06/04/2020

ཨ་མཆོག་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་རྒྱ་གཞུང་གིས་ཁྲིམས་འགལ་དྲག་རྡུང་།

  •   
  •  
  •  
  •  
  •  
  •  
  •  

achok3-300x169རྒྱ་གཞུང་གིས་བོད་མདོ་སྨད་ཨ་མཆོག་ས་ཆའི་གོང་སྔོན་བླ་རིར་ལོ་མང་རིང་གཏེར་ཁ་བསྔོག་འདོན་གྱིས་རང་བྱུང་ཁོར་ཡུག་རྩ་གཏོར་དང་། ཨ་མཆོག་མི་དམངས་ཀྱི་དད་མོས་ལ་དོ་ཕོག་དང་། སྤྱི་ཚོགས་འཆམ་མཐུན་ལ་གནོད་སྐྱོན་བཟོས་པར་བརྟེན། ཉེ་ཆར་ཨ་མཆོག་མང་ཚོགས་ཀྱིས་གཏེར་ཁ་བསྔོག་མཚམས་འཇོག་དགོས་པའི་ཞི་བའི་ངོ་རྒོལ་བྱས་ཡོད་ཀྱང་། རྒྱ་གཞུང་གིས་དམག་མི་མང་པོ་ཆེད་གཏོང་གིས་མང་ཚོགས་ལ་དྲག་རྡུང་བྱས་ཏེ་གནས་ཚུལ་ཧ་ཅང་ཛ་དྲག་ཆགས་བཞིན་ཡོད་འདུག

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། རྒྱ་ནག་ཀན་སུའུ་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཨ་མཆོག་ཞང་གི་ས་ཆར་ཡོད་པའི་ཨ་མཆོག་ཚོ་བ་བརྒྱད་ཀྱི་བླ་རི་གོང་སྔོན་དུ། རྒྱ་གཞུང་གིས་འདས་པའི་ལོ་བཅུ་གྲངས་ལྷག་གི་རིང་གཏེར་ཁ་བསྔོག་འདོན་བྱས་རྐྱེན། གཅིག་ནས་གཏེར་ཁ་བསྔོག་འདོན་གྱི་རྐྱེན་པས། ཁོར་ཡུག་ལ་གནོན་སྐྱོན་ཐེབས་ཏེ་གཏེར་ཁའི་ཉེ་ཁུལ་དུ་གནས་པའི་ས་གནས་མང་ཚོགས་ཀྱི་བདེ་ཐང་དང་འཚོ་གནས་ལ་དཀའ་ངལ་འཕྲད་ཀྱིན་ཡོད། གཉིས་ནས་གཏེར་ཁ་བསྔོག་འདོན་གྱི་རྐྱེན་པས། ཨ་མཆོག་ཚོ་བ་བརྒྱད་ཀྱི་བླ་རི་གཉན་ཆེན་གོང་སྔོན་བཙག་རལ་ཏུ་བཏང་ནས་ས་གནས་མང་ཚོགས་ཀྱི་དད་མོས་ལ་དོ་ཕོག་ཚབ་ཆེན་བཟོས་ཡོད། གསུམ་ནས་གཏེར་ཁ་བསྔོག་འདོན་གྱི་རྐྱེན་པས། གཏེར་ཁའི་ཉེ་འདབས་ཀྱི་སྡེ་བ་དང་ཁྱིམ་ཚང་ཁག་ཅིག་ལ་རྒྱ་གཞུང་གིས་ལྐོག་དངུལ་སྤྲད་དེ་གཏེར་ཁ་བསྔོག་རྒྱུར་རྒྱབ་སྐྱོར་ཡོང་ཐབས་བྱས་པར་བརྟེན། ཨ་མཆོག་ཚོ་བརྒྱད་ཀྱི་ནང་ཁུལ་དུ་མི་མཐུན་པའི་རྩོད་རྙོག་བྱུང་སྟེ་སྤྱི་ཚོགས་འཆམ་མཐུན་ལ་གཏོར་སྐྱོན་བཟོས་པ་བཅས་ཀྱི་རྐྱེན་པས། ཨ་མཆོག་མང་ཚོགས་ཀྱིས་འབྲེལ་ཡོད་ས་གནས་སྲིད་གཞུང་ལ་གཏེར་ཁ་བསྔོག་འདོན་མཚམས་འཇོག་དགོས་པའི་ཞུ་གཏུགས་རིམ་པས་བྱས་ཀྱང་། རྒྱ་གཞུང་གིས་མང་ཚོགས་ཀྱི་རེ་འདུན་ཡ་མེད་བཏང་བར་བརྟེན། ཉེ་ཆར་ཨ་མཆོག་ཚོ་བ་བརྒྱད་ཀྱི་མང་ཚོགས་འདུ་འཛོམས་ཐོག་གཏེར་ཁ་བསྔོག་འདོན་མཚམས་འཇོག་དགོས་པའི་ཞི་བའི་ངོ་རྒོལ་གནང་ཡོད་པ་རེད།

