ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་མཚན་མོའི་ཆུ་ཚོད་༡༠ དང་སྐར་ ༣༣ ཐོག་ནག་ཆུ་སྦྲ་ཆེན་རྫོང་དུ་རིམ་པ་ ༧་༠ ཅན་གྱི་ས་ཡོམ་བརྒྱབ་རྗེས་གཞུང་ཕྱོགས་ནས་ཕྱོགས་ཡོངས་ལ་བཀག་སྡོམ་དང་དམ་དྲག་ཤུགས་ཆེན་བྱས་ཡོད། ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་གནོད་འཚེ་ཕོག་པའི་གནས་ཚུལ་དང་ཤི་རྨས་བྱུང་བའི་གནས་ཚུལ་རང་དབང་གིས་ཁྱབ་བསྒྲགས་བྱ་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། ས་ཡོམ་བྱུང་སའི་ཡུལ་དངོས་ཀྱི་གནས་ཚུལ་དྲ་ལམ་དུ་སྤེལ་མཁན་ལ་བཙན་ཤེད་ཀྱིས་རང་ཉེས་ངོས་ལེན་གྱི་བརྙན་ཐུང་བཟོ་རུ་འཇུག་པ་དང་། གཞི་རིམ་མི་མང་གི་མི་ཆོས་རིང་ལུགས་ཀྱི་རོགས་རམ་ཁག་ལ་དམ་དྲག་དང་ཚད་བཀག་བཟོ་བཞིན་ཡོད།
གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གི་ནང་མི་ ༡༦ ཤི་བ་དང་ ༧༦ ལ་རྨས་སྐྱོན་ཕོག་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། ས་གནས་མི་མང་གིས་བཤད་པ་ལྟར་ན་ཤི་རྨས་ཀྱི་གྲངས་འབོར་ལྡབ་འགྱུར་གྱི་མང་པ་ཡོད་པ་རེད།། ས་གནས་བོད་མི་ཚོས་བཤད་པ་ལྟར་ནརྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་སྒོ་ནས་གནོད་འཚེ་ཐེབས་པའི་གྲངས་འབོར་སྦེད་སྐུང་བྱེད་བཞིན་ཡོད་པ་རེད། བོད་མི་ཞིག་གིས་འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་དོན། ཁོང་གི་ཉེ་འཁོར་གཅིག་པུ་ནས་མི་གྲངས༥༠ ལྷག་ཙམ་འདས་གྲོངས་སོང་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ས་ཡོམ་རྗེས་སུ་བོད་ས་ཡོངས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། དེའི་ནང་ནས་ཀྱང་སྦྲ་ཆེན་རྫོང་དང་དེའི་ཉེ་འཁོར་གྱི་གྲོང་གསེབ་ཁག་ལ་དམ་དྲག་བྱེད་བཞིན་འདུག ས་གནས་བོད་མི་དང་དང་བླངས་པ་ཚོས་གནོད་འཚེ་ཕོག་ཁུལ་དུ་རྒུད་སྐྱོབ་ལས་དོན་སྤེལ་བར་འགྲོ་སྐབས། སྲིད་གཞུང་གི་དམ་དྲག་ཆེ་བའི་བཀའ་རྒྱར་མོས་མཐུན་བྱས་ན་མ་གཏོགས་འགྲོ་བསྐྱོད་མི་ཆོག་པ་ཡོད།
གནོད་འཚེ་ཕོག་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་གཙོ་གནད་ཀྱི་དམ་དྲག་ཁག་གཤམ་གསལ་ལྟར།
༡། གནོད་འཚེ་ཕོག་ཁུལ་ནས་པར་དང་བརྙན་ལེན་མི་ཆོག་པ་དང་ཐད་གཏོང་བྱེད་མི་ཆོག
༢། གཞུང་གི་བཀའ་འཁྲོལ་མེད་པར་གསར་འགོད་པ་དང་། དང་བླངས་པས་མི་དམངས་ལ་བཅར་འདྲི་བྱེད་མི་ཆོག
