Home གསར་འགྱུར། རྒྱ་གཞུང་གིས་སློབ་གྲྭ་གསུམ་སྒོ་བརྒྱབ་ནས་བོད་ཀྱི་སྐད་ཡིག་སློབ་གྲྭར་ཉེན་ཚབ་ཆེན་པོ་བཟོས་འདུག

རྒྱ་གཞུང་གིས་སློབ་གྲྭ་གསུམ་སྒོ་བརྒྱབ་ནས་བོད་ཀྱི་སྐད་ཡིག་སློབ་གྲྭར་ཉེན་ཚབ་ཆེན་པོ་བཟོས་འདུག

0
214

འདི་ག་ལྟེ་གནས་ཁང་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། རྒྱ་གཞུང་གིས་འདས་པའི་ཟླ་བ་གསུམ་གྱི་ནང་མདོ་སྨད་མགོ་ལོག་ཁུལ་དུ་བཙན་ཤེད་ཀྱིས་བོད་པའི་སློབ་གྲྭ་གསུམ་སྒོ་བརྒྱབ་པའི་གནས་ཚུལ་ཐོན་ཡོད། རྟ་བྲག་དྭ་ཕྲུག་སློབ་གྲྭ་དང་།  ར་རྒྱ་འཇིགས་མེད་རྒྱལ་མཚན་གྱི་རྩ་ཐང་བུ་མོའི་སློབ་གྲྭ།  དེ་བཞིན་ཇ་སག་སྡེ་པའི་གྲོང་མིས་གཉེར་བའི་སློབ་གྲྭ་བཅས་རེད། དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༨ ནས་ཟླ་ ༩ བར་སློབ་གྲྭ་དེ་དག་སྒོ་རྒྱག་དགོས་པའི་བཀའ་བཏང་ནས་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་། དེ་བཞིན་སྲོལ་རྒྱུན་གཙོ་བོར་གྱུར་བའི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མེད་པ་བཟོས་འདུག

ད་ཐེངས་སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་དེ་དག་ནི་བོད་པའི་རང་སྐྱོང་དང་སྒེར་བཙུགས་སློབ་གྲྭ་ཁག་ལ་དཀའ་ངལ་ཆེན་པོ་འཕྲད་པའི་རྗེས་སུ་བྱུང་བ་ཞིག་ཡིན་སྟབས་མི་མང་པོས་དེ་བས་ཀྱང་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། དེ་ཡང་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱིས་འཛིན་སྐྱོང་བྱེད་པའི་སློབ་གསོའི་ལམ་ལུགས་ཕུད་པའི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་གཞན་དག་ཚང་མ་མེད་པ་བཟོ་བཞིན་པའི་སེམས་ཁྲལ་རེད། འདི་ག་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༢ ལོའི་དམིགས་བསལ་སྙན་ཐོ་<<ཞི་ཅིང་ཕིང་གི་སྲིད་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་།>> ཞེས་པའི་ནང་བོད་པའི་སྒེར་བཙུགས་སློབ་གྲྭ་དང་། སྤྱི་ཚོགས་ཀྱིས་གཉེར་བའི་སློབ་གྲྭ། དེ་བཞིན་དགོན་སྡེ་ཁག་དང་འབྲེལ་བ་ཡོད་པའི་སློབ་གྲྭ་ཁག་ལ་བཀག་སྡོམ་བྱེད་པའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་སྔོན་ཚུད་ནས་ཉེན་བརྡ་བཏང་ཡོད།

རྟ་བྲག་དྭ་ཕྲུག་སློབ་གྲྭ་དང་རྩ་ཐང་བུ་མོའི་སློབ་གྲྭ་སྒོ་བརྒྱབ་པ།

ཕྱི་ལོ་  ༢༠༢༦  ཟླ་ ༩  ཚེས་  ༢ ཉིན་རྒྱ་གཞུང་གིས་བཀའ་བཏང་ནས་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་ཉེ་འགྲམ་དུ་ཡོད་པའི་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་སྒོ་བརྒྱབ་པ་དང་། སློབ་གྲྭ་དེ་ནི་ཕྱི་ལོ་ ༢༠༠༥ ལོར་སྐུ་གཤེགས་རྟའུ་བློ་བཟང་དཔལ་ལྡན་ལགས་དང་ཁོང་གི་སྐུ་ཟླའི་རོགས་རམ་འོག་གསར་འཛུགས་གནང་བ་ཞིག་རེད། སློབ་གྲྭ་དེས་དྭ་ཕྲུག་དང་ཉམས་ཐག་དཀའ་ངལ་ཅན་གྱི་སློབ་ཕྲུག ༣༠༠ ཙམ་ལ་ལྟ་སྐྱོང་དང་སློབ་གསོ་མྱོང་བའི་གོ་སྐབས་ཐོབ་ཡོད།

