03/08/2020

ཨང་རྩིས་བསླབ་གཞི་རྒྱ་བསྒྱུར་བྱེད་པ་ནི་བོད་ཀྱི་སྐད་ཡིག་ཉམ་དམས་ཀྱི་སྲིད་ཇུས་ཤིག་རེད།

  •   
  •  
  •  
  •  
  •  
  •  
  •  
བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱི་ཁྲིན་ཀོན་ཆིས་ལྷ་ཀླུ་སློབ་ཆུང་གི་སྒོ་ཆེན་སྟེང་དུ་ "ང་ནི་ཀྲུང་གོའི་བྱིས་པ་ཡིན། རྒྱ་སྐད་བཤད་རྒྱུར་དགའ།" ཞེས་པའི་འཕྲེད་དར་འཕྱར་ཡོད་པའི་འདྲ་པར།
བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་གྱི་ཁྲིན་ཀོན་ཆིས་ལྷ་ཀླུ་སློབ་ཆུང་གི་སྒོ་ཆེན་སྟེང་དུ་ “ང་ནི་ཀྲུང་གོའི་བྱིས་པ་ཡིན། རྒྱ་སྐད་བཤད་རྒྱུར་དགའ།” ཞེས་པའི་འཕྲེད་དར་འཕྱར་ཡོད་པའི་འདྲ་པར།

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་ཁུལ་དུ། སློབ་ཆུང་ཨང་རྩིས་བསླབ་གཞི་རྒྱ་བསྒྱུར་བྱེད་ཀྱིན་པ་དེ་ནི། བོད་མི་རིགས་ཀྱི་ “ སྐད་ཡིག་གཞན་བསྒྱུར ” བྱེད་ཐབས་ཀྱི་སྲིད་ཇུས་ཤིག་རེད།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་སློབ་གསོ་སྡེ་ཁག་ཟེར་བས་ “སློབ་སྦྱོང་གི་ལས་ཆོད་མཐོར་འདེགས” དང་། བོད་ཡིག་ཐོག་ཨང་རྩིས་སོགས་སློབ་དེབ་ཁག་བོད་ནང་པར་བསྐྲུན་བྱེད་པར་ “བརྒྱུད་རིམ་རྙོག་འཛིན་ཆེ་བ” བཅས་ལ་ཁ་གཡར་ཏེ། བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁོངས་སུ་སློབ་ཆུང་ཨང་རྩིས་སློབ་དེབ་རྒྱ་བསྒྱུར་བྱས་ཡོད་སྟབས། བོད་རིགས་ཤེས་ལྡན་པའི་སྡེ་ལ་སེམས་འཚབ་བྱུང་སྟེ་སྐྱོན་བརྗོད་དང་གླེང་སློང་ཤུགས་ཆེན་པོ་བྱུང་བཞིན་ཡོད་ལ། ཁོང་ཚོས་རྩོམ་ཡིག་གི་ལམ་ནས་རང་ཉིད་ཀྱི་ལྟ་ཚུལ་དང་མངོན་འདོད་གསལ་འདོན་བྱས་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ནང་མི་རིགས་སློབ་གསོའི་ཐད་ཆ་ཆེན་པོ་དེ་རིགས་ལ་འབྲེལ་ཡོད་སྡེ་ཁག་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ཉེ་ཆར་ <<ལྷ་སའི་སློབ་གསོ>> ཞེས་པའི་འཕྲིན་སྟེགས་དྲ་ལམ་དུ། <<ལྷ་ས་གྲོང་ཁྱེར་གྱི་རྫོང་ཁག་ས་ཁུལ་གྱི་སློབ་ཆུང་ཨང་རྩིས་བསླབ་ཚན་པར་གཞིའི་བེད་སྤྱོད་གནས་སྟངས།>> ཞེས་བཀོད་པའི་གནས་ཚུལ་ནང་། ལྷ་སའི་མཁར་གྲོང་ཁྲིན་ཀོན་ཆིས་དང་སྟོད་ལུང་བདེ་ཆེན་དང་ཆུ་ཤུར། སྙེ་མོ་བཅས་རྫོང་ཁག་གསུམ་ནང་། ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་ཨང་རྩིས་བསླབ་གཞི་རྒྱ་ཡིག་ཡིན་པ་རེད། དེ་བཞིན། མལ་གྲོ་གུང་དཀར་རྫོང་དུ་རྫོང་མཁར་ཁུལ་གྱི་སློབ་ཆུང་ཨང་རྩིས་རྒྱ་ཡིག་དང་། དེ་མིན་གཞན་པའི་སློབ་གྲྭ་ཁག་ནང་ལོ་རིམ་དང་པོ་ནས་གཉིས་པའི་ཨང་རྩིས་བསླབ་གཞི་བོད་ཡིག་དང་། ལོ་རིམ་གསུམ་པ་ནས་དྲུག་པའི་བར་བསླབ་གཞི་རྒྱ་ཡིག ལྷུན་འགྲུབ་རྫོང་དུ་རྫོང་མཁར་ཁུལ་གྱི་སློབ་ཆུང་ཨང་རྩིས་རྒྱ་ཡིག་དང་། དཔལ་འབྱོར་གླིང་ཤང་དུ་ལོ་རིམ་གསུམ་པའི་འཛིན་གྲྭ་གཅིག་ལ་ཨང་རྩིས་རྒྱ་ཡིག དེ་མིན་གཞན་པའི་སློབ་གྲྭ་ཁག་ནང་ལོ་རིམ་དང་པོ་ནས་དྲུག་པའི་བར་ཨང་རྩིས་བསླབ་གཞི་བོད་ཡིག སྟག་རྩེ་རྫོང་དུ་ ༢༠༡༦ ལོའི་སྟོན་དུས་ནས་མགོ་བརྩམས་ཏེ་ལོ་རིམ་དང་པོ་ནས་དྲུག་པའི་ཨང་རྩིས་རྒྱ་ཡིག འདམ་གཞུང་རྫོང་དུ་རྫོང་མཁར་ཁུལ་གྱི་སློབ་ཆུང་འཛིན་རིམ་སོ་སོར་ཁྲོད་ནས་འཛིན་གྲྭ་ཁག་གི་ཨང་རྩིས་བསླབ་གཞི་རྒྱ་ཡིག་དང་འཛིན་གྲྭ་ཁག་ཅིག་གི་ཨང་རྩིས་བསླབ་གཞི་བོད་ཡིག ལུང་རིང་ཤང་གི་འཛིན་རིམ་དང་པོ་ནས་གསུམ་པའི་བར་ཨང་རྩིས་བསླབ་གཞི་རྒྱ་ཡིག་བཅས་ཡིན་པའི་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱལ་སྤྱིའི་སྒང་བོད་ཀྱི་སྐད་ཡིག་རིག་གཞུང་ཉམས་ཉེས་དང་ཆོས་ལུགས་དད་མོས་རྡོག་རོལ་གྱི་གནས་སྟངས་གླེང་ཡོང་སྐབས། ནམ་རྒྱུན་རྒྱ་གཞུང་གིས་གྲངས་འབོར་འདྲ་མིན་སྣ་ཚོགས་ཀྱི་གཡོ་ཐབས་སྤྱད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་བཏང་སྟེ་དངོས་ཡོད་གནས་ཚུལ་གབ་སྦོས་བྱེད་ཀྱིན་ཡོད་པ་ལྟར། བོད་རང་སྐྱོང་ལྗོངས་ཁོངས་སུ་སློབ་ཆུང་ཨང་རྩིས་བསླབ་གཞི་རྒྱ་བསྒྱུར་གྱི་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་རྗེས། རྒྱ་གཞུང་གི་ <<གོ་ལའི་དུས་བབ་གསར་ཤོག>> ཅེས་པས་གནས་ཚུལ་ཞིག་སྤེལ་བའི་ནང་། བོད་རང་སྐྱོང་ལྗོངས་སློབ་གསོ་སྡེ་ཁག་འགན་འཛིན་གཞོན་པ་ཀྲུའུ་ཡོན་གྱིས་ “སློབ་གསོ་སྡེ་ཁག་གིས་བོད་ཡིག་ཨང་རྩིས་བསླབ་གཞི་བཅོས་བསྒྱུར་བྱ་རྩིས་མེད་སྟབས། གནས་ཚུལ་དེ་ནི་ཁུངས་བདེན་མ་རེད།” ཅེས་བརྗོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཡོངས་སུ་སློབ་གྲྭ་བརྒྱ་ཆ་ ༩༩ ནང་སྐད་གཉིས་སློབ་གསོ་སྤེལ་བཞིན་ཡོད་པ་དང་། སློབ་ཕྲུག་བརྒྱ་ཆ་ ༩༧ སྐད་གཉིས་སློབ་གསོ་མྱོང་བཞིན་ཡོད་ཚུལ། ད་ལྟའི་ཆར་གཞི་རྩའི་ཐོག་ནས་སློབ་ཆུང་ནས་སློབ་ཆེན་དབར་རིམ་པ་སོ་སོར་བོད་རྒྱ་སྐད་གཉིས་སློབ་གསོའི་མ་ལག་བཙུགས་ཡོད་སྐོར་བཤད་འདུག

