ཡོད། རང་ལོ་ ༢༩ ཡིན་པའི་མཚོ་སྔོན་ཚེ་རིང་གས་ནི་ཟི་ཁྲོན་ཞིང་ཆེན་རྔ་པ་ཁྱུང་མཆུ་རྫོང་ནས་ཡིན་པ་དང་། སྔ་ལོ་ཨན་ཧུའི་ཤཱན་ཧྭ་འཛུགས་སྐྲུན་ཀུང་སིས་བྱེ་མ་སྔོགས་འདོན་བྱས་པར་ཐེར་འདོན་ཆེད་ཕྱི་ལོ་ ༢༠༢༤ ཟླ་ ༡༠ པར་ཁོང་གིས་སྤྱི་ཚོགས་དྲ་ལམ་ཐོག་སྐར་མ་ལྔ་ཅན་གྱི་བརྙན་འཐུང་ཞིག་སྤེལ་རྗེས་ས་གནས་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས། ཀུང་སི་དེས་གཞུང་ལམ་འཛུགས་སྐྲུན་ལ་ཁ་གཡར་ནས་གཏེར་ཁ་དང་བྱེ་མ་སྔོག་འདོན་བྱེད་བཞིན་ཡོད་ཅིང་།  ཁོང་གི་ཞི་བའི་ངོ་རྒོལ་དེར་ཁྱུང་མཆུ་རྫོང་ཁྲིམས་ཁང་ནས་ཟླ་བ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་ཁོང་གིས་ཉེས་འཛུགས་ཁས་ལེན་མ་བྱས་པའི་དབང་གིས་སླར་ཡང་ཟླ་བ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད། དབང་འཛིན་པས་ད་དུང་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་བཏང་བའི་ཉེས་འཛུགས་འཕར་མ་བྱས། འདི་ནི་རྒྱ་ནག་གཞུང་གིས་བལྟ་སྤྱོད་མི་མཐུན་པའི་མི་སྣར་ཉེས་འཛུགས་བྱེད་པའི་རྒྱུན་གཏན་གྱི་ཚིག་མཚོན་ཞིག་རེད། ཁོང་གློད་བཀྲོལ་ཐོབ་རྗེས་རྒྱབ་སྐྱོར་བ་མང་པོ་ཞིག་ཁོང་ཕེབས་བསུར་སླེབས་ཡོད་ཅིང་། དུས་སྐབས་དེ་ནི་རྒྱ་ནག་གཞུང་གིས་བོད་ཡོངས་སུ་བདེ་འཇགས་ལ་ཤུགས་སྣོན་རྒྱག་པའི་དུས་སྐབས་ཤིག་ཡིན་པ་དང་།  ལྷག་པར་དུ་༸གོང་ས་མཆོག་གི་སྐུའི་འཁྲུང་སྐར་གྱི་དུས་ཚོད་ཡིན་སྟབས་དེ་ནི་འཚོར་སྣང་སྐྱེན་པའི་དུས་སྐབས་ཤིག་ཀྱང་ཆགས་ཡོད།  ས་གནས་དཔོན་ཕྱོགས་ནས་མི་ཚོགས་ཁ་བྲལ་གཏོང་ཐབས་བྱས་ཀྱང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་མེད་པ་ནི་མི་ཚོགས་མང་དྲག་པའི་རྐྱེན་གྱིས་ཡིན་སྲིད།  འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རྒྱུས་ལོན་བྱས་པར་ད་ལྟ་ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད། ཚེ་རིང་ལགས་གློད་བཀྲོལ་བཏང་ཟིན་ཀྱང་ད་དུང་བཀག་སྡོམ་ཆེན་པོའི་འོག་གནས་ཡོད་པ་མ་ཟད།  སྤྱི་ཚོགས་ཐོག་གཞུང་ལ་གནོད་གཞིའི་གཏམ་བརྗོད་ཀྱི་རིགས་སྤེལ་མི་ཆོག་པ་དང།  མི་སྣ་འདུ་འཛོམས་སོགས་སུ་མཉམ་ཞུགས་མི་ཆོག་པའི་དམ་དྲག་བྱས་ཡོད། དེས་ཁོང་གི་གཏམ་བརྗོད་རང་དབང་དང་ཞི་བའི་འདུ་འཛོམས་བཀག་སྡོམ་བྱས་པ་ཙམ་མ་ཟད། ཁོར་ཡུག་སྲུང་སྐྱོབས་བྱ་རྒྱུའི་དྲིལ་བསྒྲགས་ལ་དཀའ་ངལ་བཟོས་ཡོད། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གསུམ་ནས་རྒྱ་ནག་གཞུང་ལ་ཤོག་ངོས་བདུན་ཅན་གྱི་ཡིག་གེ་ཞིག་བཏང་ནས་ཚེ་རིང་ལགས་འཇུ་བཟུང་བཀག་ཉར་བྱས་པའི་གནས་སྟངས་ལ་སེམས་ཁྲལ་ཆེན་པོ་བྱས་ཡོད།  དེའི་ཁོངས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབས་མཁན་དང་། གཏམ་བརྗོད་རང་དབང་སྲུང་སྐྱོབས་དང་ཡར་རྒྱས་མཁན་གྱི་སྙན་ཞུ་སོགས་ཚུད་ཡོད། བོད་དུ་གང་བྱུང་གི་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ཞི་བའི་ཐོག་ནས་ངོ་རྒོལ་བྱས་པར་གང་བྱུང་གིས་བཀག་ཉར་དང་། བལྟ་སྲུང། འཇིགས་སྐུལ་བཅས་བྱེད་ཀྱི་ཡོད་ཅིང། ཡིག་གེའི་ནང་རྒྱ་ནག་གཞུང་གི་ཉེས་འཛུགས་ལ་ཁྲིམས་མཐུན་གྱི་གཞི་རྩ་ཡོད་མེད་ལ་དོགས་སློང་དང་ཁྲིམས་མཐུན་གྱི་གོ་རིམ་མེད་པ། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་སྤྱི་དམངས་ཀྱི་རང་དབང་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་གསལ་སྟོན་བྱས་ཡོད། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲིས་ནས་འགྲེལ་བརྗོད་གནང་དོན། ང་ཚོས་མཚོ་སྔོན་ཚེ་རིང་ལགས་གློད་གྲོལ་བཏང་བར་དགའ་བསུ་བཞིན་ཡོད་ཀྱང་། ཁོང་གི་འཕྲོད་བསྟེན་གྱི་གནས་སྟངས་དང་དམ་དྲག་ཤུགས་ཆེ་བྱས་པར་སེམས་ཁྲལ་ཡོད་ཅེས་འགྲེལ་བརྗོད་གནང་ཡོད། དེས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབས་མཁན་ཚོས་གཞུང་དང་ཚོང་ལས་ཁང་གིས་གནོད་འཚེ་ཅན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་ཐོབ་ཐང་ལག་བསྟར་བྱས་པའི་རྐྱེན་གྱིས་ཁོ་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་གསལ་སྟོན་བྱེད་བཞིན་ཡོད། རྒྱ་གཞུང་དབང་འཛིན་པར་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་དང་། ཆོས་དད་རང་དབང་རྩོད་ལེན་བྱེད་མཁན་ཚོར་བཙན་གནོན་གཏོང་བར་ཁྲིམས་ལུགས་གཏན་འབེབས་ཀྱི་ཚིག་བརྗོད་ཁ་གསལ་མེད་པའི་དབང་གིས་ཡུན་རིང་འགོར་འགྱངས་འགྲོ་གི་ཡོད། ཚེ་རིང་ལགས་སུ་མུ་མཐུད་ནས་བལྟ་སྲུང་དང་བསུན་བཙིར་བྱེད་བཞིན་ཡོད་པ་དེས་ཞི་བའི་ལས་འགུལ་བར་དྲག་གནོན་དང་། བོད་ཀྱི་ས་ཆ་དང་ཐོན་ཁུངས་ལ་ཚོད་འཛིན་བྱ་རྒྱུར་དམིགས་ཡོད་པ་གསལ་སྟོན་བྱས་ཡོད། འདི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས།  ཚེ་རིང་ལགས་ཀྱི་བཀག་སྡོམ་གནས་སྟངས་ཚང་མ་མེད་པ་བཟོ་དགོས་པ་མ་ཟད། དགོས་ངེས་ཀྱི་སྨན་བཅོས་མཐུན་རྐྱེན་སྦྱོར་དགོས་པ་དང་།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ལྟར་ཁོ་ཚོའི་གཏམ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་ལ་སྲུང་སྐྱོབས་དགོས་པ། ཁོར་ཡུག་ལས་འགུལ་བ་ཚོར་དྲག་གནོན་འཚམས་འཇོག་དང།  ཁོ་ཚོའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྒྱ་གཞུང་དབང་འཛིན་པས་ངེས་པར་དུ་འགན་འཁུར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