དེའང་ཨ་མཆོག་ཚོ་བ་བརྒྱད་ཀྱི་མང་ཚོགས་རང་མོས་ཐོག་གཏེར་ཁ་བསྔོག་འདོད་ལ་བཀག་འགོག་བྱ་རྒྱུར་མཚན་རྟགས་བཀོད་ཐོག ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ ཉིན་ཨ་མཆོག་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྣེ་ཁྲིད་འོག ཨ་མཆོག་བདེ་མོ་ཐང་དུ་མང་ཚོགས་འདུ་འཛོམས་ཀྱིས་ལྷ་བསང་བཏང་རྗེས། “ཨ་མཆོག་གོང་སྔོན་བླ་རིའི་གཏེར་ཁ་སྔོན་འགོག” ཅེས་པའི་འཕྲེད་འཕྱར་ཏེ། གཏེར་ཁ་བསྔོག་འདོན་བྱ་ཡུལ་ས་གནས་བར་ཞི་བའི་ངོ་རྒོལ་གོམ་བགྲོད་ཡོད་པ་རེད། སྐབས་དེར་རྒྱ་གཞུང་ཉེན་རྟོག་པའི་རླངས་འཁོར་མང་པོ་གཏེར་ཁ་བསྔོག་ཡུལ་དུ་ཡོང་ནས་མང་ཚོགས་ཀྱི་མདུན་བཀག་ཡོད་འདུག དེ་དུས་མང་ཚོགས་ཀྱི་མགྲིན་ཚབ་མི་སྣས་ལག་ཏུ་རྒྱ་གཞུང་རྩ་ཁྲིམས་ཀྱི་དེབ་བཟུང་སྟེ། ཁོར་ཡུག་སྲུང་སྐྱོབ་དང་གཏེར་ལས་མཚམས་འཇོག་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་ཐོག མང་ཚོགས་ཀྱིས་ཉིན་གང་པོར་དེ་གར་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་བྱས་ཡོད་འདུག ཕྱི་ཟླ་ ༦ ཚེས་ ༡ ཉིན་ཡང་སྔར་ཉིན་མཚུངས་པར་བདེ་མོ་ཐང་ནས་གཏེར་ཁ་བསྔོག་ཡུལ་བར་སྐད་འབོད་གོམས་བགྲོད་ཐོག ཉིན་གང་པོར་ཞི་བའི་འདུ་འཛོམས་ངོ་རྒོལ་བྱས་ཡོད་འདུག

རྒྱ་གཞུང་དྲག་ཆས་ཉེན་རྟོག་དམག་མིས་རུ་སྒྲིག་སྟེ་མང་ཚོགས་ལ་འཇིགས་སྐུལ་དྲག་རྡུང་སྟ་གོན་བྱེད་བཞིན་པ།
རྒྱ་གཞུང་དྲག་ཆས་ཉེན་རྟོག་དམག་མིས་རུ་སྒྲིག་སྟེ་མང་ཚོགས་ལ་འཇིགས་སྐུལ་དྲག་རྡུང་སྟ་གོན་བྱེད་བཞིན་པ།

ཕྱི་ཚེས་ ༢ ཉིན་ཁུལ་དང་རྫོང་གི་དཔོན་རིགས་རྣམས་ཨ་མཆོག་གྲོང་རྡལ་དུ་ལྟ་སྐྱོར་ལ་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་སྟེ། དཀའ་སྡུག་རྣམས་གོང་རིམ་དཔོན་རིགས་ལ་ཞུ་གཏུགས་ཆེད། ཨ་མཆོག་མི་དམངས་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཐོག བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ “ཨ་མཆོག་གོང་སྔོན་བླ་རིའི་གཏེར་ཁ་སྔོག་འགོག” ཅེས་པའི་འཕྲེད་དར་འཕྱར་ཏེ། “གཏེར་ཁ་མཚམས་འཇོག་དགོས། བླ་རི་སྲུང་སྐྱོབས་དགོས། ཁོར་ཡུག་སྲུང་སྐྱོབ་དགོས། མི་དམངས་ལ་བདེ་འཇགས་དགོས།” ཞེས་འབོད་ཚིག་སྒྲོག་བཞིན། གཏེར་ཁ་བསྔོག་ཡུལ་ནས་ས་གནས་གྲོང་རྡལ་སྲིད་གཞུང་གི་ལས་ཁུངས་བར་ཞི་བའི་སྐད་འབོད་གོམ་བགྲོད་བྱས་ཡོད་འདུག ཡིན་ནའང་། ཁུལ་དང་རྫོང་ནས་སླེབས་པའི་དཔོན་རིགས་ཚོ་ཐུག་བཅུག་མེད་པ་མ་ཟད། དམག་མིའི་སྐྱེལ་འདྲེན་རླངས་འཁོར་མང་པོ་རྫོང་ནས་ཨ་མཆོག་གྲོང་རྡལ་དུ་འབྱོར་ཞིང་། དྲག་ཆས་སྤྲོས་པའི་ཉེན་རྟོག་དམག་མི་རུ་དཔུང་མང་པོ་གྲོང་རྡལ་གྱི་ཉེན་རྟོག་ལས་ཁུངས་ནང་སླེབས་རྗེས། རུ་སྒྲིག་ནས་རྔམ་རྔམ་རྫིག་རྫིག་གིས་མང་ཚོགས་ལ་འཇིགས་སྐུལ་བྱས་ཡོད་པ་དང་། ཕྱི་དྲོ་ཞི་རྒོལ་བ་གཉིས་འཇུ་བཟུང་བཙན་འཁྲིད་བྱས་པའི་གནས་ཚུལ་བྱུང་ཡོད་སྟབས། ཞི་རྒོལ་རྣམས་ཀྱིས་ཕྱི་ཉིན་བདེ་མོ་ཐང་མང་ཚོགས་འདུ་འཛོམས་བྱ་རྒྱུ་ཐག་གཅོད་བྱས་ཡོད་འདུག

