09/08/2020

སྔོན་འགྲོའི་འོས་བསྡུར་རྟོགས་ཞིབ་ཀྱི་གསར་འགོད་གསལ་བསྒྲགས།

  •   
  •  
  •  
  •  
  •  
  •  
  •  

Screen-Shot-2015-10-20-at-11.39.37-AM

 

 

འདི་ག་ཨེ་ཤ་ཡ་དམངས་གཙོ་འབྲེལ་མཐུད་ཁང་ (Asia Democracy Network) དང་ཨེ་ཤ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་ (Asian Network for Free Elections) གཉིས་ཀྱི་ངོས་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ངོས་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་བཞིན། ཞི་འཇགས་དང་ཚགས་ཚུད་ཀྱི་ཐོག་ནས་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་དང་། ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ལས་རིམ་བརྒྱུད་ནས་བྱུང་བའི་ཉམས་མྱོང་གཞིར་བཟུང་སྟེ། མ་འོངས་པར་བཙན་བྱོལ་བོད་མིའི་དམངས་གཙོའི་ལས་རིམ་སྔར་བས་སྲ་བརྟན་དུ་གཏོང་ཐུབ་རྒྱུར་ཡིད་ཆེས་དང་རེ་བ་བྱ་བཞིན་ཡོད།

ཕྱི་ལོ་ ༢༠༡༡ ལོའི་འོས་བསྡུ་དང་བསྡུར་པ་ཡིན་ན། ༢༠༡༥ ལོའི་དམངས་གཙོའི་འོས་བསྡུའི་ལས་རིམ་ནང་མང་ཚོགས་སྔར་བའི་མང་པོ་ཚ་ཚ་འུར་འུར་གྱིས་མཉམ་ཞུགས་བྱས་འདུག དེའི་རྒྱུ་མཚན་ནི། ཐེངས་འདིར་འོས་བསྡུའི་ཁྱབ་བསྒྲགས་དང་བགྲོ་གླེང་བཅས་དམངས་གཙོའི་ལས་རིམ་ཆ་ཚང་སྔོན་དང་བསྡུར་ན་གྲ་རྒྱས་པོ་དང་ཚགས་ཚུད་པ་བྱུང་འདུག ལྷག་པར་དུ་ཚེས་ ༡༨ ཉིན་གྱི་སྔོན་འགྲོའི་འོས་བསྡུའི་སྐབས་མི་དམངས་མང་པོ་འོས་བསྡུའི་ས་ཚིགས་སོ་སོར་གྲལ་རིང་པོ་སྒྲིག་ནས་ཧ་ཅང་དོ་སྣང་ཆེན་པོའི་སྒོ་ནས་འོས་འཕངས་སོང་། ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་གྱི་མཐའ་མའི་དངོས་གཞིའི་འོས་བསྡུ་མཇུག་མ་སྒྲིལ་བར་དུ། མི་དམངས་མང་ཚོགས་ཀྱི་མཉམ་ཞུགས་ཀྱི་དབྱིངས་དང་དོ་སྣང་དེ་མུ་མཐུད་གནས་རྒྱུར་དགའ་བསུ་དང་སྐུལ་འདེད་བྱ་རྒྱུ་གལ་ཆེན་པོ་རེད།

20151020_090938དེ་བཞིན། འདི་ག་ཚོགས་པ་གཉིས་ཀྱི་ངོས་ནས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལྷན་ཁང་གིས་སྐུ་ངལ་འཛེམ་མེད་གནང་སྟེ། སྔོན་འགྲོའི་ལས་རིམ་རྣམས་ཚགས་ཚུད་སྒྲུབ་ཐུབ་པ་གནང་བ་དེར་བསྔགས་བརྗོད་ཤུགས་ཆེན་པོ་ཞུ་བཞིན་ཡོད། བོད་མིའི་བཙན་བྱོལ་སྤྱི་ཚོགས་འདི་འཛམ་གླིང་ཡུལ་ལུང་གང་སར་ཁ་འཐོར་དུ་གྱར་ཡོད་ནའང་། དབུས་འོས་བསྡུ་ལྷན་ཁང་གིས་ས་ཁུལ་དང་ཡུལ་ལུང་ཆུང་ཆུང་ཚང་མར་འོས་བསྡུ་ས་ཚིགས་བཙུགས་ཏེ། མི་དམངས་མང་པོས་འོས་འཕེན་ལ་མཉམ་ཞུགས་ཡོང་ཐུབ་པ་བཟོས་ཡོད་པ་དེ་ཆེས་བསྔགས་སུ་འོས་པ་མ་ཟད། འཛམ་གླིང་ཡུལ་ལུང་གཞན་པའི་འོས་བསྡུ་ལྷན་ཁང་དག་གི་ངོས་ནས་ཀྱང་མིག་དཔེར་ལྟ་དགོས་པ་ཞིག་ཆགས་ཡོད།

