03/08/2020

སློབ་ཕྲུག་གི་ལས་ཞུགས་ངོ་རྒོལ་ནི་འབྲོག་པའི་འཚོ་གནས་རྩ་གཏོར་འབྲེལ་ཡོད།

  •   
  •  
  •  
  •  
  •  
  •  
  •  

protesting-on-8th-April-2016-in-Machu-county-dz1ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༨ ཉིན་གྱི་བོད་ནང་ཉིན་རྒྱབ་ཆུ་ཚོད་ ༣ ཕྱེད་ཀ་ཙམ་གྱི་སྟེང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཁོངས་ཀྱི་སློབ་གྲྭ་ཆེ་འབྲིང་ནས་མཐར་ཕྱིན་པའི་སློབ་ཕྲུག་ཁག་ཅིག་གིས། རྫོང་སྲིད་གཞུང་གི་མདུན་དུ་ཞི་བའི་འདུ་འཛོམས་ཀྱིས་ ༼ཕྱི་ཡོང་སློབ་མ་སྔོན་འགོག་བྱས་ནས། སྤྱི་ཕན་ལས་གནས་དངོས་སུ་བསྒྱུར་དགོས།༽ཞེས་པའི་བོད་རྒྱ་སྐད་གཉིས་ཀྱིས་བྲིས་ཡོད་པའི་འབོད་ཚིག་འཕྲེད་དར་འཕྱར་ཏེ། ས་གནས་ཀྱི་མཐར་ཕྱིན་སློབ་མ་རྣམས་སྤྱི་ཚན་རང་བཞིན་གྱི་ལས་གནས་ནས་ཕྱིར་ཕུད་དང་ལས་ཞུགས་ཀྱི་གོ་སྐབས་མེད་པ་བཟོ་བཞིན་པར་ངོ་རྒོལ་ཞུ་འབོད་བྱས་ཡོད་པ་རེད། ཡིན་ནའང་། ས་གནས་སྲིད་གཞུང་གིས་ཉེན་རྟོག་དམག་མི་མངགས་ཏེ་ཞུ་འབོད་འདུ་འཛོམས་པ་དག་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན་ཁྱོན་ཞུ་འབོད་ངོ་རྒོལ་བྱེད་མཁན་སློབ་མ་ ༢༩ ཡོད་འདུག

བརྒྱུད་ལམ་ཁག་ལ་ས་གནས་མང་ཚོགས་ཀྱིས་བརྗོད་དོན་ལྟར་ན། ཞི་བའི་རེ་འབོད་འདུ་འཛོམས་བྱེད་མཁན་མཐར་ཕྱིན་སློབ་ཕྲུག་དེ་དག་ཕྱི་ཚེས་ ༨ ཉིན་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ས་གནས་ཉེན་རྟོག་པས་ཁོ་ཚོའི་ཁྱིམ་བདག་ལ་སྐད་བཏང་སྟེ། ཕྱི་ཚེས་ ༩ ཉིན་གྱི་ཐོ་རེངས་ཆུ་ཚོད་ ༣ པའི་སྟེང་ཕྱིར་གློད་ཡོད་འདུག ཁྱིམ་བདག་རྣམས་ཀྱིས་སོ་སོའི་བུ་ཕྲུག་ལ་གཅར་རྡུང་བྱས་ཡོད་པའི་གནས་ཚུལ་མཐོང་རྗེས་ཧ་ཅང་བློ་ཕམ་དང་སེམས་སྡུག་བྱུང་ཡོད་འདུག ཉེན་རྟོག་པས་ཁྱིམ་བདག་རྣམས་ལ་ལག་ཁྱེར་ཁ་པར་ནང་གནས་ཚུལ་དེ་དང་འབྲེལ་ཡོད་ཀྱི་འདྲ་པར་ཉར་ཚགས་དང་བོད་ཕྲིན་སོགས་སུ་བརྒྱུད་གཏོང་བྱས་ཚེ། ལོ་ ༣ ནས་ ༤ བར་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་དེ། འཇིགས་སྐུལ་བྱས་ཡོད་པར་བརྟེན་ནས་ཁྱིམ་བདག་རྣམས་ཀྱིས་གནས་ཚུལ་རྣམས་མི་གཞན་ལ་གླེང་མོལ་བྱ་རྒྱུར་འཛེམ་དོགས་བྱ་བཞིན་ཡོད་འདུག ཡིན་ནའང་། སློབ་ཕྲུག་རྣམས་ཁོ་ཚོ་འཇུ་བཟུང་དང་གཅར་རྡུང་བྱས་པའི་རྒྱབ་ལྗོངས་ཀྱི་བྱེད་གཏེ་ནི་རྫོང་དཔོན་ཆགས་ཡོད་སྟབས། གལ་སྲིད་རྫོང་དཔོན་གྱིས་གནས་ཚུལ་འདིར་ཡ་ལན་མ་བྱས་བར་དུ་ཕྱིར་འགྲོ་རྒྱུ་མིན་སྐོར་བརྗོད་ནས། བཀག་ཉར་ཁང་ནས་ཕྱིར་མ་སོང་པར་མཚན་དེར་དེ་གར་བསྡད་ཡོད་པ་དང་། རྗེས་སུ་གནས་ཚུལ་ག་འདྲ་བྱུང་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

