ང་ཚོས་བྱ་གཞག་སྒྲུབ་ཚུལ།

རྟོག་ཞིབ་བྱེད་པ།

བོད་རྒྱ་དབྱིན་གསུམ་གྱི་ཉམས་ཞིབ་པ་རྣམ་པ་དང་། ཁྲིམས་དོན་ལས་བྱེད། ས་གནས་གནས་ཚུལ་མཁོ་སྒྲུབ་པ་བཅས་ལས་གྲུབ་པའི་ལྟེ་གནས་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་ངོས་ནས་རྒྱལ་སྤྱིའི་ཁྲིམས་དང་། འབྲེལ་ཡོད་ཁྲིམས་སྒྲིག་ཁག་ལ་རྒྱུས་ལོན་གཏིང་ཟབ་ཐོག་ཁྲིམས་མཐུན་གྱི་ངང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཁག་ལ་དུས་ལྟར་རྟོག་ཞིབ་ཞུ་བཞིན་ཡོད་ཅིང་ཉམས་ཞིབ་ཀྱི་ལས་དོན་ཁྲོད་བརྒྱུད་རིམ་ཆ་ཚང་ཞིང་རྒྱལ་སྤྱིའི་ཉམས་ཞིབ་ཀྱི་ཚད་གཞི་ལས་མ་འདས་པ་ཞུ་བཞིན་ཡོད།

སྙན་ཐོ་འདོན་པ།

འདི་ག་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་རྒྱུན་གཏན་གྱི་ཉམས་ཞིབ་བྱེད་བཞིན་ཡོད་ཅིང་དེ་འབྲེལ་གྱི་གནས་ཚུལ་རྣམས་ཉིན་རེའི་གསར་འགྱུར་དང་ཆེད་དོན་སྙན་ཐོ། ལོ་འཁོར་སྙན་ཐོ་སོགས་སུ་བཏོན་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གསལ་འདོན་ཞུ་བཞིན་ཡོད། ལོ་འཁོར་སྙན་ཐོའི་ནང་དུ་ལོ་གཅིག་ཧྲིལ་པོའི་གནད་དོན་སྙིང་བསྡུས་དང་ཆེད་དོན་སྙན་ཐོ་དག་གི་ནང་དུ་དུས་སྐབས་ཀྱི་གནས་སྟངས་ལ་གཞིགས་ནས་ཀུན་གྱིས་དོ་སྣང་བྱ་ངེས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་དམིགས་བསལ་བའི་སྐོར་འགོད་བཞིན་ཡོད།

ཡིག་ཆར་འགོད་པ།

ལྟེ་གནས་ཁང་གིས་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནས་ཚུལ་རྣམས་དངོས་ཡོད་གནས་སྟངས་གཞི་བཞག་ཐོག་ཡིག་ཆར་བཀོད་ཡོད་ཅིང་ལྟེ་གནས་ཁང་གི་ཡིག་ཚགས་ནང་དུ་ཕྱི་ལོ་ ༡༩༩༠ གོ་གྲངས་ཙམ་ནས་བཟུང་ཉར་ཚགས་བྱས་པའི་སྐབས་དེའི་གསར་འགྱུར་དང་སྙན་ཐོ། བདེན་དཔང་ཡིག་ཆ། བཙོན་པའི་ཕྱག་བྲིས་སོགས་ཚུད་ཡོད། དེ་བཞིན་སྤྱི་ལོ་ ༡༩༩༠ ལོ་ནས་བཟུང་ཉར་ཚགས་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ལྔ་སྟོང་ལྷག་གི་གནས་བསྡུས་རེའུ་མིག་ཅིག་ཉར་ཚགས་བྱས་ཡོད་པ་ཧ་ཅང་བདེ་འཇགས་ཡིན་པའི་ Uwazi དྲྭ་ཚིགས་ཀྱི་ལམ་ནས་ཀུན་གྱི་ལྟ་ཀློག་བྱེད་ཐུབ་པ་ཡིན།

