26/09/2020

སྡུག་སྦྱོང་མནར་གཅོད་གཏོང་ཐབས་སུ་ཉེས་ཆད་ལ་ཆག་ཡང་མེད་པ། རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མནར་གཅོད་སྔོན་འགོག་དང་འཚེ་བ་མྱོང་མཁན་ལ་གདུང་སེམས་མཉམ་སྐྱེད་གནང་བའི་ཉིན་མོ་སྲུང་བརྩི་བྱེད།

  •   
  •  
  •  
  •  
  •  
  •  
  •  

ཕྱི་ཟླ་༦ པའི་ཚེས་༢༦ ཉིན་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མནར་གཅོད་སྔོན་འགོག་དང་འཚེ་བ་མྱོང་མཁན་ལ་གདུང་སེམས་མཉམ་སྐྱེད་གནང་བའི་ཉིན་མོ་ཡིན་པ་རེད།

སྐྱེ་བོ་ཚང་མས་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་བདེ་འཇགས་ཀྱི་འཛམ་གླིང་བསྐྲུན་ཐབས་དང་སྡུག་སྦྱོང་མནར་གཅོད་མཚམས་འཇོག་ཡོང་ཐབས་སུ། འཛམ་གླིང་ཡུལ་གྲུ་གང་སའི་བྱ་འགུལ་དང་སྟབས་བསྟུན། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱལ་སྤྱིའི་མནར་གཅོད་སྔོན་འགོག་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད།

སྡུག་སྦྱོང་མནར་གཅོད་གཏོང་ཐབས་ནི་བོད་ནང་དུ་ཟམ་མི་ཆད་པར་འབྱུང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ཁག་མང་པོའི་གྲས་ཀྱི་གཅིག་ཡིན་ཞིང་། དེ་ཡང་རྒྱ་གཞུང་གི་བཀག་བསྐྱིལ་འོག་གི་དོགས་ཡོད་མི་སྣར་ཁྲིམས་ཞིབ་ཙམ་ཡང་མེད་པར་བཙན་གྱིས་སྙོན་འཛུགས་ཁས་ལེན་དུ་འཇུག་ཆེད་རྒྱ་གཞུང་གིས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་སྒོ་ནས་སྡུག་སྦྱོང་མནར་གཅོད་ལག་བསྟར་བྱེད་མུས་ཡིན་པ་རེད། རྒྱ་གཞུང་གིས་བཀག་བསྐྱིལ་མི་སྣར་སྡུག་སྦྱོང་མནར་གཅོད་བཏང་ནས་དམར་གསོད་གཏོང་བའམ་ཚེ་གང་བོར་དྲག་སྐྱེད་མི་ཐུབ་པའི་རྨས་སྐྱོན་བཟོ་བཞིན་ཡོད་པ་དང་། དེ་ནི་རྒྱ་གཞུང་གིས་སྤྱི་ཚོགས་ཧྲིལ་བོར་འཇིགས་སྣང་དང་ཞེད་སྣང་བསྐུལ་ཐབས་ཤིག་རེད།

རྒྱལ་སྤྱིའི་མནར་གཅོད་སྔོན་འགོག་དང་འཚེ་བ་མྱོང་མཁན་ལ་གདུང་སེམས་མཉམ་སྐྱེད་གནང་བའི་ཉིན་མོར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོས། མོའི་ཨ་ཞང་རྒྱ་གཞུང་གི་བཙོན་ཁང་དུ་སྐུ་གྲོངས་པའི་གནད་དོན་ད་དུང་སེལ་ཐུབ་མེད་པ་དང་། རྒྱལ་སྤྱིའི་ངོས་ནས་ཕྱི་ལོ་༢༠༡༥ ལོའི་ཟླ་༧ པའི་ཚེས་༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་གཞུང་གི་ཁྲོན་ཏུང་བཙོན་ཁང་དུ་སྐུ་གྲོངས་རྐྱེན་དངོས་ལ་བརྟག་དཔྱད་ཞིབ་འཇུག་གནང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱ་ནག་དམར་ཤོག་གཞུང་ཕྱོགས་ནས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རང་བཞིན་གྱིས་སྐུ་གྲོངས་ལུགས་བཤད་ནས། ཁོང་གི་གྲོངས་རྐྱེན་དངོས་ལ་བརྟག་དཔྱད་རྒྱུས་ལོན་བྱུང་བའི་དཔང་ཡིག་འདོན་སྤྲོད་བྱས་མེད་པར་མ་ཟད། ཁོང་གྲོངས་རྐྱེན་གྱི་དངོས་ཡོད་གནས་ཚུལ་ཡང་གསལ་བཤད་བྱས་མེད་པ་རེད། དད་ལྡན་མི་མང་ནས་རྒྱ་གཞུང་གིས་རིན་པོ་ཆེ་ཁོང་ལ་དུག་དྲངས་ནས་བཀྲོངས་པར་དོག་གཞི་གནང་མུས་ཡིན་པ་རེད། ཞི་འབོད་ཇི་ཙམ་ཞུས་ཀྱང་རྒྱ་གཞུང་གིས་ནང་མི་ཉེ་འབྲེལ་ཚོར་རིན་པོ་ཆེའི་སྐུ་ཕུང་ངམ་གདུང་ཐལ་ཙམ་ཡང་སྤྲད་མེད་པ་རེད།