པེ་ཅིང་གིས་བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་མྱུར་ཚད་ཟབ་ཏུ་བཏང་བ།

0
རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༤ ཉིན་པཎ་ཆེན་རྒྱལ་མཚན་ནོར་བུས་ལྷ་སར་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། བླ་སྤྲུལ། ཆོས་ཕྱོགས་མི་སྣ་བཅས་མཉམ་ཞུགས་བྱས་པའི་གལ་ཆེའི་ཚོགས་འདུ་ཞིག་གཙོ་སྐྱོང་བྱས་ཡོད། ཚོགས་འདུ་དེ་ནི་༸གོང་ས་མཆོག་ནས་སྐུའི་ཡང་སྲིད་དང་འབྲེལ་བའི་གསུང་འཕྲིན་གནང་བའི་ཉིན་གསུམ་གྱི་རྗེས་སུ་ཆགས་ཡོད། ཚོགས་འདུའི་ཐོག་<<རྒྱ་ནག་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ ༢༠༢༥-༢༠༢༩ བར་གྱི་ལོ་ལྔའི་འཆར་གཞིའི་རྩ་གནད་>>ཞེས་པའི་གལ་ཆེའི་ཡིག་ཆ་ཞིག་ཀྱང་གཏན་འབེབས་བྱས་ཡོད་སྐོར་འཁོད་ཡོད། ཡིག་ཆ་དེའི་ཞིབ་ཕྲའི་ནང་དོན་ད་ལྟ་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་མེད། <<ནང་བསྟན་ཀྲུང་ཅན་དུ་བསྒྱུར་བའི་ལོ་ལྔ་ཚན་གྱི་འཆར་གཞི་>>ཞེས་པའི་ཡིག་ཆ་ཞིག་དེ་སྔ་ནས་བཟོས་ཟིན་ཀྱང་།<<བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ལོ་ལྔ་ཚན་གྱི་འཆར་གཞི་>>ཞེས་པ་ད་རེས་ཐོག་མ་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་དང་། ལྷག་པར་དུ་བོད་རྒྱུད་ནང་བསྟན་གྱི་རིས་མེད་དགོན་སྡེ་ཁག་ལ་སྟངས་འཛིན་དང་དོ་དམ་བྱེད་པའི་ལས་དོན་དེ་སྔར་བས་ནན་པོ་དང་དྲག་པོ། འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་ཐོག་ནས་ལག་བསྟར་བྱ་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད། དཔེར་ན།  ཕྱི་ལོ་ ༢༠༡༩ ལོར་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ལོ་ལྔ་ཚན་གྱི་འཆར་གཞི་ཞེས་པའི་སྲིད་ཇུས་དེ་རྒྱལ་ཡོངས་རང་བཞིན་གྱི་འཆར་གཞི་ཞིག་ཡིན་པ་ལས་བོད་ལ་དམིགས་བསལ་གྱིས་གཏན་འབེབས་བྱས་པ་ཞིག་མ་ཡིན་ཀྱང་།  དེ་རེས་བོད་དུ་དམིགས་བསལ་གྱི་འཆར་གཞི་ཟུར་བཀོད་བྱས་པ་དེའི་ཐོག་ནས་དེ་སྔ་སྟངས་འཛིན་དང་དམ་དྲག་བྱེད་པའི་སྲིད་ཇུས་དེ་དག་གིས་མི་འགྲིགས་པར་ད་དུང་སྔར་བས་ནན་པོ་བྱ་རྒྱུ་ཡིན་པ་གསལ་པོ་རེད། ད་བར་རྒྱ་གཞུང་གིས་བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཞེས་ཡང་ནས་ཡང་དུ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། ལོ་ཚན་ལྔ་ཚན་གྱི་འཆར་གཞི་བཟོས་ནས་དངོས་སུ་ཡིག་ཐོག་ཏུ་ཕབ་པ་དང་གཞུང་འབྲེལ་གྱིས་ཚོགས་ཐོག་ཏུ་བརྒྱུད་བསྒྲགས་བྱས་པ་ད་རེས་ཐོག་མ་དེ་ཡིན་སྟབས། བོད་མིའི་ཆོས་དད་རང་དབང་དང་རིས་མེད་དགོན་སྡེ་ཁག་ལ་དམ་དྲག་དེ་བས་ཆེ་བ་དང་དཀའ་ངལ་དེ་བས་ཆེ་ཞིག་ཡོང་རྒྱུ་གསལ་པོ་རེད། མ་ཟད་འདི་ལོ་ནི་བོད་རང་སྐྱོང་ལྗོངས་ཟེར་བ་གསར་འཛུགས་བྱས་ཏེ་མི་ལོ་དྲུག་བཅུ་འཁོར་བ་དང་། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་མི་ལོ་གསུམ་བཅུ་འཁོར་བའི་དུས་སྐབས་ཤིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་དུས་སྐབས་དེ་དང་བསྟུན་ནས་ཁོ་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་བྱེད་ཀྱི་ཡོད་ཀྱི་ཡོད་པ་གསལ་པོ་རེད། རྒྱལ་མཚན་ནོར་བུ་བོད་དུ་མ་ཡོང་གོང་གི་ཟླ་ ༦ ཚེས་ ༦ ཉིན་ཞི་ཅིང་ཕིང་གིས་དངོས་སུ་ཐུག་འཕྲད་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་སྲིད་ཇུས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་དགོས་པའི་ནན་བརྗོད་བྱས། དེ་མ་ཐག་ཟླ་ ༦ པའི་ཟླ་མཇུག་ཏུ་རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཆེད་བསྐྱོད་བྱས་པ་དང་། དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་སྐོང་འཚོགས་བྱེད་པའི་ཉིན་མོ་དེར་རྒྱལ་མཚན་ནོར་བུར་ཐུག་འཕྲད་བྱས་ཡོད།  ཝང་ཅུན་ཀྲེང་གིས་ཏང་གི་བཀའ་ལ་ཉན་པ་དང། ཏང་གི་རྗེས་སུ་དྲངས་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པ།  དར་ཆ་གསལ་ཐོན་གྱི་སྒོ་ནས་ཁ་བྲལ་རིང་ལུགས་དང་འཐབ་རྩོད་བྱེད་དགོས་སྐོར་ནན་བརྗོད་བྱས་ཡོད། ད་ཐེངས་སྐོང་འཚོགས་བྱས་པའི་ཚོགས་ཐོག་ཏུའང་རྒྱལ་མཚན་ནོར་བུས་གོང་དུ་ཞི་ཅིང་ཕིང་དང་ཝང་ཅུན་ཀྲང་གིས་ཐུག་འཕྲད་བྱེད་སྐབས་བཤད་པའི་སྐད་ཆ་དེ་དག་ཚོགས་ཏུ་བརྒྱུད་བསྒྲགས་བྱས་ཏེ་། ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་།  བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། བོད་ཀྱི་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་དགོས་སྐོར་ནན་བརྗོད་བྱས་ཡོད། དེར་བརྟེན། ད་རེས་ཀྱི་ཡིག་ཆ་དེའི་ནང་དོན་ཆ་ཚང་ཕྱིར་བསྒྲགས་བྱས་མེད་ཀྱང་ཞི་ཅིང་ཕིང་དང་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས་རྒྱལ་མཚན་ནོར་བུར་ལམ་སྟོན་བྱེད་སྟངས་དང་། རྒྱལ་མཚན་ནོར་བུས་སྐད་ཆ་དེ་དག་ཇི་མ་ཇི་བཞིན་ཚོགས་ཐོག་ཏུ་གསལ་བསྒྲགས་བྱེད་སྟངས་ལ་བལྟས་ན། ད་རེས་ཀྱི་ཡིག་ཆ་དེ་ནི་རྒྱ་ནག་དབུས་གཞུང་དང་། བོད་སྡོད་དམར་ཤོག་ཚོགས་པའི་ཐད་ཀའི་བཀའ་བཀོད་འོག་ཏུ་བཟོས་པ་ཞིག་དང་།  དེ་ནི་བོད་ཀྱིས་རིས་མེད་དགོན་སྡེ་ཁག་ལག་སྔར་བས་སྟངས་འཛིན་དང་དམ་དྲག་བྱ་རྒྱུའི་འཆར་གཞི་ཆེན་པོ་ཞིག་ཡིན་པ་གསལ་པོ་རེད། ལྷག་པར་དུ་སྔ་ལོ་<<བོད་རྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་གྱི་སྲོལ་ཡིག་>>ཞེས་པར་བཟོ་བཅོས་བྱས་ཏེ་ཞི་ཅིང་ཕིང་གི་དུས་སྐབས་སུ་གཏན་འབེབས་བྱས་པའི་གོང་གསལ་གྱི་སྲིད་ཇུས་དང་བྱ་ཐབས་དེ་དག་སྲོལ་ཡིག་ནང་བཅུག་ནས་དངོས་སུ་ཁྲིམས་ཐོག་ཏུ་བཀོད་ནས་ལག་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་བཅས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་བྱེད་པའི་ཚད་གཞི་དེ་སྲིད་ཇུས་དང་། ཁྲིམས་ལུགས། ལག་ལེན། བྱ་སྤྱོད་བཅས་ཕྱོགས་ཡོངས་ཀྱི་ཐོག་ནས་ལག་ལེན་བྱ་རྒྱུ་ཡིན་པ་གསལ་པོར་མཚོན་ཡོད་པ་དང་། སྲིད་ཇུས་དང་ལས་འཆར་དེ་དག་ལ་ཁ་གཡར་ནས་བོད་མི་རྣམས་གང་བྱུང་གིས་འཇུ་བཟུང་དང་། བཀག་ཉར། ཐ་ན་ཚད་གཞི་མཐོ་བའི་ལོ་ཚད་བཙོན་འཇུག་བྱ་རྒྱུའི་ཉེན་ཁ་ཆེན་པོར་གནས་ཡོད།  དཔེར་ན།  ལོ་རེའི་ཟླ་ ༧ ཚེས་ ༦ ཉིན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་དམིགས་བསལ་གྱི་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་འདི་ལོ་ནི་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུ་ཡི་འཁྲུངས་སྐར་ཡིན་པར་བརྟེན། རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་སུ་སྔར་ལས་ལྷག་པའི་དམ་དྲག་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གང་སར་དམག་མི་དང་། ཉེན་རྟོག་པ། གསང་བའི་མི་སྣ་འགྲེམས་འཇོག་གིས་བོད་མི་རྣམས་དབུག་བཀག་བཏང་བ་ལྟ་བུའི་གནས་སྟངས་ཤིག་བཟོས་ཡོད། དེང་སྐབས་བོད་ས་ཧྲིལ་པོ་བཙོན་ཁང་ལྟ་བུ་ཆགས་ཡོད་པས་བོད་ནང་གི་ཉིན་རེའི་གནས་སྟངས་རྒྱུད་ལོན་ཐུབ་རྒྱུ་ཤིན་ཏུ་ནས་ཁག་པོ་ཡིན་ཀྱང་། ཉིན་ཤས་རིང་ངོ་དེབ་དང་ཏྲི་ལི་གྷར་རམ་རྒྱུད་ནས་ཐོན་པའི་པར་རིས་དང་བརྙན་འཐུང་དེ་དག་ནི་སྐུའི་འཁྲུང་སྐར་སྐབས་བོད་ནང་གི་གནས་སྟངས་ལ་རྒྱུད་ལོན་བྱེད་པའི་དཔང་རྟགས་གསར་ཤོས་དེ་ཆགས་ཡོད།   ཐ་ན་ལྷ་ས་གྲོང་ཁྱེར་སོགས་ཀྱི་ནང་དམག་སར་སླེབས་པ་ལྟར་ལྕག་འཁྲབ་ལོ་སོགས་ཀྱང་གྲ་སྒྲིག་བྱས་ཏེ་ཁྲོམ་གཞུང་དུ་བསྐྱོད་བྱེད་བཞིན་ཡོད་པ་དངོས་སུ་མཐོང་རྒྱུ་ཡོད།  ལྕགས་འཁྲབ་འཁོར་ལོ་ནི་རྒྱལ་ཁབ་ཕན་ཚུན་དམག་འཁྲུག་གི་སྐབས་བེད་སྤྱོད་བྱེད་པ་ལས་ཞི་བའི་མི་དམངས་ཀྱི་ཐོག་བེད་སྤྱོད་བྱ་རྒྱུ་ཞིག་གཏན་ནས་མ་ཡིན་ཀྱང་། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་ལས་ལྷ་ས་དམག་སར་འགྱུར་བ་ལྟ་བུའི་གནས་སྟངས་ཤིག་མཐོང་གི་ཡོད། བོད་མི་ཚོས་དགོན་པ་དང་ལྷ་ཁང་སོགས་སུ་གནས་མཇལ་དུ་འགྲོ་སྐབས་ནང་པའི་ཆོས་ལུགས་ཀྱི་ལུགས་སྲོལ་ལྟར་གཡས་སྐོར་རྒྱག་གི་ཡོད་ཀྱང་། བརྙན་འཐུང་དང་པར་རིས་ནང་གི་ཉེན་རྟོག་དང་དམག་མི་ཚོས་བོད་མིའི་ཆོས་དད་ཀྱི་གོམས་སྲོལ་ལས་ལྡོག་ཏེ་གཡོན་སྐོར་རྒྱག་པ་མ་ཟད།  ད་དུང་རུ་སྒྲིག་དཔུང་ངོམས་བྱས་ཏེ་བོད་མི་ཚོར་རྐང་བཙུགས་ནས་འཇིགས་སྐུལ་བྱེད་པ་ལྟ་བུའི་རྣམ་པ་མཐོང་བཞིན་ཡོད། མ་ཟད་ཉེན་རྟོག་པའི་སྒྲིག་ཆས་དང་ཆས་གོས་སོགས་ཀྱང་རྣམ་པ་མི་འདྲ་བ་ཁ་ཤས་མཐོང་རྒྱུ་ཡོད་པ་དེ་དག་གི་ཐོག་ནས་རྒྱ་ནག་གཞུང་གིས་སྤྱི་ཚོགས་དམ་དྲག་གི་ཆེད་དུ་གསར་འཛུགས་བྱས་པའི་ཉེན་རྟོག་དང་དམག་མིའི་སྒྲིག་འཛུགས་ཡང་རིགས་མི་འདྲ་བ་སྣ་ཚོགས་ཡོད་པ་ཤེས་ཐུབ། འཁོར་ཡུག་དེ་འདྲ་ཞིག་ནང་བོད་མི་ཚོར་དོན་དམ་གྱི་ཆོས་དད་རང་དབང་ཞེས་པ་སྤྲོས་བྲལ་རེད། དཔེར་ན། ཕྱི་ལོ་ ༢༠༡༥ ལོར་༸གོང་ས་མཆོག་དགུང་གྲངས་བརྒྱད་བཅུ་པར་ཕེབས་སྐབས། མདོ་སྨད་རེབ་གོང་ཐུན་རི་རྫོང་ནས་ཡིན་པའི་ཚེ་རིང་དོན་གྲུབ་ལགས་ཀྱིས་སྐད་འཕྲིན་ཐོག་༸གོང་ས་མཆོག་གི་སྐུ་པར་བཞག་པ་ཙམ་གྱིས་དེ་མ་ཉིད་དུ་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས། དེ་བཞིན་དུ་ཕྱི་ལོ་ ༢༠༢༡ ལོ་ཁམས་ལི་ཐང་ཁུལ་དུ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་བོད་མི་ཚོས་སྐད་འཕྲིན་ཐོག་༸གོང་ས་མཆོག་གི་སྐུ་པར་བཞག་པ་དང་ཕན་ཚུན་རྒྱུད་སྐུལ་བྱས་པའི་དབང་གིས་ལི་ཐང་དགོན་པ་ནས་དགེ་འདུན་པ་བཅོ་ལྔ་དང་མི་སྐྱ་བཅུ་གྲངས་ཤིག་འཇུ་བཟུང་བྱས་ཏེ་ཉིན་གྲངས་ཉི་ཤུ་ཙམ་བཙོན་འཇུག་དང་ཉེས་རྡུང་དྲག་པོ་བཏང་ཡོད། ཐ་ན་སྐུའི་འཁྲུངས་སྐར་སྲུང་རྩི་ཞུས་པའི་དབང་གིས་རྒྱ་དམག་གིས་ཐད་ཀར་མི་མང་གི་ཁྲོད་དུ་མེ་མདའ་བརྒྱབ་པའི་གནས་ཚུལ་ཡང་བྱུང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་ཤར་ཕྱོགས་ས་ཁུལ་དུ་འཁྲུང་སྐར་སྲུང་རྩི་ཞུས་པའི་དབང་གིས་རྒྱ་དམག་གིས་མེ་མདའ་བརྒྱབ་ནས་དགེ་འདུན་པ་གཉིས་ཀྱི་མགོ་ལ་རྨས་སྐྱོན་ཕོག་པ་དང་། དེ་བཞིན་དུ་ཕྱི་ལོ་ ༢༠༡༥ ལོར་བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་རྩི་ཞུས་པའི་དབང་གིས་བོད་མི་ཁག་གཅིག་ལ་ཚད་གཞི་འདྲ་མིན་གྱི་ལོ་ཚད་བཙོན་འཇུག་བྱས་པ་དང་། བོད་མི་འབྲུག་གྲགས་ལགས་སུ་མི་ལོ་ ༡༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་འདས་རྐྱེན་ལ་དྲང་བདེན་གྱི་ཞིབ་འཇུག་བྱ་རྒྱུར་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་བཞིན་ཡོད།

0
བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུ་དང་སྤྱི་ཚོགས་ཀྱི་དབུ་ཁྲིད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དགོངས་པ་རྫོགས་ནས་མི་ལོ་ཧྲིལ་པོ་བཅུ་འདས་ཟིན། ཡིན་ནའང། རྒྱ་ནག་གཞུང་གིས་ད་དུང་རང་དབང་ཅན་དང་ཕྱི་གསལ་ནང་གསལ་ཐོག་ནས་ཞིབ་བཤེར་བྱས་མེད་ལ། ཁོ་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བར་འགན་འཁྲི་གང་ཡང་འཁུར་གྱི་མེད། འདི་ག་ལྟེ་གནས་ཁང་གི་ངོས་ནས་བསྐྱར་དུ་ཁོང་འདས་རྐྱེན་ལ་ཕྱོགས་ལྷུང་མེད་པའི་སྒོ་ནས་ཞིབ་འཇུག་ཆ་ཚང་ཞིག་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚོས་དངོས་དོན་འཚོལ་ཞིབ་དང་བདེན་དོན་མཐའ་འཁྱོངས་ཀྱིས་འགན་འཁུར་མཁན་ཚོར་འགན་ཁྲི་འཁུར་དུ་འཇུག་དགོས། རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༠ ལོར་ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་དུ་འཁྲུངས་པ་དང་། མཚན་གཞན་ལ་ཨ་ངག་བཀྲིས་ཞུ་བ་དང་། དགུང་ལོ་བདུན་ལ་ཕེབས་སྐབས་ཆོས་སྒོར་བཞུགས། ཕྱི་ལོ་ ༡༩༧༨ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་མཇལ་འཕྲད་གནང་བ་དང་།  པན་ཆེན་རིན་པོ་ཆེའི་རྒྱབ་བསྐྱོར་འོག་དེ་ཁུལ་དུ་དགོན་པ་གསར་བཞེངས་གནང་འགོ་ཚུགས། ཕྱི་ལོ་ ༡༩༨༣ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཁོང་དགེ་ཤེས་ཨ་ཧན་ཕུན་ཚོགས་ཀྱི་སྤྲུལ་སྐུ་ཡིན་པར་ངོས་འཛིན་གནང་། ཕྱི་ལོ་ ༡༩༨༧ ལོར་བོད་དུ་ཞབས་སོར་འཁོད་རྗེས་རིན་པོ་ཆེ་མཆོག་ནས་སྤྱི་ཚོགས་ཞབས་ཞུར་འབད་བརྩོན་གནང་བའི་འབྲས་བུར་དེ་ཁུལ་དུ་དགོན་པ་བདུན་དང། སྨན་ཁང་གཅིག  རྒས་གསོ་ཁང་དང་དྭ་ཕྲུག་གསོ་ཉར་ཁང་སོགས་གསར་འཛུགས་བསྐྱངས། ད་དུང་རིན་པོ་ཆེ་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་དང་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་གནང་བ་དེ་ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་མོས་དང་ཡིད་ཆེས་བྱེད་སའི་གྲགས་ཅན་གྱི་མི་སྣ་ཞིག་ཏུ་འགྱུར། ཁོང་གིས་ད་དུང་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐད་གསང་མཐོན་པོར་སྐྱོན་བརྗོད་བྱས་པར་བརྟེན་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་བརྟག་དཔྱད་བྱ་ཡུལ་དུ་གྱུར་། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་རྒྱ་གཞུང་ཉེན་རྟོག་པས་རིན་པོ་ཆེ་མཆོག་འཇུ་བཟུང་བྱས་ཏེ་སྐབས་དེར་བྱུང་བའི་ཁུལ་དེའི་འབར་རྫས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས། ཉེན་རྟོག་པས་བཙན་ཤེད་ཀྱིས་ཁས་ལེན་བྱེད་དུ་འཇུག་པ་དང་།  ཁོང་གི་ཚ་བོ་བློ་བཟང་དོན་གྲུབ་སྲོག་ཐོག་བཏང་། ལོ་དེའི་ཟླ་ ༡༢ ཚེས་ ༥ ཉིན་རིན་པོ་མཆོག་ལ་ལོ་གཉིས་སྲོག་ཐོག་གི་ཁྲིམས་ཆད་བཏང་ཡོད་ཀྱང་རིམ་པས་རྒྱལ་སྤྱིའི་གནོན་ཤུག་དྲག་པོའི་འོག་སྲོག་ཐོག་གི་ཉེས་པ་ནས་ཚེ་བཙོན་དུ་འགྱུར་བ་བཏང་། མི་ལོ་བཅུ་གསུམ་རིང་བཙོན་ཁང་དུ་གནས་རིང་རིན་པོ་ཆེ་མཆོག་ལ་མནར་གཅོད་ཚད་མེད་བཏང་ནས་ཁེར་རྐྱང་ཁང་དུ་ཐེངས་མང་བཙོན་འཇུག་གིས་སྨན་བཅོས་མི་བྱེད་ཀ་མེད་ཆགས་པ་དང་།  སྨན་བཅོས་ཀྱི་ཆེད་གློད་བཀྲོལ་ཡོང་བའི་རེ་འདུན་ཐེངས་མང་བཏོན་ཡོད་ཀྱང་ཁས་ལེན་བྱས་མེད།  ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་ཟི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་བཙོན་ཁང་དུ་ཡ་མཚན་གྱི་གནས་སྟངས་འོག་དགོངས་པ་རྫོགས་ཡོད། རྒྱ་ནག་གཞུང་གི་དམ་དྲག་ཆེན་པོའི་འོག་ནས་ཁོང་གི་སྐུ་ཕུང་དེ་དུས་འཐུང་ཆུ་ཚོད་འགའ་ཤས་ནང་མེར་བསྲེག་བཏང་བ་དང་། ཁོང་གི་ནང་མིར་རང་དབང་གི་ཐོག་ནས་ཕུང་པོར་བརྟག་དཔྱད་དང་དུར་འཇུག་བྱེད་པའི་ཐོབ་ཐང་སོགས་ཅི་ཡང་སྤྲད་མེད། རྒྱལ་སྤྱིའི་ཁྱོན་ནས་འབོད་སྐུལ་བྱས་ཀྱང་རྒྱ་ནག་གཞུང་གིས་ཁོང་གི་འདས་རྐྱེན་སྐོར་ལ་རང་དབང་ཅན་གྱི་ཞིབ་འཇུག་ཆོག་པའི་ཆོག་མཆན་གཏན་ནས་སྤྲད་མེད། ཁོང་གི་གྱོད་གཞི་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་བོད་དང་གྲངས་ཉུང་མི་རིགས་གཞན་དག་དང་།  