༣། གཞུང་འབྲེལ་ཆོག་མཆན་མ་ཐོབ་པར་ས་ཡོམ་དང་འབྲེལ་བའི་གནས་ཚུལ་རྒྱུད་སྤེལ་བྱས་པ་ཡིན་ནརྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དཀྲོག་གཏམ་སྤེལ་བར་ངོས་འཛིན་བྱེད་ཀྱི་ཡོད།
༤། གནོད་འཚེའི་ས་ཁུལ་གྱི་བརྙན་ཐུང་དང་པར་རིས་བེད་སྤྱོད་བྱས་ཏེ་སྤྱི་ཚོགས་ཐོག་གང་བྱུང་གི་རོགས་རམ་དང་ཞལ་འདེབས་བསྡུ་ལེན་མི་ཆོག
གནས་ཚུལ་བཀག་སྡོམ་བྱ་ཆེད་སོག་རྫོང་དང་། ལྷོ་རོང་རྫོང་། ཤན་རྩ་རྫོང་བཅས་ཀྱི་ཉེན་རྟོག་པས་དཀྲོག་གཏམ་བཟོས་པ་དང་། དྲ་ལམ་དུ་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་བོད་མི་བཅུ་གྲངས་ཁ་ཤས་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། དེ་རྗེས་སྤྱི་བདེ་ལས་ཁུངས་ནས་མི་སྣ་དེ་དག་གིས་ནག་ཉེས་ངོས་ལེན་བྱས་ལུགས་ཀྱི་བརྙན་ཐུང་བཀྲམ་ནས་མི་དམངས་ལ་འཇིགས་སྐུལ་བྱས་ཡོད། དཔེར་ན། ལྷོ་རོང་རྫོང་སྤྱི་བདེ་ཅུས་ཀྱིས་བོད་རིགས་བུ་མོ་ཞིག་འཇུ་བཟུང་བྱས་ཏེ་མོ་ལ་ནག་ཉེས་ངོས་ལེན་གྱི་བརྙན་ཐུང་བཟོ་རུ་བཅུག་ཡོད། དེ་ནི་བུ་མོ་དེས་དྲ་ལམ་དུ་ས་ཡོམ་རྐྱེན་པས་མི་བརྒྱ་ལྷག་རྐྱེན་འདས་སོང་བའི་གནས་ཚུལ་སྤེལ་བའི་རྐྱེན་གྱིས་རེད། ད་ལྟའི་ཆར་བུ་མོ་དེའི་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མ་ཐུབ་པར་ལུས་ཡོད།
ཡང་གནས་ཚུལ་གཞན་ཞིག་ནི། ཟླ་ ༡༠ ཚེས་ ༢༤ ཉིན་གྱི་སྔ་དྲོར་ས་གནས་བོད་མི་ཞིག་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད། དེ་ནི་མི་དེས་སྐད་འཕྲིན་ནང་སོག་རྫོང་ཉེན་རྟོག་ལས་ཁུངས་ཀྱི་དྲ་རྒྱའི་བདེ་འཇགས་སྐོར་གསལ་བསྒྲགས་དེ་མི་དམངས་ལ་འཇིགས་སྐུལ་བྱ་ཆེད་རྫུན་བཟོ་བྱས་པ་ཡིན་སྐོར་བརྗོད་ཡོད་ཅིང་། དེ་ནི་སྔོན་མ་བོད་མི་ཞིག་གིས་གླེ་སོག་སུམ་མདོའི་ཆུ་མཛོད་བརྡོལ་ཉེན་ཡོད་སྟབས་གྲོང་མི་རྣམས་རི་ལ་གནས་སྤོ་དགོས་པའི་དྲན་སྐུལ་བཏང་བར་འཇུ་བཟུང་བཀག་ཉར་བྱས་རྗེས་སུ་བྱུང་བ་ཞིག་རེད།
ས་གནས་ཉེན་རྟོག་པས་འཛིན་སྐྱོང་དང་ཁྲིམས་ལུགས་ཉེས་དོན་གྱི་ཐབས་ལམ་སྤྱད་ནས་གཞུང་གི་ལྟ་ཚུལ་དང་མི་མཐུན་པའི་བོད་མིར་ཉེས་འཛུགས་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་གི་བཅོས་སྐྱོང་དོ་དམ་གྱི་ཁྲིམས་ཡིག་དོན་ཚན་ ༢༩ ཡི་ནང་། གལ་ཏེ་ཉེན་རྟོག་ལས་ཁུངས་ནས་དཀྲོག་གཏམ་བཟོས་པ་དང་། གནོད་འཚེ་ཕོག་ཁུལ་གྱི་གནས་ཚུལ་རྫུན་བཟོས་བྱས་པར་བྱས་ཚེ་མ་མཐར་ཡང་ཉིན་ ༡༠ བཀག་ཉར་དང་མི་དམངས་ཤོག་སྒོར་ ༡༠༠༠ གི་ཉེས་ཆད་གཏོང་རྒྱུ་རེད། རྒྱ་ནག་གི་ཉེས་ཁྲིམས་ནང་གསལ་ལྟར་ན། གནོད་འཚེ་ཕོག་པའི་གནས་ཚུལ་རྫུན་བཟོ་དང་ཤེས་བཞིན་དུ་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་བཏང་ཚེ་འབྲེལ་ཡོད་མི་སྣ་དེར་མ་མཐར་ཡང་ལོ་ ༣ གྱི་བཙོན་འཇུག་ཕོག་ངེས་རེད། ད་ལྟའི་ཆར་ཉེན་རྟོག་ལས་ཁུངས་ནས་བཀག་ཉར་བྱས་པའི་མི་འགའ་ཤས་ལ་ཉེས་རྡུང་བཏང་བ་དང་། དངུལ་ཆད་བཅད་པ། བཙན་ཤེད་ཀྱིས་བརྙན་ཐུང་བཟོ་རུ་བཅུག་ཏེ་གཞི་ནས་གློད་གྲོལ་བཏང་ཡོད།
རང་བྱུང་གནོད་འཚེས་རྐྱེན་པས་མི་སྣ་ཤི་རྨས་དང་སྤྱི་ཚོགས་ལ་གྱོན་གུན་ཆེན་པོ་བཟོས་རྗེས་སྲིད་གཞུང་གི་ལས་འགན་ལྗིད་ཤོས་དེ་ཚེ་སྲོག་སྲུང་སྐྱོབ་དང་གནས་ཚུལ་ཁག་ཕྱི་གསལ་ནང་གསལ་བཟོ་རྒྱུ་དེ་ཡིན་པ་ལས་གཏམ་བརྗོད་རང་དབང་ལ་ཉེས་འཛུགས་བྱ་རྒྱུ་དེ་མ་ཡིན། ཚབས་ཆེའི་གྱོང་གུན་དང་རྨས་སྐྱོན་གྱི་གནོད་འཚེ་ཕོག་པའི་རྗེས་གཞུང་དང་ས་གནས་ཉེན་རྟོག་པས་རངདབང་ལྡན་པའི་ཐོག་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་དགོས་པ་དང་། ཛ་དྲག་གི་གནས་སྟངས་དེ་འདྲའི་འོག་མི་དམངས་ལ་དངོས་ཡོད་གནས་ཚུལ་བདེན་དཔང་བྱ་རྒྱུ་གལ་ཆེན་པོ་ཡིན་ནའང་། དཀའ་ངལ་ལ་གདོང་ལེན་བྱེད་པའི་ཐབས་ལམ་ལེགས་ཤོས་ནི་ཕྱི་གསལ་ནང་གསལ་དང་རང་དབང་གི་ཐོག་ནས་གཏམ་བརྗོད་རང་དབང་འགན་སྲུང་ཡོང་བ་བྱ་རྒྱུ་དེ་རེད། གྲོང་མི་ཚོས་སྡོད་ཁང་གི་རྨང་གཞིའི་འཛུགས་སྐྲུན་གྱི་ཉེན་ཁར་སྔོན་འགོག་བྱེད་པའི་དྲན་སྐུལ་བཏང་བའམ་ཡང་ན་རང་གི་གཉེན་ཉེའི་གནས་ཚུལ་འཚོལ་ཞིབ་བྱས་པར་ཉེས་འཛུགས་བྱེད་པ་ནི་མི་མང་གི་སེམས་ཁྲལ་ཆེ་རུ་གཏོང་བ་དང་མི་ཆོས་རིང་ལུགས་ཀྱི་རོགས་རམ་བཀག་འགོག་བྱེད་ཀྱི་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གཞུང་དང་ས་གནས་ཉེན་རྟོག་ལས་ཁུངས་ཁག་ལ་འབོད་སྐུལ་ཞུ་རྒྱུར། རང་བྱུང་གནོད་འཚེའི་རྐྱེན་པས་ཤི་རྨས་བྱུང་བའི་གནས་ཚུལ་རྣམས་ཁ་གསལ་བཟོ་དགོས་པ་དང་། གནས་ཚུལ་རྒྱུས་ལོན་བྱེད་པའི་བརྒྱུད་ལམ་ཁག་གི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་པ། གནོད་འཚེ་དང་འབྲེལ་ནས་གནས་ཚུལ་ཕྱིར་བསྒྲགས་བྱས་པར་བརྟེན་འཇུ་བཟུང་བྱས་པའི་མི་སྣ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་གཏོང་དགོས། དང་བླངས་རོགས་ཚོགས་དང་གསར་འགོད་པ་རྣམས་རང་དབང་གི་ཐོག་ནས་གནོད་འཚེ་ཕོག་ཁུལ་དུ་བཀག་འགོག་མེད་པར་འགྲོ་བསྐྱོད་ཆོག་པ་བཅས་ཀྱི་འབོད་སྐུལ་ཞུ་བཞིན་ཡོད།