ཕྱི་ཚེས་ ༣ ཉིན་ས་གནས་མང་ཚོགས་རྣམས་བདེ་མོ་ཐང་དུ་འདུ་འཛོམས་སྐབས། རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པ་མང་པོ་བཏང་སྟེ། མང་ཚོགས་ལ་གཅར་རྡུང་བྱས་ཏེ་ཞི་རྒོལ་བ་མི་དྲུག་ལ་རྨས་སྐྱོན་བཟོས་ཐོག ཁོང་ཚོ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག དེའི་ཁྲོད་ནས་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་མྱུར་སྐྱོབ་བྱ་དགོས་བྱུང་ཡོད་འདུག སྐབས་དེར་མང་ཚོགས་ཀྱི་ངོས་ནས་ཞི་བ་རང་གི་སྒོ་ནས་ལས་འགུལ་སྤེལ་དགོས་པའི་རྩ་འཛིན་བྱས་ཏེ། ཕྱིར་རྒྱ་གཞུང་ཉེན་རྟོག་པར་ཡ་ལན་འཁྲུག་འཛིང་གང་ཡང་བྱས་མེད་པ་རེད། དེར་མ་ཟད་རྒྱ་གཞུང་གིས་ཨ་མཆོག་གྲོང་རྡལ་གྱི་སྲང་ལམ་གང་སར་དྲག་ཆས་ཉེན་རྟོག་དམག་མི་འབོར་ཆེན་བཀྲམས་ཏེ། མང་ཚོགས་ཀྱི་འགྲོ་བསྐྱོད་ལ་ལྟ་རྟོགས་བཀག་སྡོམ་བྱས་ཡོད་པ་རེད།

སྔ་ཕྱིར་གཅར་རྡུང་འཇུ་བཟུང་བྱས་པའི་མི་བརྒྱད་ཀྱི་གྲས་ནས། མི་ལྔའི་མིང་ཤེས་རྟོགས་བྱུང་ཡོད་པ་དག་ནི། ཨ་མགོན་སྡེ་བའི་ཚེ་དབང་སྐྱབས་དང་། ཁིས་དམར་སྡེ་བའི་བསྟན་རྒྱས། ཝ་སྣ་སྡེ་བའི་གནམ་སྐྱབས། ཉི་མ་ལུང་སྡེ་བའི་དོན་གྲུབ་དང་རྟ་མགྲིན་སྐྱབས་བཅས་ཡིན་འདུག ཞི་བའི་ལུས་འགུལ་བ་རྣམས་ལ་དྲག་རྡུང་བྱས་པའི་གནས་ཚུལ་དེ་བྱུང་རྗེས། ཨ་མཆོག་ཚོ་བ་བརྒྱད་ཀྱི་མང་ཚོགས་རྣམས་ས་གནས་རྒྱ་གཞུང་གི་བྱེད་བབ་དེར་བློ་ཕམ་ཆེན་པོ་བྱུང་སྟེ། ཕྱི་ཉིན་ཨ་མཆོག་ཚོ་བ་བརྒྱད་ཀྱི་ཁྱིམ་ཚང་རེ་ནས་མི་རེ་བདེ་མོ་ཐང་དུ་འཛོགས་རྒྱུ་བྱས་ཡོད་འདུག

དེ་བཞིན། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཨ་མཆོག་ཚོ་བ་བརྒྱད་ཀྱི་མི་ ༢༠༠༠ ལ་ཉེ་བ་བདེ་མོ་ཐང་དུ་འཛོམས་ཐོག ཚོ་བ་བརྒྱད་ཀྱི་རྒན་པོ་དང་རུ་ཆེན་ཁག་གི་རུ་དཔོན། སྡེ་བ་སོ་སོའི་འཐུས་ཚབ་མི་སྣ་དག་ཟུར་དུ་ཚོགས་ནས་གྲོས་བསྡུར་བྱས་མཐར། བླ་རི་གོང་སྨོན་གྱི་གཏེར་ཁ་སྔོན་འགོག་བྱ་རྒྱུར་མང་ཚོགས་ལ་རང་མོས་ཀྱི་སྒོ་ནས་ཁས་ལེན་མིང་རྟགས་བཀོད་བཅུག་སྟེ། བླ་རི་དང་ཁོར་ཡུག་སྲུང་སྐྱོབ་ཆེད་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུར་མང་ཚོགས་ནས་མོས་མཐུན་ཐོབ་ཡོད་འདུག ཉིན་རྒྱབ་ཆུ་ཚོད་གཉིས་པ་ཙམ་ལ་རྒྱ་གཞུང་གིས་བླ་མ་དབལ་མང་ཚང་དང་དགོན་པའི་དོ་དམ་ཁང་གི་མི་སྣ་རྣམས། དགོན་པའི་དགེ་བཤེས་ཆེ་ཁག་ཁ་ཤས་བཅས་དགེ་འདུན་པ་སུམ་ཅུར་ཉེ་བ་བཏང་སྟེ། མང་ཚོགས་ཀྱི་འདུ་འཛོམས་ལས་འགུལ་མཚམས་འཇོག་ཡོང་ཐབས་བྱས་འདུག

མང་ཚོགས་ཀྱིས་གོང་སྔོན་བླ་རིའི་གཏེར་ཁ་བསྔོག་འདོན་བྱ་ཡུལ་དུ་ཞི་བའི་འདུ་འཛོམས་ངོ་རྒོལ་བྱེད་བཞིན་པ།
མང་ཚོགས་ཀྱིས་གོང་སྔོན་བླ་རིའི་གཏེར་ཁ་བསྔོག་འདོན་བྱ་ཡུལ་དུ་ཞི་བའི་འདུ་འཛོམས་ངོ་རྒོལ་བྱེད་བཞིན་པ།

