16/12/2019

དོན་འགྲུབ་དབང་ཆེན་ལགས་གློད་པར་དགའ་འགུ་དང་མུ་མཐུད་བཙོན་འོག་ཏུ་ཡོད་པ་རྣམས་ལ་དྲན་གསོ།

  •   
  •  
  •  
  •  
  •  
  •  
  •  
འཇིགས་བྲལ་གློག་བརྙན་ཕབ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱིར་རང་ཡུལ་དུ་ལོག་པ།
འཇིགས་བྲལ་གློག་བརྙན་ཕབ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱིར་རང་ཡུལ་དུ་ལོག་པ།

བོད་ནང་གི་བོད་མིའི་དངོས་ཡོད་དཀའ་སྡུག་གནས་བརྗོད་པའི་༼འཇིགས་བྲལ་༽གློག་བརྙན་ཕབ་ལེན་བྱེད་མཁན་དོན་གྲུབ་དབང་ཆེན་ལགས། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༦ ཚེས་ ༥ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱིར་གློད་ཡོད་པ་ལྟར། ཁོང་ཉིད་གང་མགྱོགས་ནང་མི་བཟའ་ཟླ་དང་ལྷན་འཛོམས་ཡོང་ཐུབ་རྒྱུར་འདི་ག་ལྟེ་གནས་ཁང་གི་ངོས་ནས་རེ་སྐུལ་བྱེད་བཞིན་ཡོད།

དོན་གྲུབ་དབང་ཆེན་ལགས་ཕྱི་ལོ་ ༢༠༠༨ ཟླ ༣ ཚེས་ ༢༦ ཉིན་ཟི་ལིང་གྲོང་ཁྱེར་དུ་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ལོ་གཅིག་ལྷག་རིང་ཁྲིམས་འགལ་གྱིས་བཙོན་ཁང་ནག་པོའི་ནང་བཀག་ཉར་ཐོག འདྲི་གཅོད་ཀྱིས་གཅར་རྡུང་མནར་གཅོད་ཚད་མེད་བཏང་བ་མ་ཟད། ཟས་མ་མ་སྤྲད་པར་ལྟོགས་སྐོམ་མྱངས་བཅུག་ཡོད་པ་བཅས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པར་འགྲེལ་བརྗོད་ཡོད། བཙོན་ཁང་ནག་པོ་དང་ངལ་རྩོལ་བསྒྱུར་བཀོལ་ཁང་བཅས་ནི། ཁྲིམས་གྱི་འགྲོ་ལུགས་གང་ཡང་བརྒྱུད་མ་དགོས་པའི་ཐོག་ནས། མང་ཚོགས་ལ་བཙོན་འཇུག་མནར་གཅོད་གཏོང་ཐབས་ཀྱི། ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཁོ་ན་ཞིག་ཆགས་ཡོད།

དེ་བཞིན།
ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༨ ཉིན་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། དོན་གྲུབ་དབང་ཆེན་ལགས་ལ་ཁྲིམས་ཐག་གཅོད་སྐབས་ཀྱང་། ཁོང་གི་ནང་མི་སུ་གང་ལའང་སྐད་མ་བཏང་བར་གསང་བའི་ཐོག ལོ་ ༦ གི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་དེ། ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ནང་བཙོན་འཇུག་དང་། རྗེས་སུ་མཚོ་སྔོན་ཞིང་ཆེན་བུད་མེད་བཙོན་ཁང་ཞེས་པའི་ནང་གནས་སྤོར་ཐོག བཙོན་འཇུག་དུས་ཡུན་མ་རྫོགས་བར་དེ་གར་བཙོན་འཇུག་མནར་གཅོད་བཏང་ཡོད་པ་རེད། བཙོན་འོག་ཏུ་མནར་གཅོད་འདྲ་མིན་བཏང་པར་བརྟེན་ནས་ཁོང་གི་གཟུགས་པོར་ནད་གཞི་ཕོག་ཡོད་ཀྱང་། རྒྱ་གཞུང་གིས་དུས་ཐོག་ཁྲིམས་མཐུན་སྨན་བཅོས་མཐུན་རྐྱེན་གང་ཡང་སྦྱར་མེད་པ་མེད་པ་མ་ཟད། ཐ་ན་ཁོང་གི་ནང་མིས་སྨན་རིགས་མཁོ་སྤྲོད་བྱས་པ་རྣམས་ཀྱང་བཀག་འགོག་བྱས་ཡོད།