བརྙན་ཐུང་འདིའི་ནང་དུ་ཉི་མ་ལྷ་མོས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་མ་གྲོངས་ཡར་སྔོན་ཁོང་ལ་སྡུག་སྦྱོང་མནར་གཅོད་ཇི་འདྲ་བཏང་བའི་གནས་སྟངས་བརྗོད་ཡོད། མོས་ད་དུང་སྤྲུལ་སྐུ་བདེ་ལེགས་རིན་པོ་ཆེའི་དད་ལྡན་སློབ་བུ་བློ་བཟང་དོན་འགྲུབ་ཞུ་བ་ཞིག་གིས་རྒྱ་གཞུང་གི་སྙོན་འཛུགས་ཁས་མ་བླངས་པའི་རྐྱེན་གྱིས། དུས་ཡུན་ཟླ་བ་༨ རིང་ཁོར་མནར་གཅོད་བཏང་རྗེས་གསང་བའི་ཁྲིམས་ར་ཚོགས་ནས་སྲོག་ཁྲིམས་བཅད་པའི་གནས་ཚུལ་ཡང་གླེང་སློང་བྱས་ཡོད་པ་རེད། མོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་རྒྱ་གཞུང་གི་བཀག་བསྐྱིལ་འོག་གི་བོད་ཀྱི་ཆབ་སྲིད་བཙོན་པའི་དངོས་ཡོད་གནས་སྟངས་ཞུ་གཏུག་གིས་དྲང་བདེན་རྩོད་ལེན་བྱེད་མུས་ཡིན་པ་དང་། བཙོན་པ་འདི་དག་ལ་རྒྱ་གཞུང་གིས་བཙན་དབང་གི་ཐོག་ནས་བཙོན་འཇུག་དང་མནར་གཅོད་གཏོང་གི་ཡོད་པ་རེད།

ཉི་མ་ལྷ་མོས་ཞུས་པའི་རེ་སྐུལ་བརྙན་ཐུང་།

ཚང་མར་བཀྲ་ཤིས་བདེ་ལེགས་ཞུ། འདི་ནི་ང་ཚོའི་དབུ་ཁྲིད་རྣམ་པ་དང་བོད་རིགས་སྤུན་ཟླ་རྣམ་པར་ཞུ་འདོད་པའི་བདག་གི་རེ་སྐུལ་ཡིན། ཚང་མས་མཁྱེན་གསལ་ལྟར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་ཀུན་གྱིས་གུས་འདུལ་ཞུ་བའི་བླ་མ་ཞིག་ཡིན་པ་དང་། རྒྱ་གཞུང་གིས་ཁོང་གི་ཉེས་དོན་ཅི་ཡིན་གསལ་བཤད་བྱས་མེད་པ་རེད། འདས་པའི་མི་ལོ་༡༣ རིང་རྒྱ་གཞུང་གིས་ཁོང་བཙོན་ལ་བཅུག་ནས་ཐེངས་མང་པོར་སྡུག་སྦྱོང་མནར་གཅོད་བཏང་བ་རེད། ཁོང་གི་གྱོན་པ་ཕུད་ནས་ཆུ་ཚ་གྲང་གི་མནར་གཅོད་མྱངས་བཅུག་སྟེ། བླ་མ་སྤྲུལ་སྐུ་ཡིན་ན་གྲུབ་རྟགས་སྟོན་ཤོག་ཟེར་ནས་འདྲི་གཅོད་བྱས་པ་རེད།

མཐའ་གཞུག་ཕྱི་ལོ་༢༠༡༥ ལོའི་ཟླ་༧ པའི་ཚེས་༡༢ ཉིན་ཁོང་སྐུ་གྲོངས་པ་རེད། དོན་དངོས་སུ་རྒྱ་གཞུང་གིས་བཙོན་ཁང་ནང་དུ་ཁོང་བསད་པ་རེད། དེར་མ་ཟད་རྒྱ་གཞུང་གིས་ཁོང་གི་དད་ལྡན་སློབ་བུ་རང་ལོ་༢༨ ཡིན་པའི་བློ་བཟང་དོན་འགྲུབ་ལ་ནག་ཉེས་བཙུགས་ནས་དུས་ཡུན་ཟླ་བ་༨ རིང་བཙོན་འཇུག་དང་མནར་གཅོད་བཏང་མཐར་བསད་པ་རེད།