དེ་བཞིན་ཉེས་མེད་ཆོས་དད་མང་ཚོགས་རྣམས་ལ་བཙན་གནོན་བྱེད་པའི་དཔང་རྟགས་ཤིག་ཆགས་ཡོད། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཁྲིམས་འགལ་གྱིས་འཛིན་བཟུང་བྱས་པ་དང་། དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་ནས་བཙོན་ཁང་དུ་འདས་གྲོངས་སོང་བའི་བར་གྱི་བྱ་སྤྱོད་དེ་དག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་མཚན་རྟགས་འགོད་མཁན་ཞིག་ཡིན་པའི་རྒྱ་ནག་གི་ངོས་ནས་བཤད་ན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་འགལ་འཛོལ་ཆེན་པོ་ཞིག་ཆགས་ཡོད། རིན་པོ་མཆོག་ལ་མནར་གཅོད་ཚད་མེད་བཏང་བ་དེ་<<རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་>>གྱི་དོན་ཚན་ལྔ་པ་དང། རྒྱ་གཞུང་གིས་ཁས་ལེན་བྱས་པའི་ཕྱི་ལོ་ ༡༩༨༨ ལོའི་<<མནར་གཅོད་འགོག་པའི་སྤྱི་ཆིངས་>>དང་འགལ་འཛོལ་ཆགས་ཡོད། <<སྤྱི་དམངས་ཀྱི་ཐོབ་ཐང་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>ལ་ཁས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་སྤྱི་ཆིངས་ཀྱི་དམིགས་ཡུལ་དང་འགན་འཛོལ་མི་བྱེད་པའི་འགན་འཁྲི་འཁུར་དགོས་ཀྱི་ཡོད། ཡིན་ནའང་། རིན་པོ་ཆེ་མཆོག་ལ་སྤྱི་ཆིངས་ཀྱི་དོན་ཚན་ ༦ དང་ ༩ ། ༡༠ བཅས་ཀྱི་ཐོབ་ཐང་བཙན་འཕྲོགས་བྱས་ཡོད། ཐོབ་ཐང་དེ་དག་ནི་བཙོན་པ་ཚོར་ཚེ་སྲོག་གི་ཐོབ་ཐང་དང་གང་བྱུང་བཀག་ཉར་བྱེད་པའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་རེད། རྒྱ་ནག་གཞུང་གིས་ད་དུང་<<དཔལ་འབྱོར་དང་སྤྱི་ཚོགས། དེ་བཞིན་རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས་>>ཀྱི་དོན་ཚན་ ༢༠ བཅས་དང་འགལ་འཛོལ་བྱས་ཡོད། དེས་མི་རྣམས་ལ་འཕྲོད་བསྟེན་གྱི་ཐོག་ནས་བལྟ་སྐྱོང་ཆེ་ཤོས་ཐོབ་རྒྱུའི་འགན་སྲུང་བྱེད་ཀྱི་ཡོད། རིན་པོ་ཆེའི་གྱོད་གཞི་དེས་བོད་མིའི་ཆབ་སྲིད་བཙོན་པའི་སྨན་བཅོས་བལྟ་སྐྱོང་ལ་སྣང་ཆུང་ཁྱད་གསོད་བྱེད་པའི་མཚོན་རྟགས་ཤིག་ཆགས་ཡོད། རིན་པོ་ཆེ་མཆོག་སྐུ་གཤེགས་པར་འགན་ཁྲི་མ་འཁུར་བ་དེས་བོད་ནང་དྲག་གནོན་གྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་བཏང་བ་གསལ་པོ་ཆགས་ཡོད་པ་དང་། རྒྱ་གཞུང་གི་དབང་འཛིན་པ་ཚོས་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་། ཁོར་ཡུག་སྲུང་སྐྱོབས། སྤྱི་ཚོགས་ཀྱི་འགོ་ཁྲིད་མཁན་ཚོར་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བ་དང། གཞི་རྒྱ་ཆེ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ལ་བརྟེན་ནས་ཞི་བའི་ཐོག་ནས་ཐོབ་ཐང་རྩོད་མཁན་དང་ཆོས་ལུགས་ཀྱི་ལས་འགུལ་ཁག་ལ་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ལྟ་སྲུང་དང་། བཀག་སྡོམ། གང་བྱུང་བཀག་ཉར་བཅས་ཀྱིས་རྐྱེན་པས་གར་སོང་ཆ་མེད་དུ་འགྲོ་བ་དེ་ནི་བོད་ཀྱི་ས་ཁུལ་སྟངས་འཛིན་བྱེད་པའི་རྒྱུན་གཏན་གྱི་བྱ་སྤྱོད་གཅིག་ཆགས་ཡོད། མུ་མཐུད་ནས་རྒྱལ་སྤྱིའི་གནོན་ཤུགས་སྐུལ་སློང་བྱ་རྒྱུར་འབོད་སྐུལ་ཞུསཏེ་རིན་པོ་ཆེའི་གྱོད་གཞི་དེ་མུན་ནག་གི་གནས་སྟངས་མི་ཆགས་པའི་འགན་ལེན་བྱེད་དགོས། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས། རིན་པོ་ཆེ་མཆོག་བཙོན་འོག་ནས་དགོངས་པ་རྫོགས་པའི་གནད་དོན་ཐད་ཆ་ཚང་ཞིང་ཕྱོགས་ལྷུང་མེད་པའི་ཐོག་ནས་རྒྱལ་སྤྱིའི་རྟོག་ཞིབ་འོག་ཞིབ་འཇུག་བྱེད་པའི་མཐུན་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། རྒྱ་ནག་གཞུང་གིས་ངེས་པར་དུ་<<མནར་གཅོད་འགོག་པའི་སྤྱི་ཆིངས་>>དང་། <<སྤྱི་དམངས་ཐོབ་ཐང་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས།>> <<དཔལ་འབྱོར་དང་སྤྱི་ཚོགས། དེ་བཞིན་རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས།>>དེ་བཞིན་འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་འགན་ཁྲི་ཁག་ལག་བསྟར་བྱེད་དགོས། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོམས་གང་མདུན་སྤོའི་སྒོ་ནས་རྒྱ་གཞུང་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་གནོད་འཚོ་གཏོང་བཞིན་པ་དེ་དག་འཚམས་འཇོག་དང། ཞི་བའི་ཐོག་ནས་བསམ་ཚུལ་བརྗོད་པ་དང་བལྟ་སྤྱོད་མི་མཐུན་པ་དག་གི་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་མིང་ཐོག་ནས་ཉེས་འཛུགས་བྱ་རྒྱུ་འཚམས་འཇོག་དགོས་པའི་འབོད་སྐུལ་ཤུག་དྲག་ཞུ་བཞིན་ཡོད།

གཞིས་ལུས་བོད་མིས་རྒྱུན་མཐུད་ནས་མནར་གཅོད་དང་སྡུག་སྦྱོང་མྱོང་བཞིན་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བསྒྲགས་གཏམ།

0
རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་སྲུང་རྩི་དང་བསྟུན་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བོད་ཀྱི་ཆབ་སྲིད་བཙོན་པ་དང་། ཁོར་ཡུག་སྲུང་སྐྱོབ་མཁན། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཚོའི་སྙིང་སྟོབས་ལ་གུས་འདུད་ཞུ་བཞིན་ཡོད། འདི་ལོའི་དུས་དྲན་དེ་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ལ་ཕྱི་ལོ་ ༢༠༢༥ ཟླ་ ༢ པར་སྙན་ཞུ་ཐེངས་དྲུག་པ་སྤྲད་རྗེས་དུས་ཚོད་ཕྱིར་འགྱངས་བྱས་ཏེ་ལོ་ལྔ་ལྷག་སོང་བ་དང་སྐབས་འཁེལ་ཡོད། སྙན་ཐོ་དེས་མནར་གཅོད་འགོག་ཐབས་ཀྱི་ཁྲིམས་དང་སྒྲིག་གཞི་མང་པོར་བསྒྱུར་བཅོས་བཏང་ལུགས་འཁོད་ཡོད་ཀྱང་། བོད་ནང་གི་གནས་སྟངས་གཏན་ནས་ཁས་ལེན་བྱེད་ཐབས་མེད། མནར་གཅོད་དེ་དག་སྔར་བཞིན་བཀག་སྡོམ་ཅན་དང་རྒྱལ་ཁབ་ཀྱིས་ལག་ལེན་བྱེད་པའི་བྱ་སྤྱོད་གཅིག་ཆགས་ཡོད། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་དྲི་རྩད་བྱེད་པ་དང་། མནར་གཅོད་ཀྱིས་ངོས་ལེན་བྱེད་རྒྱུ་མེད་པ་བཟོ་རྒྱུ། ཁྲིམས་རྩོད་པའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཁས་ལེན་བྱས་ཡོད་ཀྱང་། བོད་ནང་སྔར་བཞིན་ཁྲིམས་མཐུན་གྱི་གནས་བབ་ཧ་ཅང་ཞན་པོ་ཡིན་པ་དང་། སྲུང་སྐྱོབ་དང་ལག་བསྟར་ཞན་པོ་ཡིན་པའམ་ཐ་ན་གཏན་ནས་ལག་ལེན་བྱེད་ཀྱི་མེད།  བཀག་ཉར་བྱས་པའི་བོད་མི་རྣམས་དུས་ཡུན་རིང་པོར་ཁེར་རྐྱང་གི་བཙོན་འཇུག་བྱེད་པ་དང་།  ལུས་སེམས་གཉིས་ཀར་གནོད་འཚེ་བཏང་ནས་བཙན་ཤེད་ཀྱིས་ངོས་ལེན་བྱེད་དུ་འཇུག་པ། ནང་མི་དང་ཁྲིམས་རྩོད་པར་བཀག་ཉར་གྱི་དུས་རིམ་ནང་ཐོབ་ཐང་སྤྲོད་མི་ཆོག་པ།  དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇག་ལ་ཉེན་ཁ་བཟོ་བ་དང་གསང་བ་ཕྱིར་གྱར་བྱས་པའི་ཉེས་མིང་འོག་གསང་བའི་ཐོག་ནས་ཁྲིམས་བཤེར་དང་། ཡང་ན་ཁ་གསལ་མེད་པར་ཁྲིམས་ཐག་གཅོད་བྱེད་ཀྱི་ཡོད། རྒྱ་གཞུང་གི་སྙན་ཐོའི་ནང་བཀག་ཉར་བྱས་པའི་མི་སྣའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཆེད་ལག་བསྟར་ཁང་ ༣༠༠༠ ལྷག་ཙམ་གསར་འཛུགས་བྱས་ལུགས་འཁོད་ཡོད་ཀྱང་། བོད་ནང་དེ་ལྟ་བུའི་ལྟེ་གནས་ཁང་གི་ནང་གར་སོང་ཆ་མེད་དུ་སོང་ཡོད།བྱ་སྤྱོད་འདི་དག་ནི་སྙན་ཐོའི་ནང་གི་དྲང་བདེན་དང་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་དང་ཐོབ་ཐང་ལ་བརྩི་བཀུར་བྱེད་པའི་བརྗོད་གཞི་དང་ཡོངས་སུ་འགལ་བ་ཆགས་ཡོད། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་གནས་ཚུལ་དག་མུ་མཐུད་ནས་ཟིན་ཐོར་འགོད་བཞིན་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། ལྷ་མོ། ཉེ་ལམ་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་ལྟ་བུ་བཀག་ཉར་འོག་ནས་འདས་གྲོངས་སོང་བ་དེས་ད་ལྟའི་གནས་སྟངས་ཇི་འདྲ་ཡིན་པ་གསལ་སྟོན་བྱེད་ཀྱི་ཡོད།  ཁོང་རྣམས་ཀྱིས་སྤྱི་ཚོགས་ལ་སྣེ་ཁྲིད་དང་། ཆོས་ལུགས་ཟབ་འགྲེལ།། སྐད་ཡིག་སྲུང་སྐྱོབ་སོགས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བའི་དབང་གིས་བཀག་ཉར་བྱས་པ་དང་། བཟོད་གླག་བྲལ་བའི་མནར་གཅོད་ཀྱིས་རྐྱེན་པས་རྐྱེན་ལམ་དུ་སོང་ཡོད། བོད་ནང་གི་མནར་གཅོད་ནི་སྤྱིར་བཏང་གི་ཉེས་ཆད་གཅོད་པ་ཙམ་མ་ཡིན་པར་། བོད་དང་བོད་མིའི་ངོ་བོ་རྩ་མེད་བཟོ་བ་དང་། བལྟ་སྤྱོད་མི་མཐུན་པ་དག་བཀག་སྡོམ་བྱས་ཏེ་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་ཤིག་ཆགས་ཡོད་སྟབས། ངེད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་གྱི་མི་སྣ་དང་རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ནང་བཀག་སྡོམ་མེད་པའི་ཐོག་ནས་འགྲོ་བསྐྱོད་ཆོག་པའི་འབོད་སྐུལ་ཞུ་བཞིན་ཡོད། མནར་གཅོད་ནི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན། ནག་ཉེས་ཚབས་ཆེན་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་མནར་གཅོད་གཏོང་བ་དེ་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་འགན་ཁྲིར་འགལ་འཛོལ་བྱས་པ་དང་། བོད་མི་རིགས་ཀྱིས་མྱོང་བཞིན་པའི་ལམ་ལུགས་ཅན་གྱི་གཉའ་གནོན་གྱི་གནས་སྟངས་གསལ་སྟོན་བྱས་ཡོད།

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་འཇུ་བཟུང་བྱས་ཏེ་མི་ལོ་ཧྲིལ་པོ་ ༣༠ འཁོར་བའི་བསྒྲགས་གཏམ།

0