དོན་གྲུབ་དབང་ཆེན་ལགས་ཀྱིས་ཕབ་བསྐྲུན་བྱས་པའི་༼འཇིགས་བྲལ༽ཞེས་པའི་གློག་བརྙན་དེ་ནི། བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་མི་མང་ཚོགས་ཀྱི་མངོན་འདོད་གསལ་བོར་མཚོན་པའི་གློག་བརྙན་ཞིག་ཡིན། གློག་བརྙན་དེའི་རིང་ཚད་ལ་དུས་ཚོད་སྐར་མ་ ༢༥ ཡོད་པ་དང་། དེ་ནི་བོད་མི་མང་ཚོགས་རྒན་གཞོན་དར་གསུམ་ལ་དྲི་བ་དྲིས་ལན་བྱས་པའི་བཅར་འདྲི་ཁག་ ༡༠༨ དང་། དུས་ཡུན་ཆུ་ཚོད་ ༣༥ ཡོད་པའི་བརྗོད་དོན་རྣམས་སྙིང་བསྡུས་ཀྱིས་བཟོས་པ་ཞིག་ཡིན་ལ། གློག་བརྙན་དེའི་ནང་བོད་མི་མང་ཚོགས་དཀྱུས་མ་རྣམས་ཀྱིས་བོད་ནང་གི་དངོས་ཡོད་དཀའ་སྡུག་གནས་སྟངས་དང་། སྐབས་དེར་རྒྱ་ནག་ནང་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་ཐད་ཀྱི་བསར་འཆར། ༧གོང་ས་མཆོག་བོད་དུ་ཕེབས་རྒྱུར་རེ་སྒུག་བྱེད་བཞིན་པའི་བསམ་འདུན་བཅས་བརྗོད་ཡོད་པ་རེད།

༢༠༠༨ ལོ་ཟླ་ ༣ ནང་གློག་བརྙན་དེ་འཛམ་གླིང་རྒྱལ་སྤྱིའི་སྒང་ཁྱབ་བསྒྲགས་བྱས་པ་དང་དུས་མཚུངས་སུ། རྒྱ་གཞུང་གིས་གློག་བརྙན་ཕབ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་དང་། ཁོང་གི་ཕྱག་རོགས་མགོ་ལོག་འཇིགས་མེད་གཉིས་སྔ་ཕྱིར་འཇུ་བཟུང་བྱས་ཡོད། ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་གྱིས་ཀྱང་། གློག་བརྙན་དེ་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ངན་པ་དེ་དག དངོས་བདེན་གྱི་ཐོག་ནས་གསལ་འདོན་བྱེད་མཁན་ཞིག་ཡིན་པ་བརྗོད་ཡོད།