སློབ་གྲྭ་དེའི་ནང་བོད་ཡིག་དང་། ནང་པའི་མཚན་ཉིད་རིག་པ།  ཚན་རིག  གསོ་བ་རིག་པ།  སྐར་རྩིས།  ལག་ཤེས། ཐང་ག་སོགས་སློབ་སྦྱོང་སྤྲོད་བཞིན་པ་མ་ཟད། བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་སློབ་ཕྲུག་བསྡུ་ལེན་བྱེད་ཀྱི་ཡོད་ལ། ལྷག་པར་དུ་འབྲོག་ཁུལ་གྱི་བུ་མོ་ཚོར་སློབ་གསོ་མྱོང་བའི་གོ་སྐབས་ཁྱད་པར་ཅན་ཞིག་ཐོབ་ཡོད།

མང་ཚོགས་ཀྱིས་མ་དངུལ་བཏང་ནས་བཙུགས་པའི་སློབ་གྲྭས་བོད་ཡིག་སློབ་ཁྲིད་བྱས་རྐྱེན་སྒོ་བརྒྱབ་ཡོད།

ཕྱི་ལོ་ ༢༠༢༦ ཟླ་ ༨ ནང་ས་གནས་འབྲེལ་ཡོད་ལས་ཁུངས་ནས་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ཇ་སག་གྲོང་མིས་བཙུགས་པའི་སློབ་གྲྭ་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་ཅིང་། གནས་ཚུལ་འབྱུང་ཁུངས་ལས་གསལ་སྟོན་བྱས་པར་གཞིགས་ན། སློབ་གྲྭ་དེར་བོད་ཡིག་སློབ་ཁྲིད་བྱ་རྒྱུ་མཚམས་འཇོག་བྱས་ཏེ་རྒྱ་ཡིག་སློབ་ཁྲིད་བྱེད་དགོས་པའི་བཀའ་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་རྒྱལ་ཡོངས་གཅིག་གྱུར་གྱི་སྲིད་ཇུས་གཅིག་ཡིན་པ་དང་། དེས་རྒྱ་ཡིག་དེ་རྒྱལ་ཁབ་གཅིག་གྱུར་གྱི་སྐད་ཡིག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། སློབ་གྲྭས་བོད་ཡིག་སློབ་ཁྲིད་མཚམས་འཇོག་བྱ་རྒྱུར་ཁས་ལེན་མ་བྱས་སྟབས། འབྲེལ་ཡོད་ཚན་པས་སློབ་གྲྭ་ལམ་སེང་སྒོ་རྒྱག་དགོས་པའི་གནོན་ཤུགས་སྤྲད་པ་མ་ཟད། སློབ་ཕྲུག་རྣམས་གཞུང་བཙུགས་སློབ་གྲྭར་འགྲོ་དགོས་པའི་བཀའ་བཏང་བའི་གནས་ཚུལ་ཐོན་ཡོད།