ལྷ་སའི་སློབ་གསོ་ཞེས་པའི་འཕྲིན་སྟེགས་དྲ་བའི་སྟེང་སྤེལ་ཡོད་པའི་ལྷ་ས་གྲོང་ཁྱེར་ཁུལ་གྱི་སློབ་ཆུང་ཨང་རྩིས་བསླབ་གཞི་གནས་ཚུལ་སྐོར་གྱི་པར་རིས།
ལྷ་སའི་སློབ་གསོ་ཞེས་པའི་འཕྲིན་སྟེགས་དྲ་བའི་སྟེང་སྤེལ་ཡོད་པའི་ལྷ་ས་གྲོང་ཁྱེར་ཁུལ་གྱི་སློབ་ཆུང་ཨང་རྩིས་བསླབ་གཞི་གནས་ཚུལ་སྐོར་གྱི་པར་རིས།

དོན་དངོས་ཐོག་གནས་ཚུལ་དེ་ནི་མི་སྒེར་དང་གཞུང་འབྲེལ་ཚོགས་སྡེ་གང་རུང་ཞིག་གིས་ཐེར་འདོན་བྱས་པ་ཞིག་མ་ཡིན་པར། ལྷ་ས་གྲོང་ཁྱེར་གྱི་གཞུང་འབྲེལ་འཕྲིན་སྟེགས་དྲ་ངོས་སུ་གསལ་པོར་འཁོད་ཡོད་པ་རེད། གནས་ཚུལ་དེའི་ཐད་བདེ་ཁང་བྱམས་པ་ཟེར་བའི་ཁྲིམས་དོན་ལས་ཀ་གཉེར་མཁན་བོད་མི་ཞིག་གིས་ཀྱང་། <<བོད་རིགས་བྱིས་པའི་བོད་སྐད་སློབ་གསོའི་ཐོབ་ཐང་སུས་འཕྲོག་གིན་ཡོད་དམ།>> ཞེས་པའི་དྲ་རྩོམ་ཞིག་སྤེལ་ཏེ། “ཁོང་རང་ཉིད་ནི་ཁྲིམས་ལུགས་ལག་བསྟར་བྱེད་མཁན་མི་སྣ་ཞིག་ཡིན་སྟབས། ཁྲིམས་ལུགས་ཆེད་ལས་པ་ཞིག་གི་ཀུན་སྤྱོད་ཀྱི་ངོས་ཐད་ནས། དོན་དངོས་བདེན་དཔང་མེད་པར་གང་བྱུང་གཞི་མེད་འུད་སྒྲོག་བྱ་མི་འགྱུར། ཡིན་ནའང་། ཁོ་རང་གིས་ལྷ་ས་སློབ་གསོའི་འཕྲིན་སྟེགས་སུ་ལྷ་ས་གྲོང་ཁྱེར་གྱི་རྫོང་ཁག་ས་ཁུལ་གྱི་སློབ་ཆུང་ཨང་རྩིས་བསླབ་ཚན་པར་གཞིའི་བེད་སྤྱོད་གནས་སྟངས་དངོས་སུ་སྤེལ་ཡོད་པ་མཐོང་རྗེས། ད་གཟོད་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་བརྒྱུད་བསྐུར་བྱེད་བཞིན་པའི་གནས་ཚུལ་དེ་ཁུངས་མེད་ཞིག་མ་ཡིན་པ་ཤེས་རྟོགས་བྱུང་།” ཞེས་གསལ་འདོན་བྱས་ཡོད།

དེར་མ་ཟད། བོད་རང་སྐྱོང་ལྗོངས་སུ་བོད་ཡིག་ཕུད་པའི་བསླབ་གཞི་ཡོངས་རྫོགས་རྒྱ་ཡིག་ཏུ་བསྒྱུར་འཆར་ཡོད་པ་དེ། ཕྱི་ལོ་ ༢༠༡༡ ལོར་བོད་ལྗོངས་རིག་གནས་དྲ་བའི་སྟེང་རྒྱ་ནག་པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཱ་རོང་ཟེར་བའི་ <<བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་སྐད་གཉིས་སློབ་གསོ>> ཞེས་དཔྱད་རྩོམ་ཡིག་སྤེལ་ཏེ། “དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་པའི་རྗེས་སུ་ཕྱོགས་ཡོངས་ནས་བོད་ཡིག་ལ་ཤུགས་སྣོན་དང་བོད་ཡིག་ནི་སློབ་གསོའི་སྐད་ཡིག་གཙོ་བོར་འཛིན་པའི་ཕྱོགས་སུ་བསྒྱུར་ཡོད། ཉེ་ཆར་རྒྱ་ཡིག་ལ་ཤུགས་སྣོན་དང་སློབ་གསོའི་སྐད་ཡིག་གཙོ་བོ་ནི་རྒྱ་ཡིག་ཅན་གྱི་ཕྱོགས་སུ་བསྒྱུར་ཡོད། འགྱུར་བ་དེའི་ཁྲོད་མཁར་གྲོང་ཁུལ་གྱི་སློབ་གྲྭ་དང་སློབ་ཆེན་ཁག་སྔ་བ་སྔོན་མ་དང་། གཞི་རིམ་ཞང་འབྲོག་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་རྗེས་མ་ཆགས་ཀྱིན་ཡོད།” ཅེས་བརྗོད་པ་ལས་གསལ་པོ་བསྟན་ཡོད།