བོད་ཕྱི་ནང་གི་བོད་མི་རྣམས་ཀྱིས་དྲང་བདེན་འཐོབ་ཆེད་ཞི་རྒོལ་གནང་གི་ཡོད་པ་རེད། ཁ་ཤས་ལོ་ཟླ་མང་པོར་བཙོན་འཇུག་བྱས་ནས་ད་དུང་ཁོ་ཚོའི་དྲང་བདེན་དངོས་ལ་ངོས་ལེན་བྱས་མེད་པ་རེད། དེ་བས། རིན་པོ་ཆེའི་གྲོངས་རྐྱེན་དངོས་ལ་ཞིབ་འཇུག་རྒྱུས་ལོན་མ་བྱུང་བར་དུ་ཚང་མས་མུ་མཐུད་དུ་རིན་པོ་ཆེའི་གྲོངས་རྐྱེན་ཞུ་གཏུག་གནང་བའི་རེ་སྐུལ་ཞུ་ཡི་ཡོད།

རྒྱ་གཞུང་གི་མ་ཉེས་ཁ་ཡོག་འོག་བོད་ནང་དུ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་བོད་རིགས་བཙོན་པ་མང་པོས་རྒྱ་གཞུང་གི་མནར་སྡུག་མྱངས་བསྡད་ཡོད་པ་རེད། ཁོང་ཚོར་སྡུག་སྦྱོང་མནར་གཅོད་ཇི་འདྲ་ཐེབས་ཀྱང་དྲང་བདེན་རྩོད་ས་དང་ཞི་འབོད་ཞུ་ས་གང་ཡང་མེད་པ་རེད། དེ་བས། ཚང་མས་མུ་མཐུད་དུ་དྲང་བདེན་གྱི་ཞི་འབོད་གནང་བའི་རེ་སྐུལ་ཞུ་ཡི་ཡོད།

ཚང་མར་ཐུགས་རྗེ་ཆེ་ཞུ།

ཉི་མ་ལྷ་མོ་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཉེ་འབྲེལ་དང་དད་ལྡན་མི་མང་༣༠༠ ལྷག་གིས་ཕྱི་ལོ་༢༠༡༥ ལོའི་ཟླ་༧ པའི་ཚེས་༡༥ ཉིན་བཙོན་ཁང་གི་ཕྱི་ལོགས་ནས་ཟས་བཅད་ཞི་རྒོལ་གནང་ནས། རིན་པོ་ཆེ་སྐུ་གྲོངས་རྐྱེན་དངོས་ལ་བརྟག་དཔྱད་དཔང་ཡིག་སྤྲོད་དགོས་པའི་ཞུ་འབོད་གནང་མཁན་གྱི་གྲས་ཡིན་པ་རེད།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གྲོངས་རྐྱེན་དངོས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས། ཞིབ་འཇུག་གི་གྲུབ་འབྲས་ཡོངས་བསྒྲགས་བཟོ་དགོས། གལ་ཏེ་སྐྱེ་བོ་གང་དེའི་གྲོངས་རྐྱེན་དངོས་སྣང་མེད་བཏང་བའམ་བརྟག་དཔྱད་ཞིབ་འཇུག་མ་བྱས་པའི་གནད་དོན་བྱུང་བ་ཡིན་ན། ནང་མིའི་གྱོད་གཏུག་ཐག་གཅོད་པའི་ཐོབ་ཐང་མངོན་འགྱུར་བྱེད་རྒྱུ་ནི་སྲིད་གཞུང་གི་གཡོལ་མེད་འོས་འགན་ཡིན་པ་རེད། དེར་མ་ཟད་དངོས་གནས་ཡིན་ན། སྐྱེ་བོ་གང་དེའི་གྲོངས་རྐྱེན་ལ་བརྟག་དཔྱད་ཞིབ་འཇུག་བགྱིས་ནས། རྐྱེན་ལམ་དུ་འདེད་མཁན་འབྲེལ་ཡོད་དབང་འཛིན་དཔོན་རིགས་ཚོར་ཁྲིམས་ཆད་གཅོད་པ་དང་སྐྱེ་བོ་གཞན་རྐྱེན་ལམ་དུ་མི་གཏོང་བའི་སྔོན་འགོག་བྱེད་དགོས་པ་རེད། རྒྱ་གཞུང་གིས་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གྲོངས་རྐྱེན་དངོས་ལ་ཕྱི་གསལ་ནང་གསལ་གྱི་བརྟག་དཔྱད་ཞིབ་འཇུག་མ་བྱས་པ་དང་འགན་ཡོད་དབང་འཛིན་དཔོན་རིགས་ཚོར་ཁྲིམས་ཆད་མ་བཅད་པ་དེ་ནི། དོན་དངོས་སུ་ཁྲིམས་སྐྱོང་༼ཁྲིམས་ཀྱི་དབང་སྒྱུར།༽རྩིས་མེད་བརྡལ་བཤིག་བཏང་ནས། བོད་ནང་དུ་ཟམ་མི་ཆད་པར་འབྱུང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ཐབས་ཀྱི་ཉེས་ཆེད་ཆག་ཡང་གི་ཁྲིམས་སྲོལ་མཇུག་བསྡུས་པའི་བརྡ་ལན་འབའ་ཞིག་ཡིན་པ་རེད།