14/07/2020

བོད་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཕྱི་ལོ་༢༠༡༩ ལོའི་ལོ་འཁོར་སྙན་ཐོ།

  •   
  •  
  •  
  •  
  •  
  •  
  •  

རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་འདི་ག་ལྟེ་གནས་ཁང་ནས་ཕྱི་ལོ་༢༠༡༩ ལོའི་བོད་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས་ཡོད།

སྙན་ཐོ་འདིའི་ནང་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐད་ཀར་དེ་སྔ་མོས་མཐུན་མིང་རྟགས་དང་ལག་བསྟར་ཆོག་མཆན་བཀོད་ཟིན་པའི་རྒྱལ་སྤྱིའི་གྲོས་ཆོད་ཁག་རྩིས་མེད་གདལ་བཤིག་བཏང་ནས། བོད་ནང་དུ་དྲག་གནོན་དབང་སྒྱུར་གྱི་བསམ་སྦྱོར་དང་དེ་འབྲེལ་རྒྱལ་སྤྱི་རིམ་པའི་འགན་འཁྲི་ཁག་སྣང་མེད་དོར་ཏེ། བོད་ཀྱི་ཆབ་དཔལ་རིག་གསུམ་ངོ་བོ་དང་བཅས་པ་རྩ་གཏོར་གཏོང་ཐབས་སུ་དུས་རྒྱུན་དུ་སྲིད་ཁྲིམས་བེད་སྤྱད་ནས་རྒྱ་གཞུང་རང་གི་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཁན་ཚང་མར་ཡ་ང་བའི་དྲག་གནོན་བྱས་དང་བྱེད་བཞིན་པའི་གནས་སྟངས་འཁོད་ཡོད།

ཕྱི་ལོ་༢༠༡༨ ལོ་ནས་བཟུང་བོད་རང་ལྗོངས་དང་བོད་ཀྱི་ས་ཁུལ་ཁག་ཚང་མར་རྒྱལ་ཡོངས་རིམ་པའི་ལས་འགུལ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟེར་བའི་རྡུང་རྡེག་ཚ་ནན་གཏོང་ཐབས་བེད་སྤྱད་ནས། བོད་དོན་ཞི་རྒོལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཚོར་ཁྱབ་ཆེ་ཞིང་འཆར་གཞི་དང་དམིགས་ལྡན་པའི་ཐོག་ནས་དབང་ཡོད་གཉའ་གནོན་དང་སྡུག་སྦྱོང་མནར་གཅོད་བཏང་ཡོད། དྲག་རྡུང་འཐབ་རྩོད་ལས་འགུལ་ཤུགས་ཆེར་བཏང་བའི་ཁྲོད་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་འགུལ་རིགས་ཚང་མ་ཁྲིམས་འགལ་ཉེས་གསོག་གི་ངོ་བོར་བཙན་སྒྱུར་བྱས་ཡོད།

ལོ་འཁོར་སྙན་ཐོ་འདིའི་ནང་དུ་བོད་ནང་གི་ཆོས་ལུགས་དད་མོས་རང་དབང་གི་ཐོབ་ཐང་དང་། དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་། ཞི་བའི་འདུ་འཛོམ་རང་དབང་གི་ཐོབ་ཐང་། བསམ་བརྗོད་རང་དབང་གི་ཐོབ་ཐང་། བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་བཅས་སྡེ་ཚན་ལྔ་རུ་དགར་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་ཚུལ་བཏོན་ཡོད། དེར་མ་ཟད་སྡེ་ཚན་གཞན་གྱི་ནང་དུ་རྒྱ་གཞུང་རང་གི་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་ཚང་མ་ཚར་གཅོད་གཏོང་ཐབས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བེད་སྤྱད་པའི་ཁྲིམས་འགལ་ལག་བསྟར་སྐོར་བཀོད་ཡོད། སྙན་ཐོ་འདིའི་ནང་གསལ་རྡོག་རོལ་གདལ་བཤིག་ཐེབས་བཞིན་པའི་བོད་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་དངོས་གནས་དྲང་གནས་ཇེ་ལེགས་ཇེ་རྒྱས་ཡོང་ཐབས་ཀྱི་སྐུལ་འདེབས་དོན་ཚན་ཉེར་བཞི་ལག་བསྟར་བྱེད་ཐབས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཁ་ཞེ་གཉིས་ཀྱི་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད།

རྒྱ་གཞུང་གིས་ངེས་པར་དུ་བོད་ནང་གི་གཞི་རྩའི་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་གཏོང་ཐབས་ཀྱི་ཁྲིམས་སྒྲིག་མང་པོ་མེད་པར་བཟོ་དགོས། དེར་མ་ཟད་ངེས་པར་དུ་ཁྲིམས་འགལ་བཀག་བསྐྱིལ་དང་བསམ་བློ་ཆབ་སྲིད་སློབ་གསོའི་བྱེད་སྒོ། བོད་རིགས་ས་ཁོངས་རང་སྐྱོང་དང་རང་སྐྱོང་ལས་ཁུངས་ཁག་ཏུ་ཧམ་འཛུལ་བྱེད་ཐབས། ཆེད་དམིགས་ཀྱི་དོགས་ཟོན་མྱུལ་ཞིབ་སོགས་འཕྲལ་དུ་མཚམས་འཇོག་དགོས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁག་གི་ཁྲིམས་ཡིག་སྣ་ཚོགས་ནང་ཆ་ཤས་བླངས་པའི་ངོས་ཐད་ནས་རྒྱ་གཞུང་གིས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐོང་གཙུག་འཛིན་དང་མངོན་འགྱུར་ཡོང་ཐབས་ཀྱི་འགན་འཁུར་དགོས།

 

འབྲེལ་ཐག་འདི་བརྒྱུད་ནས་བོད་ཡིག་གི་སྙན་ཐོ་ཆ་ཚང་ལྟ་ཀློག་བྱེད་ཐུབ། 

འབྲེལ་ཐག་འདི་བརྒྱུད་ནས་རྒྱ་ཡིག་གི་སྙན་ཐོ་ཆ་ཚང་ལྟ་ཀློག་བྱེད་ཐུབ།