སྤྱིར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་ཡོངས་སུ་བོད་ཡིག་ཕུད་པའི་བསླབ་གཞི་གཞན་ཆ་ཚང་རྒྱ་བསྒྱུར་གྱི་སྲིད་ཇུས་གོམ་པ་རིམ་སྤོ་བྱེད་བཞིན་ཡོད། རྒྱ་གཞུང་གིས་བོད་ཁུལ་དུ་རྒྱ་ཡིག་ཕུད་པའི་བསླབ་གཞི་གཞན་དག་བོད་ཡིག་ཐོག་སློབ་ཁྲིད་དང་། བོད་ཡིག་ཕུད་པའི་བསླབ་གཞི་གཞན་དག་རྒྱ་ཡིག་ཐོག་སློབ་ཁྲིད་བཅས་སློབ་ཁྲིད་མ་དཔེ་རིགས་གཉིས་ཡོངས་ཁྱབ་ཏུ་ལག་བསྟར་བྱེད་ཀྱིན་ཡོད། དེའང་མཐུན་རྐྱེན་ཞན་པའི་གཞི་རིམ་ཞིང་འབྲོག་ཁུལ་གྱི་སློབ་ཆུང་ཁག་ཏུ་སློབ་ཁྲིད་མ་དཔེ་དང་པོ་སྤྱོད་བཞིན་ཡོད་པ་དང་། མཐུན་རྐྱེན་བཟང་བའི་མཁར་གྲོང་ཁུལ་གྱི་སློབ་ཆུང་དང་དམའ་འབྲིང་སློབ་གྲྭ་ཁག་ནང་། འཛིན་གྲྭ་ཁ་ཤས་ལ་སློབ་ཁྲིད་མ་དཔེ་དང་པོ་དང་། འཛིན་གྲྭ་ཁ་ཤས་ལ་སློབ་ཁྲིད་མ་དཔེ་གཉིས་པ་ལག་བསྟར་བྱེད་ཀྱིན་ཡོད། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་མཁར་གྲོང་ས་ཁུལ་ཁག་ཏུ་མཐོ་འབྲིང་གཙོས་རྒྱ་ཡིག་རྐྱང་པའི་སློབ་གྲྭ་ཆུང་འབྲིང་ཁག་ནང་བོད་རིགས་སློབ་མ་མང་པོ་སློབ་འཇུག་བྱེད་ཀྱིན་ཡོད། གོམ་པ་རིམ་སྤོས་ཀྱིས་བོད་ཀྱི་ས་ཁུལ་ཡོངས་སུ་སློབ་ཁྲིད་མ་དཔེ་གཉིས་པ་དང་རྒྱ་ཡིག་རྐྱང་པའི་སློབ་གསོ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། སྐད་གཉིས་སློབ་གསོ་ཟེར་བ་ཁ་ལ་ཁྱེར་ནས། ཐ་ན་བྱིས་སྐྱོང་ཁང་དུ་བྱིས་པའི་བོད་སྐད་སྨྲ་མ་ཤེས་སྔོན་ནས་རྒྱ་སྐད་སློབ་པའི་ཐབས་ཤེས་གཏོང་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༠ ལོར་རྒྱ་གཞུང་གིས་བོད་མདོ་སྨད་ཁུལ་གྱི་སློབ་འབྲིང་ཁག་ནང་དུ། བོད་ཡིག་ཕུད་པའི་གཞན་པའི་བསླབ་གཞི་ཆ་ཚང་རྒྱ་ཡིག་ཐོག་སློབ་འཁྲིད་བྱ་འཆར་བྱས་པར་བརྟེན། བོད་མདོ་སྨད་རེབ་གོང་དང་ཆབ་ཆ། ཁྲི་ཀ རྨ་ཆུ་སོགས་ཀྱི་སློབ་འབྲིང་ཁག་གི་སློབ་ཕྲུག་གིས་མཚོན་པའི་བོད་རིགས་སློབ་མ་མང་པོས་རྒྱ་གཞུང་གི་སློབ་གསོ་བཅོས་བསྒྱུར་གྱི་སྲིད་ཇུས་དེར་ཞི་བའི་སྐད་འབོད་གོམ་བགྲོད་ཀྱི་ངོ་རྒོལ་རིམ་པར་བྱུང་ཡོད་སྟབས། གནས་སྐབས་རིང་རྒྱ་གཞུང་གིས་བསླབ་གཞི་རྒྱ་བསྒྱུར་གྱི་སྲིད་ཇུས་དེ་མངོན་གསལ་དོད་པོའི་སྒོ་ནས་ལག་བསྟར་བྱ་རྒྱུ་མཚམས་འཇོག་དགོས་བྱུང་ཡོད། ཡིན་ནའང་། སྐབས་དེར་རྒྱ་གཞུང་གིས་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་མཁན་སློབ་ཕྲུག་མང་པོ་འཇུ་བཟུང་བཀག་བསྐྱིལ་དང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། རྗེས་སུ་རྒྱ་གཞུང་གིས་སློབ་གྲྭ་ཁག་མང་པོ་ཞིག་གི་ནས་རྒྱ་ཡིག་གཙོ་བོར་བཟུང་སྟེ་སློབ་ཁྲིད་བྱེད་མགོ་བརྩམས་ཡོད་འདུག

ཉེ་ཆར་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༠ ལོའི་དབར་དུ་རྒྱ་ནག་ནང་ལོགས་ནས་རྒྱ་རིགས་དགེ་རྒན་ཁྲི་ ༣ ལྷག་བོད་ལྗོངས་དང་ཤིན་ཅང་ནང་གཏོང་རྒྱུ་ཡིན་པ་དང་། དེ་དག་གིས་བོད་ལྗོངས་དང་ཤིན་ཅང་ས་གནས་རང་གི་དགེ་རྒན་བརྒྱ་ཆ་ ༩༠ ལས་གནས་དང་བྲལ་ཏེ་གསོ་སྦྱོང་བྱེད་པའི་ཚབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད། དེ་བཞིན། ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་དོན། པེ་ཅིན་དང་ཅང་སུའུ་གཉིས་སོ་སོ་ནས་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༢ བཏང་སྟེ། ལྷག་སའི་པེ་ཅིན་ཚོད་ལྟའི་སློབ་འབྲིང་དང་ལྷ་སའི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གཉིས་བཙུགས་ཏེ། ཕྱི་ལོ་ ༢༠༡༥ ལོའི་ལོ་སྨད་ནས་དངོས་སུ་སློབ་མ་བསྡུ་མགོ་བརྩམས་ཡོད་པ་དང་། སློབ་གྲྭ་དེ་གཉིས་ཀྱི་དགེ་རྒན་དང་མགོ་ཁྲིད་ཆ་ཚང་པེ་ཅིང་དང་ཅང་སུའུ་ནས་ཆེད་མངགས་བྱས་པའི་རྒྱ་རིགས་རྐྱང་ཡིན་ལ། ད་དུང་ལྷ་སའི་ཅང་སུའུ་ཚོད་ལྟའི་སློབ་གྲྭར་ད་ལྟ་སློབ་མ་གྲངས་ ༢༣༥༠ ཡོད་པའི་ནང་ནས་བརྒྱ་ཆ་ ༩༠ བོད་རིགས་ཡིན་འདུག གནས་ཚུལ་འདི་དག་ལས་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་གཙོས་བོད་ཀྱི་ས་ཁུལ་ཁག་ནང་། “བོད་ཁུལ་གྱི་སློབ་གསོ་ཡར་རྒྱས་གཏོང་བ” ཞེས་པ་ཁ་ལ་ཁྱེར་ཏེ། དོན་དངོས་སུ་མངོན་ལྐོག་བརྒྱུད་གསུམ་ནས་གོམ་པ་རིམ་སྤོས་ཀྱིས་རྒྱ་བསྒྱུར་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བཞིན་པ་གསལ་སྟོན་བྱས་ཡོད།

