31/05/2020

སྨན་བཅོས་ལྟ་སྐྱོང་བྱེད་དུ་མ་བཅུག་པའི་རྐྱེན་གྱིས། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་འདས་གྲོངས་ཕྱིན་པར་རྒྱ་གཞུང་གིས་མྱུར་དུ་ཞིབ་འཇུག་བྱེད་དགོས།

  •   
  •  
  •  
  •  
  •  
  •  
  •  

འདས་ལོར་མི་ལོ་བཞིའི་བཙོན་འཇུག་གི་དུས་ཡུན་ཚང་ནས་གློད་གྲོལ་བཏང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ལ་རྒྱ་ནག་ས་གནས་སྲིད་གཞུང་གིས་དུས་ཐོག་ཚུལ་མཐུན་གྱི་སྨན་བཅོས་ལྟ་སྐྱོང་བྱེད་དུ་མ་བཅུག་པའི་རྐྱེན་གྱིས་ཁ་སང་རང་ཁྱིམ་དུ་རྐྱེན་འདས་སུ་གྱུར་ཡོད།

ཕྱི་ཟླ་༥ ཚེས་༧ ཉིན་གྱི་ས་གནས་ཆུ་ཚོད་༣།༣༥ སྟེང་རང་ལོ་༤༣ ཡིན་པའི་དགེ་འདུན་པ་ཆོས་ཀྱིས་འདས་གྲོངས་ཕྱིན་ཡོད་པ་དང་། ཁོང་གི་ཕ་ཡུལ་བོད་རང་སྐྱོང་ལྗོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཞོ་སང་སྡེ་བ་ནས་ཡིན་ཞིང་། ཁོང་ཕུ་གུ་དགོན་གྱི་ཆོས་སྒོར་ཞུགས་ཡོད་པ་རེད།

དུས་ཡུན་རིང་བོར་སྙུང་གཞི་སྣ་ཚོགས་ཀྱིས་མནར་ཡོད་བཞིན་དུ། རྒྱ་ནག་ས་གནས་སྲིད་གཞུང་གིས་དགེ་འདུན་ཁོང་ལྷ་སའི་སྨན་པར་སྟོན་པའི་རེ་ཞུ་དང་ལེན་མ་བྱས་པའི་ཁར། འབར་ཁམས་དང་ཁྲུན་ཏུའུ་གྲོང་ཁྱེར་སོགས་ནས་སྨན་པར་བསྟེན་གཏུགས་བྱེད་པར་ཡང་འགོག་རྐྱེན་བཟོས་འདུག

དམ་དྲག་གི་བཀག་ཉར་འོག་ཏུ་དགེ་འདུན་པ་ཆོས་ཀྱིས་ལ་བཙོན་པ་གཞན་དག་ལས་ལྷག་པའི་ངལ་རྩོལ་བསྒྱུར་བཀོད་བྱས་རྐྱེན། མི་ལོ་༤ དུས་བཀག་བཙོན་འཇུག་གི་སྐབས་སུ་ཁོང་གི་འཕྲོད་བསྟེན་གནང་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་རེད། དེ་སྔོན་ཁོང་གི་ནང་མི་ཚོར་ཁོང་ལ་ཟླ་རེ་བཞིན་ཟ་མ་དང་གྱོན་ཆས་སོགས་སྤྲོད་འཇུག་གི་ཡོད་ནའང་། བཙོན་ཁང་དུ་འཕྲོད་བསྟེན་གྱི་གནང་སྟངས་ཇེ་སྡུག་ཏུ་ཕྱིན་སྟབས། ཕྱི་ལོ་༢༠༡༧ ཟླ་༡༠ ནང་བཙོན་ཁང་གི་དབང་འཛིན་པ་ཚོས་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད།

ཕྱི་ལོ་༢༠༡༩ ཟླ་༡ ཚེས་༡༨ ཉིན་དགེ་འདུན་པ་ཆོས་ཀྱིས་དར་རྩེ་མདོ་གྲོང་ཁྱེར་ཉེ་འགྲམ་གྱི་མི་ཉག་ར་རྔ་ཁ་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ་དང་། རྒྱ་གཞུང་གིས་ཁོང་ལ་གསལ་ཁ་ཅི་ཡང་མེད་པར“རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང”བྱས་པའི་ཉེས་འཛུགས་བཙན་འགེལ་གྱིས་ཁྲིམས་ཐག་པ་རེད།

ཕྱི་ལོ་༢༠༡༥ ཟླ་༦ ཚེས་༡༩ ཉིན་རྒྱ་གཞུང་གིས་དགེ་འདུན་པ་ཁོང་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་བའི་སྟོད་གོས་བཟོས་རབས་དང་། ཁོ་རང་སྒེར་གྱི་འཕྲིན་ཕྲན་རྒྱབ་ལྗོངས་སུ་༸གོང་ས་མཆོག་གི་སྐུ་པར་སྤེལ་ལུགས་ཀྱི་ཉེས་འཛུགས་འོག་བཀག་བསྐྱིལ་བྱས་ཡོད།

དགེ་འདུན་པ་ཁོང་བཀག་བསྐྱིལ་བྱས་པའི་ཕྱི་ཉིན། ཁོང་གི་སྲིང་མོ་སྐྱིད་འཛོམས་དང་ཚ་བོ་གྲགས་པ་གཉིས་གློ་བུར་འཛིན་བཟུང་གིས། མངག་གཏོག་ཁང་དུ་དུས་ཡུན་ཉིན་གྲངས་༡༥ རིང་འདྲི་གཅོད་དང་མནར་གཅོད་བཏང་རྗེས་གློད་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་དགེ་འདུན་པ་ཆོས་ཀྱིས་ལ་དུས་ཐོག་ཚུལ་མཐུན་གྱི་འཕྲོད་བསྟེན་ལྟ་སྐྱོང་བྱེད་དུ་མ་འཇུག་པའི་འདས་རྐྱེན་ཐད་ལ་ཕྱོགས་རིས་དབྱེ་འབྱེད་མེད་པར་རང་དབང་ལྡན་པའི་ཐོག་ནས་རྟོག་ཞིབ་བྱེད་དུ་འཇུག་པའི་དགོས་འདུན་འདོན་གྱི་ཡོད་ལ། རྒྱ་གཞུང་རང་དང་རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་ཁག་གཞིར་བཟུང་ཐོག་དགེ་འདུན་པ་ཁོང་གིས་སྨན་པར་བསྟེན་གཏུགས་ལ་འགོག་རྐྱེན་བཟོ་མཁན་རྒྱ་ནག་ས་གནས་སྲིད་གཞུང་གི་དབང་འཛིན་དཔོན་རིགས་ཚོས་རང་འཁྲིའི་འགན་འཁུར་ཐེད་ལ་དོར་ཏེ་ཁྲིམས་འགལ་དང་རང་སྣང་གང་ཤར་གྱི་བསམ་སྦྱོར་སྤེལ་བར་ཐག་གཅོད་ནན་མོ་བྱེད་དགོས།

དགེ་འདུན་པ་ཆོས་ཀྱིས་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་རབ་བརྟན་ནམ་ཐེའུ་རང་། སྐལ་བཟང་ཚུལ་ཁྲིམས་སམ་རྒྱལ་མཚན་ཐོག་མེད། རྣམ་པ་གཉིས་ནས་དགེ་འདུན་པ་ཆོས་ཀྱིས་བཟོས་པའི་སྐུའི་གྱ་སྟོན་གྱི་སྟོད་གོས་གྱོན་པ།