སྤྱིར་བཏང་བོད་མི་རྣམས་ཞུ་བའི་འདུ་འཛོམས་ངོ་རྒོལ་ཅི་ཞིག་སྤེལ་ཡང་། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་གཡོག་སྟེ་བོད་མིར་དྲག་གནོན་དང་འཇུ་བཟུང་བཙོན་འཇུག་བྱེད་བཞིན་ཡོད་སྟབས། ཐེངས་འདིའི་ཞི་བའི་འདུ་འཛོམས་ངོ་རྒོལ་སྐབས་མཐར་ཕྱིན་སློབ་མ་དེ་དག་གིས། འཕྲེད་དཀར་སྟེང་དུ་༼ཆབ་སྲིད་ལ་རྒྱབ་འགལ་བྱས་མེད།༽ཅེས་འཁོད་དེ། ཁོང་ཚོའི་ཞི་འབོད་འདུ་འཛོམས་དེ་ནི་ཆབ་སྲིད་དང་འབྲེལ་བ་མེད་པར། ས་གནས་ཀྱི་ཡུལ་མིའི་ལས་ཞུགས་དཀའ་དང་། ལུས་བགོ་དང་འབྲེལ་གྱི་གཞུང་ཕྱོགས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཐད་ཀྱི་ངོ་རྒོལ་ཞུ་འབོད་ཅིག་ཡིན་པ་གསལ་འདོན་བྱས་ཡོད་པ་རེད།

དེ་བཞིན། ཞི་བའི་འདུ་འཛོམས་ངོ་རྒོལ་དེ་དང་འབྲེལ་བའི་ཁྱབ་བསྒྲགས་ཡིག་ཆ་ཞིག་བརྒྱུད་ལམ་ཁག་ཏུ་ཐོན་པའི་ནང་དུ། ཞུ་འབོད་ངོ་རྒོལ་བྱེད་མཁན་སློབ་མ་དེ་དག་ནི་ས་གནས་སུ་སྤྱི་ཕན་ལས་གནས་ལ་ཞུགས་ཏེ། ལོ་གསུམ་བཞིའི་རིང་ལ་ས་གནས་གཞི་རིམ་སྲིད་གཞུང་དང་། ནགས་ལས་སྡེ་ཚན་གྱི་ལས་ཁུངས་སོགས་སུ་བྱ་བ་གཉེར་མཐར། ཉེ་ཆར་ས་གནས་ཀྱི་སློབ་མ་རྣམས་ལ་ཤེས་ཚད་མི་ལྡན་པར་ཁ་གཡར་ནས། ཁོང་ཚོ་ལས་གནས་ནས་ཕྱིར་འབུད་དགོས་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་ཡོད་པར་བརྟེན་ནས། ས་གནས་སློབ་ཕྲུག་དེ་དག་གིས་རྒྱ་མཚན་གསུམ་གཞི་ལ་བཞག་ནས་གོང་རིམ་ལ་ཚུལ་ཐུན་གྱི་རེ་ཞུ་ངོ་རྒོལ་བྱས་པ་ཞིག་ཡིན་པ་དང་། སློབ་ཕྲུག་དེ་དག་གིས་རྒྱ་ཆེའི་མང་ཚོགས་ནས་ཁོ་ཚོའི་ཞུ་འབོད་ངོ་རྒོལ་ལ་རྒྱབ་སྐོར་ཡོང་བའི་རེ་སྐུལ་ཀྱང་ཞུས་ཡོད་པ་རེད།

སློབ་ཕྲུག་དེ་དག་གིས་རེ་ཞུ་ངོ་རྒོལ་དགོས་པའི་རྒྱུ་མཚན་དོན་ཚན་གསུམ་ནི། གཅིག མི་རེ་གཉིས་ཀྱི་ཤེས་ཡོན་ཆུ་ཚད་སློབ་ཆུང་མ་གཏོགས་མེད་མོད། སྒོར་མོའི་ངོ་སོ་དང་ལྟག་སྒོ་བརྒྱུད་པར་བརྟེན་ནས་བྱ་བའི་ལས་གནས་ལ་ཞུགས་ཡོད་པ། གཉིས། ས་ཆ་གཞན་གྱི་མི་སྣ་ཡང་ལྟག་སྒོ་དང་ཐབས་ཇུས་ངན་པ་ལ་བརྟེན་ནས་བྱ་བའི་ལས་གནས་ལ་ཞུགས་ཡོད་པ། གསུམ། བྱ་བའི་ལས་བགོས་ཐད་ཀྱི་ཡིག་རྒྱུགས་ལེན་སྐབས་མི་སྣ་བརྗེ་རེས་བྱས་ཏེ་བྱ་བའི་ལས་གནས་ལ་ཞུགས་ཡོད་པ་བཅས་ལ་བརྟེན་ནས། ས་གནས་ཀྱི་སློབ་མ་རྣམས་ལས་ཞུགས་ཀྱི་གོ་སྐབས་འཕྲོག་བཞིན་ཡོད་པ་གསལ་འདོན་བྱས་ཡོད་པ་རེད།