ཉེ་ཆར་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ། བོད་ཡིག་དབྱངས་གསལ་དང་སྔོན་རྗེས་ཡང་གསུམ། མགོ་འདོགས་བརྩེགས་གསུམ་སོགས་རྒྱ་ཡིག་གིས་འབྲེལ་བཤད་བརྒྱབ་པའི་དཔེ་རིས་ཤིག་ཐོན་ཡོད་པ་དང་། ཤེས་གསལ་ལྟར་ན་དེ་ནི་ལྷ་ས་གྲོང་ཁྱེར་གྱི་ཁོངས་གཏོགས་མལ་གྲོ་གུང་དཀར་རྫོང་དུ། བོད་རིགས་བྱིས་པ་རྣམས་ལ་རྒྱའི་སྐད་ཡིག་གིས་འགྲེལ་བཤད་ལ་བརྟེན་ནས་བོད་ཡིག་སློབ་ཁྲིད་བྱ་དགོས་ཐུག་ཡོད་པའི་སྐོར་ཡིན་འདུག དེ་ལྟར་ཡིན་ཚེ་ད་ལྟའི་ཆར་ལྷ་ས་གྲོང་ཁྱེར་ཁུལ་དུ་བོད་རིགས་བྱིས་པ་ཚོས་བོད་ཡིག་ཕར་ཞོག ཐ་ན་བོད་སྐད་ཀྱང་བཤད་མི་ཤེས་པའི་ཛ་དྲག་གི་གནས་ཚད་ལ་སླེབས་ཡོད་པ་གསལ་པོར་བསྟན་ཡོད་པ་རེད།

རྒྱ་གཞུང་གིས་བོད་མི་རིགས་ཀྱི་སྐད་དང་ཡི་གེ བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ངོ་བོ་བཅས་རྩ་མེད་བཏང་སྟེ། མཐར་བོད་ཡུལ་རྒྱ་ཡུལ་དང་བོད་མི་རྒྱ་མིར་བསྒྱུར་ཆེད། ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་བོད་མིའི་ཐོབ་ཐང་མཐའ་དག་བཙན་འཕྲོག་བྱས་ཡོད་པ་མ་ཟད། ཐ་ན་སློབ་གསོའི་ཐད་ནས་ཀྱང་བོད་མིའི་སྐད་ཡིག་རིག་གནས་རྒྱུན་འཛིན་གྱི་ཁེ་དབང་རྣམས་རྩ་གཏོར་གཏོང་བཞིན་ཡོད། དཔེར་མཚོན་གསལ་ཤོས་ཤིག་ནི། ཕྱི་ལོ་ ༡༩༨༤ ལོ་ནས་བཟུང་རྒྱ་གཞུང་གིས་བོད་ཁུལ་དུ་ “སློབ་གསོའི་མཐུན་རྐྱེན་ཞན་པར” ཁ་གཡར་ཏེ། རྒྱའི་ནང་ལོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནང་བོད་ལྗོངས་སློབ་གྲྭ་དང་འཛིན་གྲྭ་ཟེར་བ་མང་པོ་བཙུགས་ཏེ། བོད་རིགས་སློབ་ཕྲུག་མང་པོ་སོ་སོའི་ཕ་མ་དང་རིག་གཞུང་ལ་ཁ་བགར་ནས་རྒྱ་ནག་ནང་གནས་སྤོར་གྱིས་རྒྱའི་སྐད་ཡིག་དང་རིག་གནས་སློབ་སྦྱོང་བྱེད་བཅུགས་ཡོད་པ་རེད།