ལྟེ་གནས་ཁང་གི་ཡིག་ཚགས་ནང་དུ་ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་ཉར་ཚགས་བྱས་པའི་སྐབས་དེའི་གནས་ཚུལ་དང་སྙན་ཐོ་སོགས་ཡོད་ཅིང་སྐབས་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་གཏུག་བྱས་པའི་ཡིག་འཕྲིན་རྣམས་ཀྱང་ཡོད།

ལས་འགུལ།

ལྟེ་གནས་ཁང་གིས་རྒྱ་ནག་གི་འོག་ཏུ་མནར་གཅོད་མྱོང་མཁན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོའི་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ཛ་དྲག་ཞུ་གཏུག་བྱས་ཏེ་དེ་ཉིད་བརྒྱུད་རྒྱ་ནག་གཞུང་ལ་གནོན་ཤུགས་འཕྲོད་ཐབས་བྱེད་ཀྱི་ཡོད། ང་ཚོས་ཞུ་གཏུག་དང་ལས་འགུལ་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་དུ་ཁུངས་ལྡན་གྱི་གནས་ཚུལ་ཁོ་ན་བེད་སྤྱོད་གཏོང་བཞིན་ཡོད་ཅིང་རྒྱལ་སྤྱི་དང་ས་གནས་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་དང་མཉམ་འབྲེལ་གྱི་ལས་འགུལ་སྤེལ་བཞིན་ཡོད། 

དཔལ་འབྱོར་གྱི་རྒྱབ་རྟེན།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནི་རྒྱ་གར་རྡ་རམ་ས་ལར་ཆགས་པའི་ཁྲིམས་མཐུན་དེབ་སྐྱེལ་ཟིན་པའི་ཁེ་མེད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་ཡིན། ལྟེ་གནས་ཁང་འདིས་ལས་དོན་རྣམས་གཤམ་འཁོད་ཞལ་འདེབས་གནང་མཁན་དང་རྒྱབ་སྐྱོར་བ་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་དོན་འཁྱོལ་ཐུབ་པ་ཡིན་པས་ཁོང་ཅག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། གཏོང་ཕོད་ཅན་གྱི་རྒྱབ་སྐྱོར་བ་རྣམ་པའི་དྲིན་གྱིས་ང་ཚོས་བརྒྱུད་རིམ་ཞིབ་ཚགས་ངང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་རྟོག་ཞིབ་གཏིང་ཟབ་བྱས་མཐར་ཡིག་ཚགས་སུ་བཀོད་དེ་བདེན་དཔང་གཞི་རྩར་བཞག་པའི་ཞུ་གཏུག་དང་ལས་འགུལ་སྣ་ཚོགས་སྤེལ་ཐུབ་པ་བྱུང་ཡོད། འཛམ་གླིང་ནང་གི་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ།ང་ཚོས་བུད་མེད་དང་བྱིས་པ། ན་གཞོན། འཐབ་རྩོད་པ། ཆབ་སྲིད་བཙོན་ཟུར་སོགས་འགྲོ་བ་མིའི་ཐོབ་ཐང་ཚུལ་བཞིན་མ་ཐོབ་མཁན་ཚོའི་མགྲིན་ཚབ་བྱས་ཏེ་ཁོང་ཅག་གི་ནུས་སྟོབས་གོང་འཕེལ་ཡོང་ཐབས་ལ་འབད་བརྩོན་ཞུ་མུས་ཡིན།

TCHRD deeply appreciates the contributions made by all our funding partners, without which none of our work would be possible.

ང་ཚོའི་སྐོར་གྱི་གནས་ཚུལ་རྒྱས་པ་མཁྱེན་འདོད་པའམ། རྒྱབ་སྐྱོར་གནང་འདོད་པ་ཡིན་ཚེ་འབྲེལ་བ་གནང་རོགས། [email protected]

བོད་ཡིག