machu statementཐེངས་འདིའི་ཞི་བའི་འདུ་འཛོམས་ནི་རྨ་ཆུ་རྫོང་དུ་སློབ་གྲྭ་ཆེ་འབྲིང་མཐར་ཕྱིན་སློབ་མས་ས་གནས་གཞུང་གི་དྲང་བདེན་མ་ཡིན་པའི་ལས་བགོས་ཐད་ངོ་རྒོལ་བྱས་པ་ཐེངས་དང་པོ་མིན་པ་རེད། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༠ ཉིན་རྨ་ཆུ་རྫོང་དུ། སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་ཕྲུག་སྐོར་ཞིག་ནས། རྫོང་སྲིད་གཞུང་སྒོ་མདུན་དུ་༼ཕྱི་ཡོང་སློབ་མ་སྔོན་འགོག ས་གནས་སློབ་མར་ལས་བགོས།༽ཞེས་པའི་འབོད་ཚིག་འཕྲད་དར་འཕྱར་ཏེ། ས་གནས་མཐར་ཕྱིན་སློབ་མའི་ལས་ཞུགས་གོ་སྐབས་རྣམས་ཕྱོགས་ཡོང་གི་མི་སྣས་འཕྲོག་བཞིན་པར་མ་ཟད། ལས་ཞུགས་ཡིག་རྒྱུགས་ཀྱི་བརྒྱུད་རིམ་ཁྲོད་དུའང་དྲང་བདེན་མ་ཡིན་པར་འབྲེལ་ཡོད་དཔོན་རིགས་ཚོས་ལྟོག་ཟ་རུལ་སུངས་དང་དབང་ཤུགས་ལོག་སྤྱོད་བྱེད་ཀྱིན་ཡོད་པར་ངོ་རྒོལ་བྱས་ཡོད། དེ་ལྟར་ལོ་ཁས་རིང་ས་གནས་མཐར་ཕྱིན་སློབ་མ་ཚོས་ཡང་དང་བསྐྱར་དུ་གོང་རིམ་ལ་རེ་ཞུ་ཡི་གེ་ཕུལ་ཡོད་ཀྱང་། ས་གནས་འབྲེལ་ཡོད་དཔོན་རིགས་ཚོས་སྣང་མེད་དུ་བསྐྱུར་ཡོད་པ་རེད།

རྨ་ཆུ་རྫོང་ནི་རྒྱ་གཞུང་གིས་༼ཕྱུགས་བསྐྱུར་རྩ་སྐྱོང་༽ལ་ཁ་གཡར་ཏེ། འབྲོག་པ་མཁར་གྲོང་ཅན་དུ་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱ་ཡུལ་གཙོ་བོ་དང་སྔ་ཤོས་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་རྨ་ཆུ་རྫོང་དུ་འབྲོག་པ་མི་གྲངས་ ༩༢༩༣ གནས་སྤོར་བྱེད་བཅུག་ཡོད། རྨ་ཆུ་རྫོང་གི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་གནད་དོན་དེའང། རྒྱ་གཞུང་གིས་བོད་ས་ཡོངས་སུ་༼བོད་ཁུལ་མཁར་གྲོང་ཅན་དུ་བསྒྱུར་བ།༽༼འབྲོག་དམངས་གནས་སྤོར་གདན་སྡོད།༽༼ཕྱུག་བསྐྱུར་རྩྭ་སྐྱོང་།༽༼མཉམ་ལས་ཁང་འཛུགས་བསྐྲུན།༽སོགས་ཐབས་ཤེས་འདྲ་མིན་འོག འབྲོག་པ་རྣམས་ལ་སོ་སོའི་ཕྱུགས་ཟོག་བཙོང་བཅུག་སྟེ། རྫོང་མཁར་དང་ཡུལ་ཚོའི་གྲོང་རྡལ་ཁག་ཏུ་གནས་སྤོར་འདུས་བསྡོད་བྱེད་བཅུག་ནས། འབྲོག་པ་རྣམས་ཀྱི་སྔར་ཡོད་ཕྱུགས་སྐྱོང་འབྲོག་ལས་ཀྱི་འཚོ་གནས་རྩ་གཏོར་བཏང་རྗེས། གནས་སྤོར་འབྲོག་དམངས་ཀྱི་འཚོ་བར་ཚུལ་མཐུན་གྱི་འགན་ལེན་མ་བྱས་པར། འབྲོག་པ་མཁར་གྲོང་དུ་བསྒྱུར་བའི་སྲིད་ཇུས་དེའི་འོག་ཏུ། འབྲོག་དམངས་ཡོངས་ཀྱི་འཚོ་བར་སྔར་མེད་ཀྱི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་པའི་གནས་སྟངས་དང་འབྲེལ་བ་དམ་ཟབ་ཆགས་ཡོད།