རྒྱ་གཞུང་གིས་ཡོངས་བསྒྲགས་བྱས་པའི་རྩིས་ཐོ་ལྟར་ན། དེང་སྐབས་རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག ༡༢ གྱི་སློབ་གྲྭ་ཁག་ ༡༧ ནང་རྒྱ་ནང་བོད་ལྗོངས་དམའ་འབྲིང་འཛིན་གྲྭ་བཙུགས་ཡོད། འདས་པའི་ལོ་ ༣༠ ནང་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༡༠༧༧༠༠ རྒྱ་ནང་དུ་གནས་སྤོར་སློབ་གཉེར་བྱས་ཡོད། ལོ་རེར་སློབ་ཆུང་མཐར་ཕྱིན་སློབ་མ་གྲངས་ ༡༣༠༠ རེ་གནས་སྤོར་བྱེད་ཀྱིན་ཡོད། ཕྱི་ལོ་ ༢༠༡༠ ལོ་ནས་རྒྱ་ནག་དབུས་གཞུང་གིས་གཏན་འབེབ་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར་ཁག་ ༡༢ ཀྱི་སློབ་གྲྭ་ཁག་ ༣༨ ནང་བོད་ལྗོངས་འབྲིང་རིམ་ལག་རྩལ་འཛིན་གྲྭ་བཙུགས་ཡོད་པ་དང་། ལོ་རེར་སློབ་མ་གྲངས་ ༣༠༠༠ བསྡུ་ལེན་བྱེད་ཀྱིན་ཡོད། ཁྱོན་བསྡོམས་རྒྱ་ནག་གི་ཞིང་ཆེན་གྲོང་ཁྱེར་ཁག་ ༢༡ ནང་དུ་རྒྱ་ནག་བོད་ལྗོངས་འཛིན་གྲྭ་དང་འབྲིང་རིམ་ཆེད་ལས་འཛིན་གྲྭ་ཁག་ ༡༣༧ ཡོད་པའི་ནང་དུ། རྒྱ་ནང་གཏན་སྡོད་བོད་རིགས་སློབ་ཕྲུག་གྲངས་ ༡༨༡༠༠ ཡོད་འདུག ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ནས་རྒྱ་ནག་དུ་བོད་པའི་བྱིས་པ་གཏོང་ཚད་ནི། ལོ་རེ་བཞིན་སློབ་འབྲིང་སློབ་མ་གྲངས་ ༡༦༢༠ དང་མཐོ་འབྲིང་སློབ་མ་གྲངས་ ༣༠༠༠ ལྷག ༢༠༡༠ ལོར་ན་མགོ་འཛུགས་བྱས་པའི་འབྲིང་རིམ་ཆེད་སྦྱོང་འཛིན་གྲྭར་སློབ་མ་གྲངས་ ༣༠༠༠ བཅས་གནས་སྤོར་བྱེད་ཀྱིན་ཡོད་པ་རེད།   བོད་རིགས་བྱིས་པ་རྣམས་རྒྱ་ནག་ནང་དུ་གནས་སྤོར་གྱི་བྱེད་ཐབས་དེ། བོད་རང་སྐྱོང་ལྗོངས་གཅིག་པུ་ཙམ་མ་ཡིན་པར་བོད་ཀྱི་ས་ཁུལ་གཞན་དག་ཏུའང་ཤུགས་ཆེན་པོ་སྤེལ་བཞིན་ཡོད་ལ། རྒྱ་ནག་ནང་གནས་སྤོར་བྱས་པའི་བོད་རིགས་བྱིས་པ་དེ་དག་སློབ་མཐར་ཕྱིན་ཏེ་ཕྱིར་ཕ་ཡུལ་དུ་ལོག་སྐབས། སོ་སོའི་ཕ་མ་དང་བོད་རིགས་མང་ཚོགས་ལ་སྐད་བརྡ་འཕྲོད་ཐུབ་ཀྱི་མེད་པ་དང་། བོད་རང་གི་རིག་གནས་གོམས་སྲོལ་མཐའ་དག་ལ་རྒྱུས་མངའ་མེད་པ་དང་། བོད་མིའི་འདུ་ཤེས་མེད་པའི་རྒྱ་མིན་བོད་མིན་ཞིག་ཏུ་བསྒྱུར་ཡོད་པ་རེད།

ལྷག་པར་དུ་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་། བོད་རང་གི་སྐད་ཡིག་རིག་གནས་རྒྱུན་འཛིན་བྱེད་མཁན་སྒེར་བཙུགས་སློབ་གྲྭ་ཁག་མང་པོ་སྒོ་རྒྱག་པ་དང་། བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་ཐད་ཞབས་ཞུ་སྒྲུབ་མཁན་མང་པོར་ཆབ་སྲིད་ཀྱི་ནག་ཉེས་སྣ་ཚོགས་གཡོག་སྟེ་འཇུ་བཟུང་གིས་གར་སོང་ཆ་མེད་དང་བཙོན་འཇུག་ཁྲིམས་གཅོད་སོགས་བྱེད་བཞིན་ཡོད་པ་མ་ཟད། ཐ་ན། བོད་ཀྱི་སྐད་ཡིག་རིག་གནས་ལ་བསྟོན་བསྔགས་དང་། མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱའི་སྐོར་གྱི་གླུ་གཞས་གཏོང་མཁན་རྣམས་ཀྱང་འཇུ་བཟུང་བཙོན་འཇུག་བྱེད་ཀྱིན་ཡོད། རྒྱ་གཞུང་གིས་བོད་མིར་སོ་སོའི་སྐད་ཡིག་རིག་གནས་རྒྱུན་འཛིན་གྱི་ཁེ་དབང་བཙན་འཕྲོག་བྱེད་བཞིན་པའི་དཔེ་མཚོན་གསལ་ཤོས་ཤིག་ནི། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་བའི་གྲོང་ཁྱེར་ཟི་ལིང་དུ། བོད་རིགས་བྱིས་པ་ཁྲི་ ༣ ལ་སོ་སོའི་མི་རིགས་སྐད་ཡིག་སློབ་སྦྱོང་གི་གོ་སྐབས་མེད་སྟབས། བོད་རིགས་གནད་ཡོད་མགོ་ཁྲིད་དང་ལས་བྱེད། དགེ་རྒན། ཕ་མ་བཅས་ནས། ལོ་དུ་མའི་སྔོན་ནས་ས་གནས་རྒྱ་གཞུང་དང་མི་དམངས་འཐུས་མི་ཚོགས་ཆེན་སོགས་སུ་སྙན་ཞུ་རིམ་པར་ཕུལ་ཏེ། ཟི་ལིང་གྲོང་ཁྱེར་དུ་བོད་ཡིག་སློབ་ཆུང་ཞིག་འཛུགས་དགོས་པའི་རེ་འབོད་ཞུས་ཡོད་ཀྱང་། རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་ནས་ཟི་ལིང་གྲོང་ཁྱེར་གྱི་བོད་རིགས་བྱིས་པ་ཁྲི་ ༣ ལ་སོ་སོའི་སྐད་ཡིག་སློབ་པའི་གོ་སྐབས་མེད་པའི་དཀའ་ངལ་ཤེས་བཞིན་དུ་ད་ལྟའི་བར་སྣང་དུ་བཞག་ཡོད་པ་རེད།

