འཛམ་གླིང་གསར་འགོད་རང་དབང་ཉིན་མོར་ཆེད་ལས་མི་སྣའི་བགྲོ་གླེང་གོ་སྒྲིག་ཞུས་པ། 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༣ འཛམ་གླིང་གསར་འགོད་རང་དབང་ཉིན་མོར་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་“བོད་མིའི་མང་གཙོ་དར་སྤེལ་ཆེད་གསར་འགྱུར་བརྒྱུད་ལམ་གྱི་འོས་འགན་”ཞེས་པའི་བརྗོད་གཞིའི་ཐོག་ཆེས་ལས་མི་སྣའི་བགྲོ་གླེང་གོ་སྒྲིག་ཞུས་ཤིང་ཐེངས་འདིའི་བགྲོ་གླེང་ལས་རིམ་ཐོག་བོད་མི་མང་སྤྱི་འཐུས་དང་བརྡ་འཕྲིན་འཕྲུལ་ཆས་ཆེད་མཁས་པ་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་དང་།  བོད་མི་མང་སྤྱི་འཐུས་དང་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་ལགས། བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས། ཕ་ཡུལ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་དང་བོད་ཀྱི་ཐེབས་རྩའི་ལས་འཆར་འགན་འཛིན་གཞོན་པ་ཤེས་རབ་འོད་ཟེར་ལགས། སྤྱི་ཚོགས་དཔྱད་བརྗོད་པ་དང་རང་དབང་ལྡན་པའི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་བཅས་ནས་བགྲོ་གླེང་གནང་བ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་དོན་གཉེར་བ་མི་གྲངས་བཞི་བཅུ་ལྷག་མཉམ་ཞུགས་གནང་འདུག་ཅིང་ལས་རིམ་ཧྲིལ་པོ་ཐད་གཏོང་གི་ལམ་ནས་རྒྱང་སྲིང་ཞུས་འདུག 

ཐོག་མའི་ཆར་ལས་རིམ་གཙོ་སྐྱོང་བས་དེ་རིང་གི་འཛམ་གླིང་གསར་འགོད་རང་དབང་ཉིན་མོའི་ངོ་སྤྲོད་དང་སྦྲགས་ལས་རིམ་དེ་འདྲ་ཞིག་གོ་སྒྲིག་ཞུ་དགོས་པའི་དགོས་དོན་གླེང་བ་དང་དེའི་རྗེས་བགྲོ་གླེང་བ་རྣམ་པས་སྐབས་བབ་ཀྱི་བརྗོད་གཞི་དང་འབྲེལ་ཏེ་གསུང་བཤད་གནང་བ་དང་དྲི་བ་དྲིས་ལན་གནང་སོང་། 

ཚོུད་གཉིས་ཀྱི་བགྲོ་གླེང་ལས་རིམ་དེའི་སྟེང་དུ་བགྲོ་གླེང་བ་རྣམ་པས་མང་གཙོའི་སྤྱི་ཚོགས་ཁྲོད་གསར་འགོད་རང་དབང་གི་གལ་ཆེའི་རང་བཞིན་སྐོར་དང་།  བཙན་བྱོལ་བོད་མིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་འཕྲད་བཞིན་པའི་དམིགས་བསལ་གྱི་དཀའ་ཁག་དང་དེ་དག་གདོང་ལེན་གནང་ཕྱོགས་ཀྱི་སྐོར། དྲྭ་རྒྱའི་འཕྲུལ་སྤྱད་རྩིས་ལུགས་ཀྱི་མང་གཙོ་ལ་དོ་ཕོག་ཐེབས་ཚུལ་དང་དེ་དག་འགོག་ཐབས། ཕྱོགས་ལྷུང་རང་བཞིན་ཅན་གྱི་སྤྱི་ཚོགས་ཁྲོད་གསར་འགྱུར་བརྒྱུད་ལམ་གྱི་འོས་འགན་གང་ཡིན།  གསར་འགོད་པའི་ནུས་སྟོབས་སྐྱེད་སྲིང་སྐོར།  བཙན་བྱོལ་བོད་མིའི་གསར་འགྱུར་བརྒྱུད་ལམ་གྱི་དོ་སྣང་བྱ་དགོས་སའི་གནད་འགག་སོགས་གནད་དོན་ཁག་ཅིག་གི་སྒང་ལ་དགོངས་ཚུལ་བཏོན་པ་དང་གྲོས་བསྡུར་ཚ་ཚ་འུར་འུར་གནང་སོང་། 

ཐེངས་འདིའི་འགྲོ་གླེང་ལས་རིམ་དེ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་མང་གཙོ་དར་སྤེལ་གཏོང་བར་དམིགས་པའི་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་དེར་མཉམ་ཞུགས་གནང་མཁན་གྱི་བགྲོ་གླེང་པ་རྣམ་པའང་གསར་འགོད་ལས་རིགས་ལ་རྒྱུས་མངའ་དང་མཁྱེན་རྟོགས་ཟབ་པོ་ཡོད་མཁན་དང་། མི་མང་གི་འཐུས་མི་གནང་སྟེ་གྲོས་ཚོགས་སུ་ཁྲིམས་བཟོའི་ཕྱག་ལས་གནང་མཁན། བརྡ་འཕྲིན་འཕྲུལ་ཆས་དང་དྲྭ་རྒྱའི་བདེ་འཇགས་ལ་རྒྱུས་མངའ་དང་མཁྱེན་རྟོགས་ཟབ་མོ་ཡོད་མཁན། བོད་དོན་འཐབ་རྩོད་ཀྱི་ཕྱག་ལས་ཡུན་རིང་གནང་མཁན། སྤྱི་ཚོགས་དཔྱད་རྗོད་དང་ཉམས་ཞིབ་ཀྱི་ཕྱག་ལས་གནང་མཁན་སོགས་སློབ་སྦྱོང་དང་ཕྱག་ལས་ཀྱི་རྒྱབ་ལྗོངས་མ་འདྲ་བའི་ཆེད་ལས་པ་ཤ་སྟག་གདན་འདྲེན་ཞུས་ཡོད་པ་རེད།

简体中文