སྐབས་དེར་བླ་མ་དབལ་མང་ཚང་དང་དགེ་འདུན་རྣམས་ཀྱིས་མང་ཚོགས་ལ་ཞི་རྒོལ་མཚམས་འཇོག་དགོས་པ་དང་། ལས་འགུལ་མཚམས་འཇོག་བྱས་ཏེ་འཛིན་བཟུང་བྱས་པ་རྣམས་ཕྱིར་གློད་གྲོལ་གཏོང་རྒྱུ་ཁག་ཐེག་ཐུབ་སྐོར་བརྗོད་ཡོད་ཀྱང་། ས་གནས་མང་ཚོགས་ཀྱི་ངོས་ནས་གནད་དོན་གཙོ་བོ་ནི། གཏེར་ཁ་བསྔོག་འདོན་བྱ་རྒྱུ་མཚམས་འཇོག་དགོས་པ་དེ་ཡིན་པ་ལས། གནས་སྐབས་འཇུ་བཟུང་ཐེབས་པ་རྣམས་ཕྱིར་གློད་རྒྱུ་དེ་མིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག མཐར་ཕྱི་དྲོ་ཆུ་ཚོད་བཞི་ལྔ་ཙམ་ལ་འཛིན་བཟུང་ཐེབས་མཁན་རྣམས་ཕྱིར་གློད་རྒྱུ་ཁག་ཐག་བྱས་ཐོག ཡུལ་མི་རྒན་པོ་ཚོས་ཁ་ལ་དང་འབོད་སྐུལ་ལྟར། མང་ཚོགས་རྣམས་ཕྱིར་རང་ཁྱིམ་དུ་ལོག་བཅུག་ཡོད་པ་དང་། རྒྱ་གཞུང་གིས་འཛིན་བཟུང་བྱས་ཟིན་པའི་མི་བརྒྱད་པོའི་ནང་མི་རྣམས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་སོང་ནས་གློད་གྲོལ་བར་སྒུག་སྡོད་བྱས་ཀྱང་། རྒྱ་གཞུང་འབྲེལ་ཡོད་མི་སྣ་དག་གིས་འཛིན་བཟུང་བྱས་པའི་མི་བརྒྱད་ལས་མི་དྲུག་ཉིན་དེར་གློད་གྲོལ་གཏོང་རྒྱུ་ཡིན་པ་དང་། མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས་གློད་གྲོལ་གཏོང་མི་ཐུབ་པ་སོགས། སྐད་ཆ་ཡར་བཤད་མར་བཤད་སྣ་ཚོགས་བྱས་ཏེ་དུས་ཐོག་གློག་གྲོལ་མ་བཏང་བར་མཚན་གུང་བར་ལྷག་ཡོད་འདུག མཐར་དུས་ཚོད་མནར་འགྱངས་ཐོག་ཁོང་ཚོ་རིམ་པས་ཕྱིར་གློད་ཡོད་འདུག ཡིན་ནའང་། ཨ་མཆོག་མང་ཚོགས་ཀྱི་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་དམིགས་ཡུལ་གཙོ་བོ་ནི། བླ་རི་གོང་སྔོན་གྱི་གཏེར་ཁ་སྔོན་འགོག་བྱ་རྒྱུ་ཡིན་སྟབས། ཕྱི་ཚེས་ ༥ ཉིན་ཡང་མང་ཚོགས་རྣམས་བདེ་མོ་ཐང་དུ་བསྐྱར་དུ་འདུ་འཛོམས་བྱས་ཡོད་པ་དང་། རྒྱ་གཞུང་གིས་བོད་མི་ཞི་བའི་ལས་འགུལ་བ་ཚོར་གཅར་རྡུང་བྱས་པའི་བྱ་སྤྱོད་དེ་ལ་བརྟེན་ནས། བདེ་མོ་ཐང་དུ་ཞི་བའི་འདུ་འཛོམས་ཀྱི་མི་འབོར་མང་རུ་འགྲོ་བཞིན་ཡོད་འདུག

ཞི་བའི་སྐད་འབོད་གོམ་བགྲོད་སྐབས་བོད་མི་ན་གཞོན་ཞིག་གི་ལག་བཟུང་བའི་འཕྱར་དར་སྟེང་དུ། “བླ་རི་ནི་ང་ཚོའི་དད་མོས་ཡིན། དད་མོས་ལ་རྡོག་བརྫིས་གཏོང་མི་ཆོག མཛེས་སྡུག་ལྡན་པའི་ཁོར་ཡུག་གི་བདག་པོ་མི་དམངས་ཡིན་ལ་རྒྱལ་ཁབ་ཡང་ཡིན། གཏེར་ཁ་བསྔོག་འདོན་རྩ་ཁྲིམས་དང་འགལ། མི་སེམས་དང་འགལ། སའི་གོ་ལའི་སྲུང་སྐྱོབ་དང་ཡང་འགལ། ང་ཚོ་ལ་སྒོར་མོ་མི་དགོས། བླ་རི་དང་ཁོར་ཡུག་གཙང་མ་ཞིག་དགོས། ཡུལ་བདེ་ན་མི་བདེ། མི་བདེ་ན་སེམས་བདེ། སེམས་བདེ་ན་འཆམ་མཐུན་ཡོད།” སོགས་བྲིས་ཡོད་པ་རེད། དེ་བཞིན། གནས་ཚུལ་འདི་དང་འབྲེལ་བའི་པར་དང་བརྙན་རིས་ཁག་ཅིག་ཐོན་ཡོད་པའི་ནང་དུའང་། རྒྱ་གཞུང་གིས་གཏེར་ཁ་བསྔོག་ཡུལ་དང་ཨ་མཆོག་གྲོང་རྡལ་གྱི་སྲང་ལམ་ཁག་ཏུ་དྲག་ཆས་སྤྲས་པའི་དམག་མི་ཕོན་ཆེན་འགྲེམས་འཇོག་གིས་བཀག་སྡོམ་བྱས་ཡོད་པ་གསལ་བོ་མཐོང་ཐུབ་པ་དང་། ས་གནས་མང་ཚོགས་ཀྱིས་ཞི་བ་ཁོ་ནས་སྒོ་ནས་སྐད་འབོད་གོམ་བགྲོད་དང་མང་ཚོགས་ཀྱི་མངོན་འདོད་ཞུ་གཏུགས་བྱེད་ཀྱིན་པ་མ་ཟད། རྒྱལ་ཁབ་ཀྱི་ཁྲིམས་ཡིག་ཁག་ལག་ཏུ་བཟུང་སྟེ་ཁོ་ཚོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་དེ་ཁྲིམས་མཐུན་ཡིན་པ་ས་གནས་ཉེན་རྟོག་པར་འགྲེལ་བརྗོད་བྱེད་བཞིན་པའི་སྐོར་ཀྱང་གསལ་བོར་མཐོང་ཐུབ་ཀྱི་འདུག