སློབ་གྲྭ་སྒོ་རྒྱག་དགོས་པའི་གནས་ཚུལ་འདི་དག་ནི་རྒྱ་གཞུང་གི་སྐད་ཡིག་སྲིད་ཇུས་ལ་འགྱུར་བ་བཏང་བའི་གནས་སྟངས་འོག་བྱུང་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༧ ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཕྱི་ལོ་ ༢༠༠༠ ལོར་གཏན་འབེབས་བྱས་པའི་སྤྱི་སྐད་གཏན་འབེབས་དང་བེད་སྤྱོད་སྐོར་གྱི་ཁྲིམས་ཡིག་བསྐྱར་བཅོས་བྱས་པ་དང་།  བསྐྱར་བཅོས་བྱས་པའི་ཁྲིམས་ཡིག་དེ་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡ ཉིན་ནས་ལག་བསྟར་བྱས་ཡོད།  གཞན་ཡང་སྤྱིར་བཏང་གི་སློབ་གྲྭའི་ནང་སློབ་ཁྲིད་ཀྱི་སྐད་ཡིག་གཙོ་བོ་རྒྱ་ཡིག་བྱེད་དགོས་པའི་ཆ་རྐྱེན་དེས་དམིགས་བསལ་གྱི་གནས་སྟངས་ལ་དམིགས་བསལ་གྱི་ཐག་གཅོད་དགོས་པའི་ཐོབ་ཐང་དེ་དག་མེད་པ་བཟོས་ཡོད། རིན་ཐང་ཆེ་བའི་སྐད་གཉིས་སློབ་གསོར་རྒྱབ་སྐྱོར་བྱ་རྒྱུའི་ཚབ་ཏུ་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུ་བཀག་སྡོམ་བྱས་པར་བརྟེན། སློབ་མ་རྣམས་ལ་རང་གི་ཕ་སྐད་ཀྱི་ཐོག་ནས་ཤེས་ཡོན་དང་ལག་རྩལ་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་པ་ཆགས་ཡོད།

སློབ་ཕྲུག་རྣམས་གཞུང་བཙུགས་སློབ་གྲྭར་བསྐྱོད་སྐབས་ཕྲུ་གུ་ཚོས་རང་གི་ནང་མི་དང་སྤྱི་ཚོགས་ལྷན་དུ་རྒྱུན་ལྡན་གྱི་འབྲེལ་ལམ་རྒྱུན་གནས་དང་རང་གི་སྐད་ཡིག ལོ་རྒྱུས།  རིག་གཞུང་རྣམས་རྒྱུན་མཐུད་སློབ་གཉེར་ཐུབ་མིན་ལ་སེམས་ཁྲལ་བྱེད་བཞིན་ཡོད།

མགོ་ལོག་ཁུལ་དུ་རང་དབང་གི་ཞིབ་འཇུག་ལ་བཀག་སྡོམ་བྱས་འདུག

ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ནང་པེ་ཅིང་དུ་གནས་སྡོད་ཡུ་རོབ་ཀྱི་གསར་འགོད་པ་ཞིག་གིས་མགོ་ལོག་ཁུལ་དུ་བསྐྱོད་ཐབས་བྱས་ཡོད་ཀྱང་། ས་གནས་དབང་འཛིན་པས་བཀག་སྡོམ་བྱས་ཏེ་དཀའ་ངལ་བཟོས་ཡོད། གསར་འགོད་པ་དེས་འགྲེལ་བརྗོད་བྱས་པ་ལྟར་ན།  ཉེན་རྟོག་པས་ས་གནས་དཔོན་རིགས་ཚོས་ཕྱི་མི་གང་བྱུང་ཡོང་བར་མོས་མཐུན་བྱེད་ཀྱི་མེད་པ་དང་།  དེ་ལྟར་བྱས་ཚེ་ས་གནས་དེ་གའི་ཆེ་མཐོང་ལ་གནོད་འཚེ་བཟོ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་སོང་།  ཉེན་རྟོག་པས་ཆོས་ལུགས་དང་རིག་གཞུང་གི་བྱེད་སྒོ་རྣམས་ཚོར་བ་སྐྱེན་པོ་ཡིན་པས་མི་སྣ་འགྲོ་འོང་ལ་ཚོད་འཛིན་དགོས་པའི་རྒྱུ་མཚན་བགྲངས་ཡོད།