ལོ་རེའི་ཟླ་ ༥ ཚེས་ ༡༧ ཉིན་ནི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་ཉིན་མོ་ཞིག་རེད། སྐབས་དེ་དུས་ཁོང་ནི་འཛམ་གླིང་ཐོག་ལོ་ན་ཆུང་ཤོས་ཀྱི་བཙོན་པ་ཞིག་ཆགས་ཡོད་ཅིང་།  ད་བར་མི་ལོ་ཧྲིལ་པོ་ ༣༠ འདས་ཟིན་ཀྱང་། ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་ཀྱི་གནས་སྟངས་གང་འདྲ་ཡིན་པ་སུས་ཀྱང་ཤེས་རྟོགས་མེད་ལ། གང་དུ་ཡོད་མེད་ཙམ་ཡང་ཤེས་རྟོགས་མེད་པར་ལུས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་དགུང་གྲངས་ལ་ ༦ ལ་ཕེབས་པའི་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་རྗེས་ཀྱི་ཉིན་གསུམ་པ་སྟེ། སྤྱི་ལོ་ ༡༩༩༥ ཟླ་ ༥ ཚེས་༡༧ ཉིན་ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བོད་ལྗོངས་ནག་ཆུ་ལྷ་རི་རྫོང་ནས་བཙན་ཁྲིད་ཀྱིས་ད་བར་ཁོང་རྣམས་ཀྱི་གནས་སྟངས་ཇི་ཡིན་ཤེས་རྟོགས་མ་ཐུབ་པར་ལུས་ཡོད། དགེ་འདུན་ཆོས་ཀྱི་ཉི་མ་གར་སོང་ཆ་མེད་དུ་སོང་བ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་བ་མ་ཟད། རྒྱ་ནག་རང་ཉིད་ཀྱི་བྱིས་པའི་ཐོབ་ཐང་གི་བཅའ་ཁྲིམས་བཅས་དང་འགལ་ཡོད།  འདས་པའི་མི་ལོ་བཅུ་ཕྲག་གསུམ་ཙམ་གྱི་རིང་རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མའི་རང་དབང་ཡོད་ཚད་བཙན་འཕྲོགས་བྱས་ཡོད་ཀྱང་། ད་དུང་མི་སྤྱིར་བཏང་དང་འདྲ་བར་འཚོ་བ་སྐྱེལ་བཞིན་ཡོད་ལུགས་ཀྱི་ངེས་གཏན་མེད་པའི་སྐད་ཆ་ཁོ་ན་འགྲེལ་བརྗོད་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡ པའི་ཚེས་ ༢༨ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གཞིས་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དགོངས་པ་རྫོགས་པ་དང། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་ཡིན་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་དང་། སྲོལ་རྒྱུན་གྱི་ལམ་སྲོལ། ལྷག་པར་དུ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རང་ཆས་སུ་ཡོད་པའི་དམིགས་བསལ་གྱི་འགན་དབང་ལ་བརྟེན་ནས་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་གཞུང་དང་མཉམ་ལས་ཀྱིས་ཡང་སྲིད་འཕྲུལ་བྲལ་ཡོང་རྒྱུར་འབད་བརྩོན་ཡོད་རྒུ་གནང་ཡང་རྒྱ་ཕྱོགས་ནས་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་ཁོ་ནར་བསམ་བློ་བཏང་ནས་དོན་སྙིན་ལྡན་པའི་འབྲས་བུ་ཞིག་ཐོན་མེད། ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༩ ཉིན་བཀྲིས་ལྷུན་དགོན་པས་༸གོང་ས་མཆོག་ལ་ཡང་སྲིད་མྱུར་བྱོན་འཕྲུལ་ཡོང་བའི་བསྔོ་སྨོན་སྐྱབས་ཞུ་ཕུལ་ཡོད །སྐབས་དེར་རྒྱ་ནག་གི་སྲིད་བློན་ལི་ཧྤང་གི་མིང་ཐོག་ནས་དོན་ཚན་གསུམ་ཁྱབ་བསྒྲགས་བྱས་ཡོད་པ་སྟེ། གདུང་རྟེན་བཞེངས་ཕྱོགས་དང་། སྐུ་གདུང་སྲུང་སྐྱོབ་ཞུ་ཕྱོགས། ཡང་སྲིད་ངོས་འཛིན་ཞུ་ཕྱོགས་བཅས་རེད། དོན་ཚན་དེ་དག་ལས་གལ་གནད་ཆེ་ཤོས་ནི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་གནད་དོན་ལ་ཐུགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཡང་སྲིད་རྒྱལ་ནང་དུ་ངོས་འཛིན་བྱེད་དགོས་པ་ལས་ཕྱི་རྒྱལ་དུ་ངོས་འཛིན་བྱེད་མི་རུང་བའི་ཐག་གཅོད་བྱས་ཡོད། ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བཀྲིས་ལྷུན་དུ་ཚོགས་འདུ་རིམ་པར་སྐོང་འཚོགས་ཀྱིས་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དེ་གསེར་འབུམ་བཀྲུག་ནས་ཐག་གཅོད་བྱེད་དགོས་པའི་སློབ་གསོ་སྤེལ་བ་དང་། སྐབས་དེར་བཀྲས་ལྷུན་དགོན་པར་དགེ་འདུལ་ཞལ་གྲངས་ ༨༠༠ ལྷག་ཙམ་ཡོད་པ་ཚང་མས་ཞལ་ཁ་གཅིག་གྲགས་ཀྱིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་དེ་ཆོས་ལུགས་ཀྱི་རྒྱུན་སྲོལ་དང་། རྒྱལ་བ་ཡབ་སྲས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བར་གཞིགས་ནས་༸གོང་ས་མཆོག་ལ་སྐྱབས་འཇུག་ཞུ་དགོས་ཞེས་སྐབས་དེའི་ལས་དོན་རུ་ཁག་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གསེར་འབུམ་དཀྲུག་ན་སྐྱོན་ཅི་ཡོད་གསལ་འགྲེལ་བྱས། དེ་དང་ཕྱོགས་སྐབས་དེའི་བཀྲས་ལྷུན་དགོན་གྱི་བསྟན་བདག་བླ་ཆེན་བྱ་བྲལ་རིན་པོ་ཆེས་ཀྱང་བཀྲས་ལྷུན་དགོན་པའི་གྲྭ་མང་གི་ཐུགས་རེ་དང་། རྒྱལ་བ་ཡབ་སྲས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ། ཡང་སྲིད་ངོས་འཛིན་གྱི་ལོ་རྒྱུས་ཀྱི་དོན་དངོས་བཅས་ལ་གཞི་བཅོལ་ནས་རྒྱ་ནག་གཞུང་ལ་སྙན་ཞུ་རིམ་པར་ཕུལ་ཡོད། མཐར་བྱ་བྲལ་རིན་པོ་ཆེས་གཙོས་པའི་ཡང་སྲིད་ངོས་འཛིན་ཚོགས་ཆུང་ནས་ཕྱི་ལོ་ ༡༩༩༣ ཟླ་ ༧ ཚེས་ ༡༧ ཉིན་གཞུང་འབྲེལ་ཐོག་༸གོང་ས་མཆོག་ལ་སྙན་ཞུ་ཕུལ། ཕྱི་ལོ་ ༡༩༩༥ ཟླ་ ༢ པར་སྐོང་འཚོགས་བྱས་པའི་ཚོགས་འདུ་ཞིག་གི་ཐོག་བྱ་བྲལ་རིན་པོ་ཆེས་ད་བར་ང་ཚོས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་༸གོང་ས་མཆོག་ནས་ངོས་འཛིན་ཡོང་བའི་སྐྱབས་འཇུག་ཞུ་རྒྱུའི་ཐད་ཚང་མས་ཐུགས་འདུ་གཅིག་དང་ཞལ་གཅིག་གྲགས་ཡིན་པ་རླབས་ཆེན་གྱི་མཛད་རྗེས་རེད། ད་དུང་ང་ཚོས་སྔར་ལས་ཀྱང་ཛ་དྲག་ཅིང་གདོང་གཏུགས་བྱེད་དགོས་པའི་གནད་དོན་མི་ཉུང་བ་ཞིག་འཕྲད་རྒྱུ་ངེས་གཏན་ཡིན་པས། ཚང་མས་མུ་མཐུད་དམ་ཚིག་ཟོང་ཁ་གཅིག་སྒྲིལ་གྱིས་ཕྱིར་བཤོལ་མཛད་རྒྱུ་མེད་པའི་སློབ་གསོ་གནང་། མཐར་ལོ་དེའི་ཟླ་ ༥ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནག་ཆུ་ལྷ་རི་རྫོང་ཁོངས་སྐྱེད་བྱེད་དཀོན་མཆོག་ཕུན་ཚོགས་དང་། སྐྱེད་མ་བདེ་ཆེན་ཆོས་སྒྲོན་ཟུང་གི་ཁྱིའུ་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་གཏམ་བཟང་ཨ་རིའི་རྒྱུང་འཕྲིན་བརྒྱུད་ནས་བོད་ཀྱི་ས་གནས་གང་སར་བསྒྲགས། ཉིན་དེ་རང་དུ་རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་དང་ཡབ་ཡུམ་སྐུ་འཁོར་བཅས་པར་དམ་དྲག་བྱས་པ་དང་། ཚེས་༡༥ ཉིན་བྱ་བྲལ་རིན་པོ་ཆེ་དང་ཁོང་གི་དྲུང་ཡིག་བྱམ་པ་ཅུང་ལགས། ཞབས་ཞུ་བ་བཀྲིས་བཅས་ཁྲན་ཏུའུ་གནམ་ཐང་དུ་འཇུ་བཟུང་བྱས་པ་དང་། བོད་ས་ཡོངས་སུ་དམ་དྲག་གི་བསྐངས། གཞིས་རྩེ་དང་། ལྷ་ས། ནག་ཆུ་བཅས་སུ་མི་གསུམ་ལྷག་འཛོམས་མི་ཆོག་པའི་བཀོད་ཁྱབ་བསྒྲགས། ཚེས་ ༡༧ ཉིན་ནས་བཟུང་གཞིས་རྩེ་ས་གནས་སྲིད་འཛིན་ལས་ཁུངས་དང་།  ཆོས་དོན་ལས་ཁུངས། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས། བདེ་འཇགས་ལས་ཁུངས། ཉེན་རྟོག་ལས་ཁུངས་བཅས་ཀྱི་ལས་དོན་རུ་ཁག་གི་མི་སྣ་དང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རག་སྡིས་དང་རྒྱལ་མཚན་ནོར་བུ་བཀྲིས་ལྷུན་པོའི་དགོན་པར་ཡོང་ནས་༸གོང་ས་མཆོག་ནས་དགེ་འདུན་ཆོས་ཀྱི་ཉི་མ་པན་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་གནང་བ་ཁྲིམས་འགལ་ཡིན་པས་རྩིས་མེད་གཏོང་དགོས་པའི་སློབ་གསོ་བསྟུད་མར་སྤེལ་བ་དང་། ཉེན་རྟོག་པ་དང་གསང་ལས་མི་སྣས་མཚན་མོ་གྲྭ་ཤག་ནང་འཛུལ་ནས་དགེ་འདུན་པ་ ༢༧ འཇུ་བཟུང་བཙོན་འཇུག་བྱས་ཡོད། དུས་དེ་ནས་བཟུང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དང་། ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་འཇིག་རྟེན་འདི་ནས་ཁ་བྲལ་བ་ལྟར་གར་སོང་ཆ་མེད་དུ་སོང་ནས་ད་བར་མི་ལོ་ཧྲིལ་པོ་ ༣༠ འདས་ཟིན། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གར་སོང་ཆ་མེད་དུ་གྱུར་བ་ནི་བོད་རྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་བྱེད་དབང་བཙན་འཕྲོག་བྱས་པའི་དཔེ་མཚོན་གལ་ཆེན་ཞིག་ཡིན་པ་མ་ཟད།  བོད་མིའི་ཆོས་དད་རང་དབང་ལ་བཙན་གནོན་ཇི་ཙམ་གཏོང་གི་ཡོད་པའི་དཔང་རྟགས་གསོན་པོ་ཞིག་ཀྱང་ཆགས་ཡོད་ལ།  དགེ་འདུན་ཆོས་ཀྱི་ཉི་མ་དང་ཡབ་ཡུམ་སྐུ་འཁོར་དང་བཅས་པའི་མི་ལུས་རང་དབང་བཙན་འཕྲོག་བྱས་པའི་ནག་ཉེས་ཆེན་པོ་ཞིག་ཆགས་ཡོད། གྱོད་གཞི་འདི་ནི་གནད་དོན་གཅིག་གི་སྟེང་ནས་ཆོས་དད་དང་། ཆབ་སྲིད། འགྲོ་བ་མིའི་ཐོབ་ཐང་དང་བཅས་པ་ཡོད་ཚད་བཙན་འཕྲོག་བྱས་པའི་དཔེ་མཚོན་ཞིག་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་ལ་འདི་ལྟ་བུའི་ཐེ་ཇུས་བྱེད་དགོས་དོན་ནི། ཆབ་སྲིད་ཀྱི་དམིགས་ཡུལ་གསལ་པོ་ཡོད་པ་སྟེ།  དེ་ཡང་རྒྱ་ནག་གཞུང་གིས་སྤྲུལ་སྐུ་གཅིག་ཁ་ལོ་བསྒྱུར་ཐུབ་ན་དགོན་པ་གཅིག་ཁ་ལོ་བསྒྱུར་ཐུབ་པ་དང་། དགོན་པ་གཅིག་ཁ་ལོ་བསྒྱུར་ཐུབ་ན་ལུང་པ་གཅིག་ཁ་ལོ་བསྒྱུར་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། ཆབ་སྲིད་ཀྱི་དམིགས་ཡུལ་དེ་འདྲ་ཞིག་གི་ཆེད་རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་ཕྱོགས་ཡོངས་ནས་དམར་ཤོག་ཚོགས་པས་སྟངས་འཛིན་བྱེད་ཀྱི་ཡོད། དེའི་ནང་དུའང་སྤྲུལ་སྐུ་ཆེ་འབྲིང་ཆུང་གསུམ་གྱི་རིམ་པ་དབྱེ་བ་ཕྱེ་ཡོད་པ་དང་། རྒྱལ་བ་ཡབ་སྲས་ལྟ་བུའི་རིམ་པ་མཐོ་ཤོས་རྣམས་ཐད་དཀར་རྒྱ་ནག་དབུས་གཞུང་ནས་སྟངས་འཛིན་བྱེད་པ་དང་། རིམ་པ་འབྲིང་བ་རྣམས་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོས་སྟངས་འཛིན་བྱེད་ཀྱི་ཡོད། འདས་པའི་མི་ལོ་གསུམ་བཅུའི་རིང་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་།  གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་དགེ་འདུན་ཆོས་ཀྱི་ཉི་མ་དང་བཅས་པའི་གནས་སྟངས་ཁ་གསལ་ཡོང་ཆེད་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་བ་མ་ཟད། རྒྱ་ནག་གཞུང་ལའང་དེ་དོན་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་ད་བར་དོན་སྙིང་ལྡན་པའི་གྲུབ་འབྲས་ཤིག་ཐོན་མེད།  དཔེར་ན། ཉེ་ལམ་ཟླ་ ༥ ཚེས་ ༨ ཉིན་ཡོ་རོབ་གྲོས་ཚོགས་ནས་བོད་དོན་དང་འབྲེལ་བའི་གྲོས་ཆོད་གཅིག་བཞག་ཡོད་པ་དེའི་ནང་དུའང་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་གླེང་སློང་ཁ་གསལ་གནང་ཡོད་། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཚོར་ཤུག་དྲག་པོས་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་སྔར་ལས་ལྷག་པའི་སྒོ་ནས་དགེ་འདུན་ཆོས་ཀྱི་ཉི་མ་དང་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་གང་དུ་ཡོད་པ་དང་། གནས་སྟངས་གང་འདྲ་ཡིན་པ་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གསལ་ཁ་གཏོད་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།