མི་རིགས་རྩ་མེད་འགྲོ་མིན་དེ་མི་རིགས་དེའི་སྐད་ཡིག་དང་རིག་གནས་རྒྱུན་འཛིན་ཐུབ་མིན་ལ་ཐུག་ཡོད་པ་ལྟར། བོད་མི་རིགས་ལ་མཚོན་ནའང་སོ་སོའི་སྐད་ཡིག་དང་རིག་གནས་ནི་མི་རིགས་མུ་མཐུད་གནས་ཐུབ་མིན་གྱི་རྩ་བ་ཆགས་ཡོད། དེར་བརྟེན། རྒྱ་གཞུང་གིས་བོད་ཁུལ་གྱི་སློབ་གསོའི་བརྒྱུད་ལམ་ཁག་ལ་སྟངས་འཛིན་གྱིས་བོད་མི་རྣམས་ལ་བོད་ཡིག་སློབ་གཉེར་གྱི་གོ་སྐབས་ཆུང་དུ་གཏོང་བཞིན་པ་དེ་ནི། དོན་གྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་རྩ་བརླག་གཏོང་ཐབས་ཤིག་རེད།

བོད་ཀྱི་བྱིས་པ་རྣམས་ལ་སོ་སོའི་བོད་ཡིག་དེ་རྒྱའི་སྐད་ཡིག་གི་འགྲེལ་བཤད་ལམ་ནས་གོ་བརྡ་སྤྲོད་ཀྱིན་པའི་པར་རིས།
བོད་ཀྱི་བྱིས་པ་རྣམས་ལ་སོ་སོའི་བོད་ཡིག་དེ་རྒྱའི་སྐད་ཡིག་གི་འགྲེལ་བཤད་ལམ་ནས་གོ་བརྡ་སྤྲོད་ཀྱིན་པའི་པར་རིས།

སྤྱིར་བཏང་རྒྱ་གཞུང་གི་ <<རྩ་ཁྲིམས>> ནང་ “མི་རིགས་ཚང་མར་སོ་སོའི་སྐད་ཡིག་བེད་སྤྱོད་དང་དར་སྤེལ་གྱི་རང་དབང་ཡོད།” ཅེས་དང་། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།>> ནང་ “མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་སྡེ་ཁག་གིས་ས་གནས་ཀྱི་མི་རིགས་སོ་སོའི་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་སྤེལ་གྱི་རང་དབང་ལ་འགན་ལེན་བྱ་དགོས།” <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས།>> ནང་ “གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ནི། རྩ་ཁྲིམས་དང་མི་རིགས་རང་སྐྱོང་བཅའ་ཁྲིམས། དེ་བཞིན། གཞན་པའི་འབྲེལ་ཡོད་ཁྲིམས་ཡིག་གི་གཏན་འབེབས་བཅས་གཞི་རྩར་འཛིན་དགོས།” ཞེས་འཁོད་ཡོད་པ་མ་ཟད། རྒྱ་གཞུང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བའི་སྤེལ་བའི་ <<རྒྱལ་ཁབ་ཀྱི་དུས་ཡིན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་གཞིའི་རྩ་འཛིན།(༢༠༡༠ ནས་ ༢༠༢༠)>> ནང་དུའང་། “མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱད་དེ་སློབ་གསོ་མྱོང་བའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱ་དགོས།” ཞེས་འཁོད་ཡོད།

རྒྱལ་སྤྱིའི་སྐད་བརྡ་རིག་པའི་ཆེད་མཁས་པ་དང་ཉམས་ཞིབ་པ་མང་པོས། སློབ་ཕྲུག་རྣམས་ལ་ཤེས་ཚན་མཐའ་དག་མི་རིགས་སོ་སོའི་ཕ་སྐད་ནང་སློབ་སྦྱོང་དང་འགྲེལ་བཤད་སྐྱོན་པ་ཡིན་ན། སྐད་ཡིག་གཞན་པའི་ནང་སློབ་སྦྱོང་བྱས་པ་ལས་ལྡབ་འགྱུར་གྱིས་གོ་ག་ལེན་སླ་བ་དང་ཤེས་ཚད་ལེགས་པོ་འཐོན་གྱི་ཡོད་པ་དེ། རིག་པ་དང་སྒྲུབ་བྱེད་ཡང་དག་གི་ལམ་ནས་ངོ་སྤྲོད་དཔང་སྐྱེལ་བྱས་ཡོད་སྟབས། འཛམ་གླིང་རྒྱལ་ཁབ་དང་མི་རིགས་སོ་སོས་རང་ཉིད་ཀྱི་སྐད་ཡིག་ཐོག་ཤེས་ཚན་སྣ་ཚོགས་སློབ་སྦྱོང་སྤྲོད་བཞིན་ཡོད། རྒྱ་ནག་མི་རིགས་ཀྱིས་ཀྱང་རྒྱའི་སྐད་ཡིག་རང་གི་ཐོག་ནས་འཛམ་གླིང་གི་ཤེས་ཚན་དག་སློབ་སྦྱོང་སྤྲོད་ཀྱིན་ཡོད། དེར་བརྟེན། རྒྱ་གཞུང་གི་བོད་ནང་སྤེལ་བཞིན་པའི་སྐད་གཉིས་སློབ་གསོ་དེའང་། ངེས་པར་དུ་བོད་མི་རིགས་ཀྱི་ཕ་སྐད་གཙོ་བོར་བཟུང་བའི་ཐོག་ནས་སློབ་སྦྱོང་སྤྲོད་པའི་ལམ་ལུགས་ཤིག་ཡིན་དགོས།