སྔོན་ཆད་འབྲོག་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་ཕྲུག་རྣམས་སློབ་མཐར་ཕྱིན་རྗེས། སྲིད་གཞུང་གིས་ལས་བགོ་མ་བྱས་ཀྱང་ཕྱིར་རང་ཡུལ་དུ་ལོག་སྟེ་ཕྱུགས་སྐྱོང་འབྲོག་ལས་ཀྱི་འཚོ་བ་སྐྱེལ་ཐུབ་ཀྱིན་ཡོད། ད་ལྟའི་ཆར་འབྲོག་པའི་འཚོ་གནས་རྣམས་རྩ་གཏོར་བཏང་ཟིན་སྟབས། སྲིད་གཞུང་གི་ལས་བགོ་ཁོ་ནར་བརྟེན་ནས་འཚོ་བ་རོལ་དགོས་ཆགས་ཡོད། ༢༠༡༥ ལོའི་རྨ་ཆུ་རྫོང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ལོ་ལྔ་ཚན་བཅུ་གཉིས་པའི་ནང་གཞུང་ཞབས་ཕུད་པའི་སྤྱི་ཕན་རང་བཞིན་གྱི་ལས་ཞུགས་ས་མིག་ ༢༠༣༢ བསྐྲུན་ཡོད་པར་བརྗོད་ཡོད། ཡིན་ནའང་། དོན་དངོས་ཐོག་རྨ་ཆུ་རྫོང་སྲིད་གཞུང་གིས་ས་གནས་མཐར་ཕྱིན་སློབ་མ་རྣམས་ལ་ཤེས་ཚད་ཡག་པོ་མེད་པར་ཁ་གཡར་ནས། ལས་ཞུགས་ཀྱི་གོ་སྐབས་རྣམས་རྒྱ་རིགས་གཙོས་ཕྱོགས་ཡོང་རྣམས་ལ་སྤྲད་པ་དང་། ལས་ཞུགས་ཡིག་རྒྱུགས་ཀྱི་གོ་རིམ་ཁྲོད་དུའང་ས་གནས་དཔོན་རིགས་ཚོས་ལྟ་སྒོ་བརྒྱུད་དེ་ལྐོག་ས་རུལ་སུངས་བྱེད་པ་སོགས། དྲང་བདེན་མ་ཡིན་པའི་སྒོ་ནས་ས་གནས་མཐར་ཕྱིན་སློབ་མ་རྣམས་ཀྱི་ལས་ཞུགས་གོ་སྐབས་བཙན་འཕྲོག་བྱས་པར་བརྟེན་ནས། མཐར་ཕྱིན་སློབ་ཕྲུག་ཚོས་ཞི་བའི་རེ་འབོད་ངོ་རྒོལ་དེ་དག་རིམ་པར་བྱུང་ཡོད་པ་རེད།

དེར་བརྟེན། རྒྱ་གཞུང་གིས་བོད་ཁུལ་དུ་གཏེར་ཁ་བསྔོག་འདོན་ཆེད་འབྲོག་པའི་འཚོ་གནས་རྩ་གཏོར་གྱི་མཁར་གྲོང་དུ་ཕབ་པ་དང་། རྒྱ་མི་མང་པོ་བོད་ནང་དུ་གནས་སྤོར་བྱས་ཏེ་བོད་མིའི་འཚོ་གནས་བཙན་འཕྲོག་བྱེད་བཞིན་པའི་སྲིད་ཇུས་དེ་མཚམས་འཇོག་མ་བྱས་ཚེ། བོད་ནང་དུ་མ་འོངས་པར་སློབ་གྲྭ་ཆེ་འབྲིང་མཐར་ཕྱིན་སློབ་ཕྲུག་ཚོས་ལས་ཞུགས་གནད་དོན་དང་འབྲེལ་བའི་ཞི་བའི་ངོ་རྒོལ་རིགས་སྔར་བས་མང་དུ་འགྲོ་རྒྱུ་ཡིན་མ་ཟད། བོད་མིའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་མཐའ་དག་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད།