28/09/2020

རྩོམ་པ་པོ་གཉན་དང་བུད་དྷ་གཉིས་བཙོན་འཇུག་དུས་བཀག་རྫོགས་ཏེ་གློད་འདུག

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། དེ་རིང་ཕྱི་ཟླ་ ༦ ཚེས་ ༢༠ ཉིན། བོད་ནང་གི་རྩོམ་པ་པོ་འཇང་རྩེ་དོན་ཁོ་དང་།
རྩོམ་པ་པོ་བུད་དྷ་གཉིས་རྒྱ་ནག་མཱེན་ཡཱང་བཙོན་ཁང་ནང་། ལོ་བཞིའི་བཙོན་འཇུག་ཁྲིམས་ཆད་ཀྱི་དུས་ཡུན་རྫོགས་ཏེ་ཕྱིར་གློད་འདུག

Donko1རྩོམ་པོ་པོ་འཇང་རྩེ་དོན་ཁོ་ལགས་ནི་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཟངས་དཀར་སྟོད་མ་ནས་ཡིན་པ་དང་། རྩོམ་པ་པོ་བུད་དྷ་ལགས་ནི་རྔ་བ་ཁུལ་བར་མ་ཞང་གི་སྨན་པ་སྡེ་བས་ཡིན་པ་རེད། རྩོམ་པ་པོ་ཁོང་གཉིས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༦ པའི་ཚེས་ ༢༡ ཉིན། རྔ་བ་ཁུལ་སྤྱི་བདེ་ཉེན་རྟོག་པས་ཁོང་རང་ཁྱིམ་ནས་འཇུ་བཟུང་བཙན་འཁྲིད་ཀྱིས་འདྲི་གཅོད་བཀག་སྡོམ་བྱས་མཐར། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་རྔ་བ་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་ལ་ངལ་སྐུལ་བྱས་པའི་ཉེས་མིང་འོག་ལོ་ ༤ བཙོན་འཇུག་ཁྲིམས་བཅད་ཡོད། སྐབས་དེར་རྩོམ་པ་པོ་སྐལ་བཟང་སྦྱིན་ལགས་ཀྱང་འཇུ་བཟུང་གིས་ཁོང་གཉིས་དང་མཉམ་དུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡༨ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱིར་གློད་ཡོད་པ་རེད།

རྩོམ་པ་པོ་འཇང་རྩེ་དོན་ཁོའམ་སྨྱུག་མིང་ལ་གཉན་དུ་འབོད་པ་ཁོང་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་མ་བྱས་སྔོན་ལ། ཁོང་གིས་ཁྱུང་མཆུ་རྫོང་ལོ་རྒྱུས་ཉམས་ཞིབ་ཁང་དུ་ཕྱག་ལས་གཉེར་བཞིན་ཡོད་པ་རེད། ཁོང་དང་གྲོགས་པོ་ཚོས་ས་གནས་སུ་བོད་སྐད་བཤད་སའི་བྱིས་གཉོར་ཁང་ཆུང་ཆུང་ཞིག་ཀྱང་བཙུགས་ཡོད་འདུག ཁོང་ནི་ཟི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་། ཁོང་གིས་༼རོ་ལངས་༽དང་༼ལག་རྩལ་༽སོགས་དེབ་ཁ་ཤས་བརྩམས་ཡོད་པ་མ་ཟད། ༼དུས་རབས་ཀྱི་ང་༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའང་ཡིན་པ་རེད། ༼ཤར་དུང་རིའི་༽ཐོག་ཁོང་གིས་བོད་ནང་དོན་དངོས་གནས་སྟངས་བརྗོད་པའི་༼ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད་༽ཅེས་པའི་རྩོམ་ཡིག་སྤེལ་པ་རེད།

buddhaདེ་བཞིན། རྩོམ་པ་པོ་བུད་ངྷ་ལགས་ཀྱིས་ཀྱང་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་མ་བྱས་སྔོན་ལ། རྔ་བ་རྫོང་བར་མ་ཞང་བོད་སྨན་ཁང་དུ་ཕྱག་ལས་གནང་བཞིན་ཡོད་པ་དང་། ལས་ཞོར་དུ་འབོལ་རྩོམ་སོགས་བརྩམས་ཆོས་མང་པོ་སྤེལ་མྱོངས་ཡོད་པ་མ་ཟད། ༼དུས་རབས་ཀྱི་ང་༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན་པ་རེད། ཁོང་གིས་༼ཤར་དུང་རི༽དུས་དེབ་སྟེང་།
བོད་ནང་གི་དོན་དངོས་གནས་སྟངས་བརྗོད་པའི་༼ཕྱིར་རྟོག་དང་བསམ་གཞིག༽ཅེས་པའི་རྩོམ་ཡིག་སྤེལ་ཡོད།