ཉེ་ལམ་སྒོ་བརྒྱབ་པའི་གནས་ཚུལ་དེ་དག་གི་ཐོག་ནས་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༥ པར་འདི་ག་ལྟེ་གནས་ཁང་གིས་བཏོན་པའི་སྙན་ཐོའི་ནང་གི་<<ཞི་ཅིང་ཕིང་གི་སྲིད་དབང་འོག་གི་བོད་ཀྱི་སྐད་ཡིག་དང་སློབ་གསོའི་ཐོབ་ཐང་།>>ཞེས་པའི་ཉེན་བརྡ་དག་བདེན་དབང་བྱས་ཡོད།  སྙན་ཐོའི་ནང་རྒྱ་གཞུང་གི་འགོ་ཁྲིད་ཚོས་ཤེས་ཡོན་སློབ་གསོའི་ཁྲོད་རྒྱ་ཡིག་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་བཞིན་པ་དང་ཕྱོགས་མཚུངས་བོད་མིའི་ཤེས་ཡོན་སློབ་གཉེར་ཁང་ཁག་ལ་ས་གནས་འབྲེལ་ཡོད་ཚན་པས་ལྟ་ཞིབ་དང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་གསལ་སྟོན་བྱས་ཡོད།

འདི་ག་ལྟེ་གནས་ཁང་གི་ཞིབ་འཇུག་གྲུབ་དོན་ལས་གསལ་བར།  གཞུང་འབྲེལ་གྱི་འཛིན་སྐྱོང་འོག་ཡོད་པའི་ཤེས་ཡོན་ལམ་ལུགས་ཀྱི་ཕྱི་རོལ་དུ་འབད་བརྩོན་ཆེན་པོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་པའི་སྒེར་བཙུགས་སློབ་གྲྭ་དང་།  དམངས་བཙུགས་སློབ་གྲྭ། དེ་བཞིན་དགོན་པ་ཁག་དང་འབྲེལ་བ་ཡོད་པའི་སློབ་གྲྭ་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་ཡིན།  སྙན་ཐོའི་ནང་ཕྱི་ལོ་ ༢༠༢༡ ལོར་སྒོ་བརྒྱབ་པའི་སེང་འབྲུག་སྟག་རྩེའི་སློབ་གྲྭའི་གནས་ཚུལ་བཀོད་ཡོད་པ་མ་ཟད།  བོད་ཀྱི་སྐད་ཡིག་སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་སྟངས་ལ་དཔྱད་ཞིབ་བྱས་ཡོད།

སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་ནས་སྒེར་བཙུགས་སློབ་གྲྭ་དེ་དག་ལ་རྒྱ་ནག་གཞུང་གི་སློབ་གསོའི་སྲིད་ཇུས་ལག་བསྟར་གྱིས་ཉིན་རེ་བཞིན་གནོན་ཤུགས་དང་བཀག་བསྡོམ་ཆེ་རུ་གཏོང་བཞིན་ཡོད་པར་ཉེན་བརྡ་བཏང་ཡོད་པ་དང་། སྙན་ཐོའི་ནང་དུ་གནས་སྟངས་དེ་ཧ་ཅང་ཛ་དྲག་ཡིན་པ་བསྟན་ཡོད། འདི་ག་ལྟེ་གནས་ཁང་ནས་ཤེས་རྟོགས་བྱུང་བར་ལྟར་ན།  འདས་པའི་མི་ལོ་བཞི་ཡི་རིང་མགོ་ལོག་ཁུལ་གྱི་བོད་པའི་སྒེར་བཙུགས་སློབ་གྲྭ་ཕལ་ཆེ་བ་སྒོ་བརྒྱབ་ཟིན་པ་དང་།  དེའི་ནང་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་འཇིགས་མེད་རྒྱལ་མཚན་མི་རིགས་ལག་ཤེས་སློབ་གྲྭ།  རྡོ་རྗེ་བསྟན་མི་རིགས་ལས་རིག་ལག་རྩལ་སློབ་གྲྭ་བཅས་ཚུད་ཡོད།

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་དང་།  ར་རྒྱ་འཇིགས་མེད་རྒྱལ་མཚན་རྩ་ཐང་མོའི་སློབ་གྲྭ།  དེ་བཞིན་ཇ་སག་སྡེ་པའི་སློབ་གྲྭ་སྒོ་བརྒྱབ་པ་འདིས་བོད་ཡིག་གི་སྒེར་བཙུགས་སློབ་གསོའི་བར་སྟོང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད།  བོད་ཀྱི་སློབ་གྲྭ་ཁག་བཙན་ཤེད་ཀྱིས་སྒོ་བརྒྱབ་པ་དང་ཕ་སྐད་སློབ་སྦྱོང་གི་ཐོབ་ཐང་བཙན་འཕྲོག་བྱས་པ་བཅས་ཀྱིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༢ ལོར་<<རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་སྤྱི་ཆིངས་>>ལ་མིང་རྟགས་བཀོད་པའི་ཁས་ལེན་དང་ཚབས་ཆེན་འགལ་འཛོལ་བྱས་པར་སེམས་ཁྲལ་བྱ་གཞི་ཆགས་ཡོད།  བྱིས་པའི་ཐོབ་ཐང་གི་སྤྱི་ཆིངས་དོན་ཚན་ ༢༩ ཡི་ནང་བྱིས་པའི་ཤེས་ཡོན་གྱི་ཐོབ་ཐང་དང་། སྐད་ཡིག རིན་ཐང་གི་ལྟ་བ་བཅས་ལ་བརྩི་འཇོག་དགོས་པ་དང་།  དོན་ཚན་ ༣༠ པའི་ནང་མི་རིགས་དང་།  ཆོས་ལུགས། སྐད་ཡིག་བཅས་ཀྱི་ཐད་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོར་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་བེད་སྤྱོད་གཏོང་རྒྱུའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

བོད་ཡིག་སློབ་ཁྲིད་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་སློབ་གྲྭ་སྒོ་རྒྱག་ཏུ་བཅུག་པའི་སྲིད་ཇུས་དེ་དག་གིས་ཐོབ་ཐང་འདི་དག་བཙན་འཕྲོག་བྱས་པ་མ་ཟད། རང་གི་ཕ་སྐད་ཐོག་ནས་སློབ་སྦྱོང་བྱེད་པའི་དོན་དངོས་ཀྱི་གོ་སྐབས་མེད་པ་བཟོས་ཡོད།  མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐོབ་ཐང་ལྷན་ཚོགས་ནས་མི་རིང་བར་རྒྱ་ནག་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་སྟབས།  གནས་ཚུལ་འདི་དག་ནི་རྒྱ་གཞུང་གི་བོད་ནང་གི་ཤེས་ཡོན་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཆགས་ཡོད།  ལྷན་ཚོགས་ཀྱི་ངོས་ནས་གཤམ་གསལ་གནད་དོན་གཉིས་ལ་དམིགས་བསལ་གྱི་བསྐྱར་ཞིབ་བྱེད་དགོས་པ་སྟེ། རང་དབང་ཅན་གྱི་བོད་ཡིག་སློབ་གྲྭ་སྒོ་བརྒྱབ་པ་དང་།  བོད་ཡིག་སློབ་ཁྲིད་ལ་ཚོད་འཛིན་བྱེད་བཞིན་པ།  བོད་ཕྲུག་རྣམས་གཞུང་གཉེར་གཏན་འཇག་སློབ་གྲྭར་བཅུག་པའི་མཇུག་འབྲས་བཅས་ལ་བསྐྱར་ཞིབ་བྱེད་དགོས།