ཡིན་ནའང་། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རྗེས་ལུས་ཡིན་པ་དང་ཐ་སྙད་ཀྱིས་མི་འདང་བ་སོགས་ལ་ཁ་གཡར་ཏེ་རྒྱའི་སྐད་ཡིག་ཐོག་ཤེས་ཚན་གཞན་དག་སློབ་ཁྲིད་ཀྱི་ཐབས་ཤེས་གཏོང་གིན་ཡོད། དོན་དངོས་ཐོག་བོད་ཡིག་ནི་འཛམ་གླིང་སྐད་བརྡ་རིགས་པའི་ཁྱབ་ཁོངས་ནས། སྐད་ཡིག་གི་དོན་སྟོན་པའི་ནུས་པ་ལེགས་ཤོས་ཀྱི་སྐད་ཡིག་ཅིག་ཏུ་ཡོངས་གྲགས་ངོས་འཛིན་ཐོབ་ཡོད། དེ་བཞིན། འཛམ་གླིང་གི་དེང་རབས་རིག་ཚན་མང་པོ་ཞིག་ཐོག་མ་ཉིད་ནས་སྐད་ཡིག་སོ་སོའི་ཆ་ཚང་ཡོད་པ་ཞིག་མ་ཡིན་པར། སྐད་ཡིག་སོ་སོའི་ནང་རིག་ཚན་རྣམས་ཕབ་བསྒྱུར་དང་། ཆེད་སྤྱོད་ཀྱི་བརྡ་དང་ཐ་སྙད་གསར་རྩོམ་སོགས་ལ་བརྟེན་ནས་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་རེད། དཔེར་ན། རྒྱ་ཡིག་གི་ནང་དུའང་འཛམ་གླིང་གི་རིག་ཚན་མཐའ་དག་ཐོག་ནས་ཡོད་པ་མ་ཡིན་པར། རིམ་པས་ཕབ་བསྒྱུར་དང་ལེགས་བཅོས་བྱས་པ་ལ་བརྟེན་ནས་བྱུང་བ་རེད།

དེར་བརྟེན་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་ཨང་རྩིས་ཀྱིས་མཚོན་པའི་རིག་ཚན་གཞན་དག་སློབ་སྦྱོང་སྤྲོད་དུ་བཀག་འགོག་བྱ་ཆེད། བོད་ཀྱི་སྐད་ཡིག་ནི་རྗེས་ལུས་ཀྱི་སྐད་ཡིག་ཅིག་ཡིན་སྐོར་དྲིལ་སྒྲོག་བྱེད་བཞིན་པ་དེས། རྒྱ་གཞུང་གིས་ནམ་རྒྱུན་སྒྲོག་གིན་པའི་བོད་ཁུལ་གྱི་རིག་གནས་སློབ་གསོ་ཡར་རྒྱས་ཟེར་བ་དེ་ཕན་གང་ཡང་ཐོགས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་རྒྱ་བོད་མི་རིགས་གཉིས་དབར་ཕན་ཚུན་དབྱེ་འབྱེད་ཀྱི་འདུ་ཤེས་དང་འགལ་ཟླ་སྔར་བའི་ཤུགས་རུ་གཏོང་བཞིན་ཡོད།

དེར་བརྟེན། རྒྱ་གཞུང་གིས་བོད་དུ་སྤེལ་བཞིན་པའི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་འདི་རིགས་ནི། རྒྱ་གཞུང་རང་ཉིད་ཀྱིས་ཁས་ལེན་མིང་རྟགས་འཁོད་ཡོད་པའི་ <<ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་།>> དང་། <<བྱིས་པའི་ཐོབ་ཐང་རྒྱལ་སྤྱིའི་སྤྱི་ཆིངས།>> <<དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས།>> <<རིགས་རུས་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས།>> དེ་བཞིན། <<སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས།>> བཅས་རྩིས་མེད་བཏང་བ་ཞིག་ཡིན་པ་མ་ཟད། རྒྱ་གཞུང་རང་ཉིད་ཀྱི་ <<རྩ་ཁྲིམས>> དང་ <<མི་རིགས་རང་སྐྱོང་བཅའ་ཁྲིམས།>> ཀྱིས་མཚོན་པའི་ཁྲིམས་སྒྲིག་ཁག་གི་ཁས་ལེན་དམ་བཅའ་དང་རྒྱབ་འགལ་ཆགས་ཡོད།

དེ་བས། འདི་ག་ལྟེ་གནས་ཁང་གི་ངོས་ནས། མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པ་ཚོགས་སྡེ། འབྲེལ་ཡོད་མི་སྒེར་བཅས་ནས། རྒྱ་གཞུང་གིས་བོད་ནང་སྤེལ་བཞིན་པའི་སློབ་གསོའི་ལམ་ལུགས་དང་། ཆབ་སྲིད་དང་དཔལ་འབྱོར་བཅས་ཀྱི་སྲིད་ཇུས་སོགས་ཀྱི་ཐད་ཞིབ་འཇུག་ཡང་དག་བྱས་ཐོག བོད་ནང་སྤེལ་བཞིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་དེ་མཚམས་འཇོག་ཆེད། དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།