དོན་གྲུབ་དབང་ཆེན་ལགས་ལ་རྒྱ་གཞུང་གིས་ཉེས་འགལ་ཁྲིམས་ཆད་བཅད་དེ། མི་ལོ་ ༦ རིང་བཙོན་འཇུག་མནར་གཅོད་བཏང་བའི་གནས་སྟངས་ཐད། འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། “དོན་གྲུབ་དབང་ཆེན་ལགས་ཀྱིས་ནག་ཉེས་གང་ཡང་བསགས་མེད་པར་ཡིད་ཆེས་བྱེད་ཀྱིན་ཡོད་ལ། དོན་གྲུབ་དབང་ཆེན་ལགས་ཀྱིས་གློག་བརྙན་ཕབ་སྐྲུན་གྱི་ལམ་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྟོགས་ཞིབ་བྱས་པའི། ཁོང་གི་དངོས་དོན་བདེན་འཚོལ་གྱི་ཕྱག་ལས་དེར་རྒྱ་གཞུང་གིས་བློ་འཚབ་སྐྱེས་ཏེ་མ་ཉེས་ཁག་གཡོགས་ཀྱིས་ཁྲིམས་ཆད་བཅད་ཡོད་སྟབས། རྒྱ་གཞུང་གིས་ཁོང་བཙོན་འཇུག་བྱས་པ་དེ་ནི་ཁྲིམས་འགལ་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འཇིགས་བྲལ་གློག་བརྙན་གྱིས་དོན་གྲུབ་དབང་ཆེན་ལགས་ཀྱིས་སོ་སོའི་རང་དབང་དང་བདེ་སྐྱིད་བློས་གཏོང་གི་སྒོ་ནས། དངོས་དོན་བདེན་པ་འཚོལ་བའི་སྙིང་སྟོབས་གསལ་འདོན་བྱས་ཡོད་ལ། ང་ཚོ་ཚང་མ་སེམས་འགུལ་ཐེབས་དགོས་པའི་མིག་དཔེ་བསྐྲུན་ཡོད། ༽ཅེས་བརྗོད་ཡོད།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་དོན་གྲུབ་དབང་ཆེན་ལགས་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་གྲོལ་རྗེས། རྒྱ་གཞུང་གིས་ས་གནས་མང་ཚོགས་ལ་ཁོང་ཕྱིར་རང་ཡུལ་ཏུ་ལོག་པར་བསུ་མ་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད། ད་ལྟའི་ཆར་ཁོང་གཟུགས་པོ་བདེ་བོ་མེད་པར་ཟུག་གཟེར་གཏོང་གི་ཡོད་པ་དང་། ཁོང་གི་ཕ་མ་དང་བཟའ་ཟླ། བུ་ཕྲུག་བཅས་ཀྱིས་ཀྱང་ཁོང་གི་གཟུགས་གཞིའི་ཐད་སེམས་ཁུར་དང་། ནང་མི་ལྷན་འཛོམས་ཡོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་ལྟར། འདི་ལ་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བཀག་སྡོམ་གང་ཡང་མེད་པའི་ཐོག་ནས། དོན་འགྲུབ་དབང་ལགས་ཀྱི་གཟུགས་པོའི་ནད་གཞིར་སྨན་བཅོས་ཀྱི་རང་དབང་མཐུན་འགྱུར་སྤྲོད་རྒྱུ་དང་། གང་མགྱོགས་ཁོང་གི་ཕ་མ་དང་བཟའ་ཟླ། བུ་ཕྲུག་བཅས་ནང་མི་ལྷན་འཛོམས་ཡོང་ཐུབ་རྒྱུར་རེ་སྐུལ་ཞུ་བཞིན་ཡོད། དེ་བཞིན། དོན་གྲུབ་དབང་ཆེན་ལགས་གློད་གྲོལ་ཐད་དངོས་ཤུགས་བརྒྱུད་གསུམ་ནས་རོགས་འདེགས་མཐུན་འགྱུར་གནང་མཁན་མི་སྒེར་དང་ཚོགས་སྡེ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱིར་དོན་གྲུབ་དབང་ཆེན་ལགས་གློད་གྲོལ་བྱུང་བ་དེ་ནི་དགའ་འོས་པའི་དོན་དག་ཞིག་རེད། ཡིན་ནའང་། བོད་མི་རིགས་ཀྱི་བདེན་དོན་ཆེད་བོད་མི་མང་པོ་ཞིག་གིས། ད་ལྟའི་ཆར་ད་དུང་རྒྱ་གཞུང་གི་བཙོན་ཁང་ནང་མནར་གཅོད་མྱོངས་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་ཁོང་རྣམས་ལ་དྲན་གསོ་དང་གུས་འདུད་ཞུ་བཞིན་ཡོད་ལ། ཁོང་ཚོ་གང་མགྱོགས་གློད་གྲོལ་ཡོང་བའི་རེ་སྐུལ་བྱེད་བཞིན་ཡོད།

འབྲེལ་གཏུགས་ཁ་བྱང་།

བོད་ཡིག ཟླ་བ་ཚེ་རིང་། ༩༨༡༦༠༣༧༧༣༦
དབྱིན་ཡིག བསྟན་འཛིན་ཉིན་བྱེད། ༩༨༡༦༨༤༢༣༩༥
རྒྱ་ཡིག ཚེ་རིང་རྒྱལ། ༩༨༨༢༦༤༠༦༤༡