ལྷན་ཚོགས་ཀྱི་ངོས་ནས་སློབ་གྲྭ་དེ་དག་སྒོ་རྒྱག་དགོས་པའི་ཁྲིམས་ཐོག་གི་གཞི་འཛིན་ས་དང་། སྤུས་ཚད་ལྡན་པའི་བོད་ཡིག་སློབ་ཁྲིད་ཀྱི་གནས་ཚུལ།  དེ་བཞིན་བོད་ཕྲུག་ཚོའི་སྐད་ཡིག་དང་།  རིག་གཞུང་། སློབ་གསོའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་འགན་སྲུང་བྱེད་ཐབས་བཅས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཀྱི་ཆེད་རྒྱ་ནག་གཞུང་ལ་འབྲེལ་གཏུགས་བྱེད་དགོས་པ་དང་།གཞུང་ཕྱོགས་ནས་བོད་ཀྱི་སྐད་ཡིག་སློབ་གསོར་དབྱེ་འབྱེད་བཀག་སྡོམ་བྱེད་པ་མཚམས་འཇོག་དང་། བོད་ཕྲུག་རྣམས་ལ་རང་གི་རིག་གཞུང་གི་ངོ་བོར་བརྩི་འཇོག་བྱེད་པའི་ཁོར་ཡུག་གི་ནང་སློབ་སྦྱོང་བྱེད་པའི་སྐུལ་མ་གཏོང་དགོས།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་དང་ལེན་བྱས་པའི་བྱིས་པའི་ཐོབ་ཐང་གི་སྤྱི་ཆིངས་ལ་དཔྱད་ཞིབ་བྱེད་པའི་གོ་སྐབས་དམ་འཛིན་གྱིས་བཙན་དབང་གི་ཐོག་ནས་བོད་པའི་སློབ་གྲྭ་སྒོ་རྒྱག་པ་མཚམས་འཇོག་དང་།  བོད་ཕྲུག་ཚོར་རང་གི་སྐད་ཡིག་སློབ་སྦྱོང་ལ་བཀག་འགོག་བྱེད་པ་མཚམས་འཇོག་དགོས་པ།  རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་ཚོགས་ཀྱི་ཆེད་ལས་མཁས་དབང་དང་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་བཅས་ནས་སེམས་འཚབ་འདི་དག་རྒྱ་ནག་གཞུང་ལ་ཐད་ཀར་གླེང་སློང་བྱེད་དགོས། ཁོ་ཚོར་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་བོད་ཕྲུག་ཚོར་ཤེས་ཡོན་དང་།སྐད་ཡིག  རིག་གཞུང་བཅས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་སྐུལ་མ་གཏོང་དགོས།

རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་གྱུར་དང་ཚད་ལྡན་གྱི་ཤེས་ཡོན་ཞེས་པར་ཁ་གཡར་ནས་བོད་ཕྲུག་ཚོའི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་པར་གནོད་འཚེ་གཏོང་བའི་སྲིད་ཇུས་དེ་དག་ལ་གཏན་ནས་ཁས་ལེན་བྱེད་མི་རུང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔྱད་ཞིབ་ལས་རིམ་ནས་བོད་ཕྲུག་ཚོའི་རིག་གཞུང་གི་ངོ་བོ་རྒྱུན་གནས་དང་གཞུང་འབྲེལ་གྱི་སློབ་གསོ་ཐོབ་རྒྱུ་གཉིས་ཀྱི་བར་ལ་བཙན་དབང་གིས་གདམ་ག་བྱེད་མི་དགོས་པའི་འགན་ལེན་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ལྷན་ཚོགས་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་བཅས་ཀྱིས་རྒྱ་ནག་ལ་དཔྱད་ཞིབ་བྱེད་པའི་སྐབས་བོད་ནང་གི་སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་དེ་དག་གླེང་སློང་བྱེད་དགོས་པ་དང་། སྐད་ཡིག་སློབ་ཁྲིད་ལ་བཀག་སྡོམ་མི་ཡོང་བའི་ཆེད་ཕན་ནུས་ལྡན་པའི་འགན་སྲུང་ལམ་ལུགས་བཟོ་དགོས།  གོང་གསལ་སློབ་གྲྭ་གསུམ་སྒོ་བརྒྱབ་པ་དེས་ཁོ་ཚོར་ཤེས་ཡོན་གྱི་གོ་སྐབས་མེད་པ་བཟོས་པ་ལས་ལྷག་པའི་ཉེན་ཁ་བཟོ་བཞིན་ཡོད།  དེ་ནི་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་གྱི་རིག་གཞུང་རྣམས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་སྒྲིག་འཛུགས་ལ་གནོད་སྐྱོན་བཏང་བ་དེ་རེད།

བོད་ཕྲུག་ཚོར་སློབ་གསོ་ཐོབ་པའི་ཆེད་དུ་རང་གི་ཕ་སྐད་དང་རིག་གཞུང་གི་ངོ་བོ་དོར་དུ་འཇུག་མི་རུང་ལ། རྒྱ་གཞུང་གིས་བོད་པའི་སྒེརབཙུགས་སློབ་གྲྭ་ཁག་སྒོ་རྒྱག་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས་པ་མ་ཟད། བོད་ཕྲུག་ཚོར་སོ་སོའི་རིག་གཞུང་དང་སྐད་ཡིག་ལ་སློབ་སྦྱོང་ཐོབ་པའི་འགན་སྲུང་བྱེད་དགོས།