དེ་བཞིན། རྔ་བ་རྫོང་འབྲིང་རིམ་ཁྲིམས་ཁང་གིས་རྩོམ་པ་པོ་འཇང་རྩེ་དོན་ཁོ་དང་བུད་ངྷ། སྐལ་བཟང་སྦྱིན་པ་གསུམ་ལ་མཉམ་དུ་ཁྲིམས་ཐག་གཅོད་སྐབས། རྒྱ་གཞུང་གིས་བཙན་འགེལ་བྱས་པའི་ནག་ཉེས་དེ་ཁོང་གསུམ་གྱིས་ངོས་ལེན་བྱས་མེད་པ་མ་ཟད། འཇང་རྩེ་དོན་ཁོ་ལགས་ཀྱིས་རྒྱ་གཞུང་གི་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་དེར་ངོ་རྒོལ་མཚོན་ཆེད། ཁྲིམས་ཆད་ཁྱབ་བསྒྲགས་བྱས་མ་ཐག་ལག་པ་བརྡབ་སྟེ་མི་འདོད་རྣམ་འགྱུར་བསྟན་ཡོད་པ་དང་། བུད་དྷ་སྐྱབས་ལགས་ཀྱིས་ཁོ་རང་ཉིད་ཀྱིས་བྲིས་པའི་༼ཕྱིར་རྟོག་དང་བསམ་གཞིག་༽ཅེས་པའི་རྩོམ་ཡིག་དེ་ལྟ་བུ་ནི། རྒྱ་རིགས་རྩོམ་པ་པོ་གྲས་ནས་འགའ་ཤས་ཀྱིས་བྲིས་ཡོད་པ་མིང་འདོན་བྱས་ཏེ། འདྲ་མཉམ་མིན་པའི་ཐོག་ནས་བོད་རིགས་རྣམས་ལ་ཁྲིམས་ཐག་བཅད་པ་དེ་ནི། རྒྱ་རིགས་དང་བོད་རིགས་བར་མི་རིགས་དབྱེ་འབྱེད་བྱས་པ་ཞིག་ཡིན་བརྗོད་ཡོད་པ་རེད།

གཞན་ཡང་། སྐབས་དེ་དུས་༼དུས་རབས་ཀྱི་ང་༽ཡི་རྩོམ་སྒྲིག་པ་ཇོ་ལེབས་ཟླ་བ་ལགས་ལའང་། ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། སྔར་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༣༠ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་ཡོད་པ་རེད། དེ་བཞིན། ༼ཤར་དུང་རི༽ཡི་རྩོམ་སྒྲིག་པ་དང་༼ཁྲག་ཡིག༽གི་རྩོམ་པ་པོ་ཐེའུ་རང་ལགས་ལའང་། རྒྱལ་ཁབ་བྲལ་གྱི་ཉེས་མིང་འོག་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་དེ། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་ཡོད་པ་རེད།

དེ་ལྟར་རྒྱ་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་། ཟིན་བྲིས་པ། སྒྱུ་རྩལ་བ། གཞས་པ་དང་གཞས་མ། གྲྭ་བཙུན་བཅས་ཤེས་ལྡན་པ་མང་པོར་རྒྱལ་ཁབ་ཁ་བྲལ་དང་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་བཀལ་སྟེ། དྲང་བདེན་མ་ཡིན་པའི་ཐོག་ནས་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་ཡོད་རེད། རྒྱ་གཞུང་གི་བྱ་སྤྱོད་དེ་ནི་འགྲོ་བ་མིའི་སྨྲ་བརྗོད་རང་དབང་རྡོལ་རོལ་གྱི་བྱ་སྤྱོད་ཅིག་ཆགས་ཡོད་ལ། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱིས་མཚོན་པའི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་ཡིག་ཁག་ཅིག་ལ་མིང་རྟགས་བཀོད་ཡོད་པ་དེ་ནི། དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་འདོད་མ་ཡིན་པར། རྒྱལ་སྤྱིའི་མི་མང་ལ་མགོ་སྐོར་གཏོང་ཐབས་ཀྱི་གཡོ་སྒྱུ་ཞིག་ཡིན་པ་གསལ་བོར་མངོན་ཡོད།