12/11/2019

སློབ་གསོའི་བོད་སྐྱོར་ལས་དོན་གྱི་མིང་ཐོག་ནས་བོད་སློབ་༢༡ ནང་རྒྱ་རིགས་ལས་བྱེད་པ་༤༠༠ མངགས་གཏོང་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  
བོད་སྨད་ཡུལ་གྱི་སྔོན་འགྲོའི་སློབ་གྲྭ་ཞིག

སློབ་གསོའི་བོད་སྐྱོར་ལས་དོན་གྱི་མིང་བྱང་འོག་ཏུ། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་༡༧ ནས་རྒྱ་རིགས་དགེ་རྒན་དང་འཛིན་སྐྱོང་ལས་བྱེད་པ་༤༠༠ བོད་རང་སྐྱོང་ལྗོངས་ཀྱི་བོད་སློབ་༡༡ ནང་གནས་སྡོད་གྱིས་སོ་སོའི་འཆར་ཅན་ལས་དོན་འགོ་བཙུགས་འདུག

ཕྱི་ཟླ་༩ ཚེས་༡༡ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ད་ལྟའི་སློབ་གསོའི་བོད་སྐྱོར་ལས་དོན་ཐེངས་དགུ་བའི་ཚོགས་སྒྲིག་གྲས་ཀྱི་ལས་བྱེད་པ་༨༦ སློབ་སྤྱི་དང་སློབ་སྤྱི་གཞོན་པ། སློབ་ཁྲིད་ངེས་སྟོན་པ་དང་ཀུན་སྤྱོད་སློབ་གསོའི་ངེས་སྟོན་པ་བཅས་ཡིན་པ་དང་། གཞན་ལས་བྱེད་པ་༣༡༤ སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་ཉིན་རེའི་སློབ་ཁྲིད་དགེ་རྒན་ཡིན་འདུག

གོང་ཞུས་གནས་ཚུལ་ནང་དུ། ལྗོངས་ཏང་ཨུ་རྩ་འཛུགས་པུའུ་ཡིས་བཀོད་ཇུས་འོག ལྗོངས་སློབ་གསོ་ཐིན་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལག་བསྟར་འཆར་གཞི་ཟེར་བ་གཏན་འབེབས་ལག་བསྟར་བྱས་ཡོད་པ་དང་། དེ་ནི་བོད་ལྗོངས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སློབ་གསོའི་ཤེས་ཡོན་ཅན་དོ་དམ་བྱེད་ཐབས་ལེགས་བཅོས་གཏོང་ཐབས་ཤིག་ཡིན་རབས་བཤད་འདུག

པེ་ཅིན་གྲོང་ཁྱེར་སློབ་གསོ་བོད་སྐྱོར་ཚོགས་སྒྲིག་རྣམ་པའི་དགེ་རྒན་གྱི་འཐུས་ཚབ་པ་དང་། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་གཙོ་གཞོན་པ་ཀྲོའུ་ཡུན་ཟེར་བ་ཞིག་གིས། མོས་རང་ནུས་གང་ཡོད་བཏོན་ནས། པེ་ཅིན་དང་བོད་གཉིས་དབར་འབྲེལ་ལམ་སྟེགས་བུ་བསྐྲུན་ཐབས་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་པེ་ཅིན་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས། ས་གནས་བོད་རིགས་དགེ་རྒན་ཚོར་སྔོན་ཐོན་སློབ་གསོའི་འདུ་ཤེས་དང་ཐབས་ཤེས་དར་སྤེལ་གཏོང་རྒྱུ་ཡིན་ཟེར།

ཀྲོའུ་ཡུན་ཟེར་བ་དེས་ད་དུང་། སློབ་གསོའི་བོད་སྐྱོར་ལས་དོན་ལ་བརྟེན་ནས། ལྷ་སའི་བྱིས་པ་ཚོ་ཡང་། པེ་ཅིན་གྱི་བྱིས་པ་ཚོ་དང་འདྲ་བར། ཏང་ལ་དགའ་ཞེན་ཆེ་བའི་རྒྱལ་གཅེས་ཅན་གྱི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པར་སྐྱེད་སྲིང་བྱེད་རྒྱུ་ཡིན་ཟེར།