ཡིན་ནའང་། ཕྱི་ཚེས་ ༣ ཉིན་ས་གནས་ཨ་མཆོག་གྲོང་རྡལ་སྲིད་གཞུང་གིས་ཐེལ་ཙེ་སྐྱོན་པའི་བསྒྲགས་ཡིག་ཅིག་སྤེལ་ཡོད་པའི་ནང་། མང་ཚོགས་ཀྱི་དཀའ་སྡུག་ལ་ཉན་འཇོག་བྱ་རྒྱུ་ལས་ལྡོག་སྟེ། མང་ཚོགས་ཀྱི་ཞི་བའི་སྐད་འབོད་དེ་ནི་ལྐོག་གཡོ་ཅན་རེ་ཟུང་གིས་གོང་སྔོན་བླ་རུ་དང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས། ཁྲིམས་འགལ་ཐོག་ནས་མང་ཚོགས་སྐོར་ཅིག་འདུ་འཛོམས་བྱེད་བཅུག་སྟེ། ནག་ལྡང་གསེར་གཏེར་རྒྱུན་ལྡན་ཐོན་སྐྱེལ་ལ་བར་ཆད་བཟོས་པ་ཞིག་ཡིན་ཚུལ། དོན་དངོས་དང་མི་མཐུན་པའི་ལོག་འགྲེལ་བརྒྱབ་ཡོད་པ་མ་ཟད། རྒྱ་ནག་ལ་རྒོལ་མཁན་ཕྱིའི་རྒྱལ་ཁབ་ཀྱི་དཔུང་ཤུགས་དང་ངན་འབྲེལ་ཡོད་སྐོར་གྱི་ཆབ་སྲིད་ནག་ཉེས་གཡོགས་ཐབས་བྱས་ཡོད། ད་དུང་། ཞི་བའི་འདུ་འཛོམས་དེར་མཉམ་ཞུགས་བྱས་ཚེ་མཇུག་འབྲས་མཐའ་དག་རང་ཉིད་ཀྱིས་འཁུར་དགོས་པའི་འཇིགས་སྐུལ་ཡང་བྱས་ཡོད་པ་རེད།

རྒྱ་གཞུང་གིས་གོང་སྔོན་བླ་རིའི་གཏེར་ཁ་བསྔོག་ནས་ཁོར་ཡུག་གཏོར་བསྐྱོན་བཟོས་ཡོད་པའི་ཡུལ་དངོས་རྣམ་པ།
རྒྱ་གཞུང་གིས་གོང་སྔོན་བླ་རིའི་གཏེར་ཁ་བསྔོག་ནས་ཁོར་ཡུག་གཏོར་བསྐྱོན་བཟོས་ཡོད་པའི་ཡུལ་དངོས་རྣམ་པ།

སྤྱིར་ཨ་མཆོག་གོང་སྔོན་བླ་རིར་གཏེར་ཁ་བསྔོག་བྱས་ཏེ་ལོ་བཅུ་གྲངས་ལྷག་ཕྱིན་ཡོད་པ་དང་། དེ་སྔོན་ཡང་ས་གནས་མང་ཚོགས་ཀྱིས་སྲུང་སྐྱོབ་ཆེད་ཞི་བའི་ངོ་རྒོལ་རིམ་པར་བྱུང་ཡོད་པ་རེད། དཔེར་མཚོན་ཙམ་བརྗོད་ན། ད་ལྟའི་བར་ཨ་མཆོག་ས་ཆར་བོད་མི་རང་ལུས་མེར་བསྲེག་གནང་མཁན་ ༧ བྱུང་ཡོད་པ་དང་། དེའི་ཁྲོད་དུ་རང་ལོ་ ༡༨ ཡིན་པའི་བོད་མི་དཀོན་མཆོག་ཚེ་རིང་དང་། རང་ལོ་ ༣༥ ཡིན་པའི་བོད་མི་ཚེ་རིང་དོན་འགྲུབ་གཉིས་ནས། ཨ་མཆོག་བླ་རིའི་གཏེར་ཁ་བསྔོག་ཡུལ་དུ་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་ཡོད་པ་མ་ཟད། རང་ལུས་མེར་བསྲེགས་གནང་མཁན་ཨ་མཆོག་དགོན་པའི་རང་ལོ་ ༤༡ ཡིན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོས་ཞལ་ཆེམས་ཡི་གེའི་ནང་དུ། “བོད་མི་ས་ཡ་དྲུག་གི་གི་སྡུག་བསྔལ་འདི་སུ་ལ་ཞུ། རྒྱ་ནག་པོའི་ཁྲིམས་ཁ་བཙན་པོས།། གསེར་དངུལ་གྱི་བང་མཛོད་ཁྱེར་ཐལ།། འབངས་མི་སེར་སྡུག་ལ་སྦྱོར་གི། འདི་བསམ་ན་མིག་ཆུ་ལྷུང་གི།” ཞེས་བྲིས་ཡོད་པ་རེད།

བོད་ཀྱི་ས་ཁུལ་གཞན་མང་པོའི་ནང་རྒྱ་གཞུང་གིས་གཏེར་ཁ་བསྔོག་འདོན་གྱིས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བར་བརྟེན་ནས། ས་གནས་བོད་མིས་ཞི་བའི་ངོ་རྒོལ་བྱས་དང་བྱེད་བཞིན་པའི་གནས་ཚུལ་མང་པོ་བྱུང་དང་འབྱུང་བཞིན་ཡོད། ཕྱི་ལོ་ ༢༠༡༣ ལོར་ཁམས་ཡུལ་ཤུལ་རྫ་སྟོད་དུ་རྒྱ་མི་གཏེར་བརྐོ་བ་ ༥༠༠ ཙམ་འབྱོར་ཏེ་གཏེར་ཁ་བརྐོ་རྩིས་བྱེད་སྐབས། ས་གནས་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་བྱས་པར། རྒྱ་གཞུང་གིས་མང་ཚོགས་མིག་སྦྲིད་དུག་རླངས་བརྒྱབ་པ་དང་དྲག་རྡུང་བྱས་ཡོད་པ་མ་ཟད་མི་མང་པོ་འཇུ་བཟུང་བྱས་ཡོད། ཕྱི་ལོ་ ༢༠༡༤ ལོར་ལྷ་ས་གྲོང་ཁྱེར་ལྷུན་འགྲུབ་རྫོང་དུའང་ཁོར་སྲུང་སྐྱོབ་ཆེད་ཞི་བའི་ངོ་རྒོལ་བྱས་པར་བརྟེན་ནས། བོད་མི་དྲུག་ལ་ལོ་ ༨ ནས་ ༡༢ བར་གྱི་ཁྲིམས་ཐག་བཅད་ཡོད། དེ་བཞིན། རྒྱ་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་འགྲུབ་ལགས་ལ་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས། ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་བོད་རིགས་མང་ཚོགས་དང་མི་སྒེར་སུ་ཡིན་ཡང་། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་སྣ་ཚོགས་བཙན་འགེལ་གྱིས་གང་བྱུང་དྲག་གནོན་དང་འཇུ་བཟུང་བཙོན་འཇུག་བྱེད་ཀྱིན་ཡོད།

མ་གཞི། རྒྱ་གཞུང་གིས་ཕྱི་ལོ་ ༡༩༨༩ ལོར་ <<ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས>> གཏན་འབེབ་དང་ ༢༠༡༤ ལོར་བཅའ་ཁྲིམས་དེར་བསྐྱར་བཅོས་ཐོག ནམ་རྒྱུན་ཁོར་ཡུག་སྲུང་བྱ་རྒྱུ་གལ་ཆེན་ཏུ་འཛིན་བཞིན་པའི་རྣམ་པ་བསྟན་ཡོད་པ་རེད། ལྷག་པར་དུ་བཅའ་དེའི་དོན་ཚན་དང་པོའི་ནང་། ཁོར་ཡུག་ཡར་རྒྱས་དང་སྲུང་སྐྱོབ། འབོག་བཙོག་དང་སྤྱི་བར་གནོད་པ་རྣམས་བཀག་སྡོམ། མང་ཚོགས་ཀྱི་བདེ་ཐང་འགན་ལེན། སྐྱེས་ཁམས་འཛུགས་བསྐྲུན་ཡར་རྒྱས་སོགས་ལ་དམིགས་ནས་བཅའ་ཁྲིམས་དེ་གཏན་འབེབ་བྱས་པ་ཞིག་ཡིན་པ་བརྗོད་ཡོད་པ་རེད།

ལྷག་པར་དུ་དོན་ཚན་བཞི་པའི་ནང་དུ་ “ཁོར་ཡུག་སྲུང་སྐྱོབ་ནི་རྒྱལ་ཁབ་གྱི་གཞི་རྩའི་ལངས་ཕྱོགས” ཡིན་པ་དང་། དོན་ཚན་དྲུག་པའི་ནང་ “ལས་ཁུངས་དང་མི་སྒེར་ཚང་མར་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་ཡོད།” དོན་ཚན་ལྔ་གསུམ་པའི་ནང་ “སྤྱི་དམངས་དང་ཁྲིམས་མི། གཞན་པའི་ཚོགས་སྡེ་བཅས་ལ་ཁྲིམས་ལྟར་ཁོར་ཡུག་གི་གནས་ཚུལ་ཤེས་རྟོགས་དང་། ཁོར་ཡུག་སྲུང་སྐྱོབ་ཁྲོད་མཉམ་ཞུགས་དང་ལྟ་རྟོགས་ཀྱི་ཁེ་དབང་ཡོད།” ཅེས་འཁོད་ཡོད་པ་རེད།

ཡིན་ནའང་། རྒྱ་གཞུང་གིས་ནུབ་ཁུལ་སྒོ་འབྱེད་ཆེན་མོ་ཟེར་བའི་དྲིལ་སྒྲོག་སྲིད་ཇུས་འོག བོད་ནང་རྩྭ་ས་སྲུང་སྐྱོབ་ལ་ཁ་གཡར་ཏེ་འབྲོག་པ་གནས་སྤོར་དང་། གྲོང་ཁྱེར་ཅན་འཛུགས་བསྐྲུན་ལ་ཁ་གཡར་ཏེ་འབྲོག་པ་གྲོང་སྡེ་རུ་ཟླ་སྒྲིལ་གཏོང་བ། རྨང་གཞི་འཛུགས་བསྐྲུན་ལ་ཁ་གཡར་ཏེ་བོད་ནང་དུ་གནམ་ཐང་དང་ལྕགས་ལམ། མྱུར་བགྲོད་གཞུང་ལམ་འཛུགས་བསྐྲུན། བོད་ཀྱི་གཙང་པོ་ཁག་ཏུ་གློག་ཁང་དང་ཆུ་རགས་རྒྱག་བཞིན་པ་སོགས། མདོར་དེད་ན་བོད་མིའི་ལག་ནས་སོ་སོའི་ཕ་ཡུལ་བཙན་འཕྲོག་དང་། བོད་མིར་དཔལ་འབྱོར་གྱི་ཁེ་ཕན་གང་ཡང་མེད་པར་འཚོ་གནས་རྩ་གཏོར། ཁོར་ཡུག་སྲུང་སྐྱོབ་སྣང་མེད་བཏང་སྟེ་བོད་ཀྱི་རྩ་ཆེའི་གཏེར་ཁ་བསྔོག་འདོན་གྱིས་རྒྱ་ནང་དུ་དབོར་འདྲེན་བྱེད་བཞིན་ཡོད།

ས་གནས་རྒྱ་གཞུང་གིས་སྤེལ་བའི་དྲག་གནོན་འཇིགས་སྐུལ་གྱི་བསྒྲགས་ཡིག
ས་གནས་རྒྱ་གཞུང་གིས་སྤེལ་བའི་དྲག་གནོན་འཇིགས་སྐུལ་གྱི་བསྒྲགས་ཡིག

དཔེར་ན། ཉེ་ཆར་བླ་རི་དང་ཁོར་ཡུག་སྲུང་སྐྱོབ་ཆེད་ཞི་བའི་ངོ་རྒོལ་བྱུང་ཡུལ་ཨ་མཆོག་ས་ཆ་སྟེ། ཕྱི་ལོ་ ༢༠༡༠ ལོར་ཨ་མཆོག་ཁུག་བསིལ་ཐང་དུ་རྒྱ་གཞུང་གིས་གནམ་ཐང་གསར་རྒྱག་གིས། ༢༠༡༣ ལོར་དངོས་སུ་གནམ་གྲུ་གཏོང་མགོ་བརྩམས་ཡོད་པ་མ་ཟད། བསམ་ཆུའི་འབབ་བརྒྱུད་དུ་ཆུ་མཛོད་གློག་ཁང་ ༡༥ རྒྱག་འཆར་ཡོད་པའི་ཁྲོད་ནས། གློག་ཁང་ ༧ བརྒྱབ་ཚར་ཡོད་པ་རེད། དེ་བཞིན། མཚོ་སྔོན་ཞིང་ཆེན་ཁོངས་སུ་གནམ་ཐང་བཞི་(མགོ་ལོག་རྨ་ཆེན། ཡུལ་ཤུལ་འབའ་ཐང་། ན་གོར་མོ། གཏེར་ལེན་ཁ།)དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་གནམ་གསུམ་(དར་རྩེ་མདོ། དཀར་མཛེས། འདབ་པ།) དང་། རྔ་བ་བོད་རིགས་རང་སྐྱོང་ཁུལ་ནང་གནམ་ཐང་གཉིས་(གཟི་ཚ་སྡེ་རྒུ། ཁྱུང་མཆུ།)། བོད་རང་སྐྱོང་ལྗོངས་ནང་གནམ་ཐང་ལྔ་(གུང་དཀར། ལྷོ་ཁ། གཞིས་རྩེ། ཆབ་མདོ། མངའ་རུས།)དང་། ད་དུང་ཟི་ལིང་ནས་གོར་མོ་དང་ལྷ་ས། གཞིས་ཀ་རྩེ་བཅས་དབར་བརྒྱབ་ཟིན་པའི་མདོ་དབུས་ལྕགས་ལམ་དང་། རྒྱ་ནག་ཁྲིན་ཏུའུ་ནས་ལྷ་ས་དབར་རྒྱག་འཆར་གྱི་ལྕགས་ལམ་བཅས་ནི། གཙོ་བོ་བོད་ཡུལ་གྱི་གཏེར་ཁ་བསྔོག་འདོན་དང་དབོར་འདྲེན། བོད་ནང་རྒྱ་མི་གནས་སྤོར་ལ་དམིགས་པ་ཤ་སྟག་ཆགས་ཡོད་སྟབས། འབྱུང་འགྱུར་བོད་ནང་གཏེར་ཁ་བསྔོག་འདོན་གྱི་རྐྱེན་པས་་ཁོར་ཡུག་གཏོར་བསྐྱོན་དང་ས་གནས་བོད་རིགས་མང་ཚོགས་ཀྱི་འཚོ་གནས་ཛ་དྲག་ཏུ་འགྱུར་ཡིན་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བོད་རིགས་མང་ཚོགས་ཀྱི་ཞི་བའི་ངོ་རྒོལ་ཡང་མང་དུ་འགྲོ་རྒྱུ་ཡིན་པ་ཟུར་ལྟོས་ལེབ་མཐོང་ཆགས་ཡོད།

འདི་ག་ལྟེ་གནས་ཁང་གིས་ངོས་ནས། ས་གནས་རྒྱ་གཞུང་དཔོན་རིགས་དང་ཚོང་བ་རྣམས་ངན་འབྲེལ་གྱི་སྒོ་ནས། ཁྲིམས་མཐུན་དང་ཚད་ལྡན་མ་ཡིན་པའི་སྒོ་ནས་བོད་ནང་གང་བྱུང་གཏེར་ཁ་བསྔོག་འདོན་གྱི་རྐྱེན་པས། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབ་ཆེན་ཐེབས་བཞིན་པ་དང་། བོད་མིའི་འཚོ་གནས་རྩ་གཏོར་འགྲོ་བཞིན་པའི་གནས་སྟངས་ཐད། རྒྱ་གཞུང་གིས་ཞིབ་འཇུག་ལེགས་པོ་བྱས་ཏེ། ས་གནས་བོད་མིའི་ཁེ་ཕན་དང་ཁོར་ཡུག་སྲུང་སྐྱོབ་ལ་གནོད་པའི་གཏེར་ཁ་བསྔོག་འདོན་རིགས་མཚམས་འཇོག་དགོས་པ་ནན་སྐུལ་བྱེད་ཀྱིན་ཡོད།

རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་དང་ ༢༠༠༣ ལོར་དངོས་སུ་ལག་བསྟར་བྱས་པའི་ <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་ཤུགས་རྐྱེན་ལ་གེང་འཇོག་བྱེད་པའི་བཅའ་ཁྲིམས>> ནང་དུ། ཁེ་ལས་རྣམ་གྲངས་གང་ཞིག་འཛུགས་བསྐྲུན་སྐབས། ཐོག་མར་ཁོར་ཡུག་ལ་ཐེབས་སྲིད་པའི་ཤུགས་རྐྱེན་སྐོར་ལ་དབྱེ་ཞིབ་དང་སྔོན་དཔག དཔྱད་འཇོག་བཅས་བྱས་ཐོག ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་འབྱུང་གཞིའི་བྱེད་ཐབས་དང་ཐབས་ཇུས་རྣམས་ཉུང་འཕྲི་དང་སྔོན་འགོག་བྱ་ཕྱོགས་བཅས་ཀྱི་ཐད་སྡོམ་ཚིག་གསལ་བོ་འགོད་དགོས་ཀྱི་ཡོད་པ་དང་། དེ་གཞིར་བཟུང་ནས་ས་གནས་སྲིད་གཞུང་གིས་ཆོག་མཆན་སྤྲོད་དགོས་པ་མ་ཟད། ལས་གཞི་མགོ་བརྩམས་རྗེས་དུས་རྒྱུན་ཁོར་ཡུག་ཤུགས་རྐྱེན་སྔོན་འགོག་འཆར་ལག་བསྟར་བྱེད་ཀྱིན་ཡོད་མེད་ཐད་རྒྱུན་དུ་ལྟ་རྟོགས་བྱས་ཏེ། ཁྲིམས་སྒྲིག་དང་འགལ་ཏེ་ཁོར་ཡུག་ལ་གནོན་སྐྱོན་བཟོ་མཁན་ལ་ཆད་གཅོད་དང་བཀག་སྡོམ་བྱ་དགོས་པ་གསལ་བོར་འཁོད་ཡོད་པ་རེད།

དེར་བརྟེན། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་ཨ་མཆོག་གོང་སྔོན་བླ་རིར་གཏེར་ཁ་བསྔོག་འདོན་ལས་གཞི་དེར། གོང་གསལ་བཅའ་ཁྲིམས་གཞིར་བཟུང་ཁྲིམས་མཐུན་བརྒྱུད་རིམ་ཚང་ཡོད་མེད་དང་། གཏེར་ཁ་བསྔོག་འདོན་གྱི་རྐྱེན་པས་ཡུལ་དེའི་ཁོར་ཡུག་དང་མང་ཚོགས་ཀྱི་བདེ་དོན་གནོན་སྐྱོན་ག་འདྲ་ཕོག་ཡོད་མེད་སོགས་ཀྱི་ཐད། དྲང་བདེན་ཕྱོགས་ལྷུང་མེད་པའི་སྒོ་ནས་ཞིབ་འཇུག་བྱེད་དགོས་པ་ནན་སྐུལ་དང་། ཁྲིམས་འགལ་ཐོག་འཇུ་བཟུང་བྱས་པའི་ཨ་མཆོག་ཚོ་བའི་ཁོར་ཡུག་སྲུང་སྐྱོབ་པ་རྣམས་མྱུར་དུ་གློད་གྲོལ་དང་། ཉེན་རྟོག་པས་ཚུལ་མིན་གྱི་གཅར་རྡུང་དྲག་པོ་བྱས་ཏེ་རྨས་སྐྱོན་ཕོག་མཁན་ཚོར་སྨན་བཅོས་མཐུན་སྦྱོར། ས་གནས་མང་ཚོགས་ཀྱི་དད་མོས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁེ་དབང་ལ་བརྩི་མཐོང་བྱས་ཏེ། ཨ་མཆོག་གོང་སྔོན་བླ་རིའི་གཏེར་ཁ་བསྔོག་མཚམས་འཇོག་དགོས་པའི་སྐུལ་མ་བྱེད་བཞིན་ཡོད། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་སྡེ་ཁག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་གི་ཚོགས་མི་རྒྱལ་ཁབ་ཁག་གིས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས། བོད་ཀྱི་ས་བབ་དང་འབྲེལ་བའི་ཁོར་ཡུག་གི་གལ་ཆེན་རིང་བཞིན་ལ་དོ་སྣང་ཆེན་པས། རྒྱ་གཞུང་ལ་གོ་སྐོན་གནོན་ཤུགས་ངེས་པར་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།