ད་ལྟའི་ཆར་མཐའ་མའི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་མ་འཐོན་པའི་བར་གྱི་ཟླ་བ་ལྔ་ལྷག་གི་དུས་ཡུན་རིང་པོ་འདི་བེད་སྤྱད་ནས། སྔོན་འགྲོའི་སྐབས་ཉམས་མྱོང་ག་རེ་ཐོབ་ཡོད་མེད་ཐད་ཕྱིར་རྟོགས་བྱས་ཏེ། མཐའ་མའི་སྐབས་སུ་དམངས་གཙོའི་ལས་རིམ་དེ་སྔར་བའི་གཏིང་ཇེ་ཟབ་དང་ཚགས་ཚུད་དུ་བཏང་བ་ཡིན་ན། དམངས་གཙོའི་ལས་རིིམ་ཡར་རྒྱས་ཚགས་ཚུད་ཡོང་བར་ཕན་ཐོག་ཆེན་པོ་ཡོང་གི་རེད།

འོས་བསྡུ་ལྷན་ཁང་ག་འདྲ་ཞིག་ཡིན་ནའང་། འོས་བསྡུ་ལྷན་ཁང་ནས་དྲང་སྙོམས་དང་རང་ཚུགས་ལྡན་པ། ལས་དོན་བྱེད་ཕྱོགས་ཚགས་ཚུད་ཡོད་དགོས་པ་དེ་གལ་ཆེན་པོ་ཡིན་པ་ཆོས་ཉིད་རེད། ད་ལྟའི་དྲང་ཚུགས་ལྡན་པའི་འོས་བསྡུ་ལྷན་ཁང་གི་ལས་དོན་ཁག་སྔར་བའི་སྲ་བརྟན་ཡོང་བའི་ཆེད། འོས་བསྡུ་ལྷན་ཁང་གི་ངོས་ནས་ད་ལྟའི་འོས་བསྡུའི་སྒྲིག་གཞི་འདིར་ཡར་རྒྱས་དང་ཕྱོགས་ཡོངས་ནས་གཅིག་མཚུངས་ལག་བསྟར་ཡོང་བར་ལས་དོན་ཁ་ཤས་ཤིག་བྱ་དགོས་པར་ང་ཚོས་ངོས་འཛིན་དང་རེ་བ་བྱེད་ཀྱིན་ཡོད། དཔེར་ན། འོས་བསྡུའི་སྐབས་སུ་འོས་མིའི་ཐད་འགྲོ་སོང་གཏོང་བའི་ཐད་ཚད་བཀག་བཟོས་ཡོད་པ་དེ་ཕྱོགས་ཡོངས་ནས་འདྲ་མཉམ་གྱིས་ཁྱབ་ཐུབ་རྒྱུར་བསམ་ཞིབ་ནན་མོ་གཏོང་དགོས་ཀྱི་འདུག དེ་དག་འདྲ་མཉམ་ཡོང་བའི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ལས་དོན་བསྒྲུབ་དགོས། དེ་བཞིན། སྔོན་འགྲོའི་སྐབས་ཀྱི་སྲིད་སྐྱོང་གི་འོས་ཤོག་གྲུབ་འབྲས་དེ་ཉིད་གང་མགྱོགས་མང་ཚོགས་ལ་གསལ་འདོན་ཐུབ་རྒྱུར་འབད་བརྩོན་བྱ་དགོས།

འོས་བསྡུ་ལྷན་ཁང་གི་ངོས་ནས་འོས་བསྡུའི་སྐབས་འོས་མིའི་འགྲོ་སོང་གཏོང་ཕྱོགས་ཐད་ཚད་བཀག་བཟོས་ཡོད་པ་དང་། འགྲོ་སོང་གང་བཏང་བ་རྣམས་འོས་བསྡུ་ལྷན་ཁང་ལ་སྙན་སེང་ཞུ་དགོས་པ་དེའི་དམིགས་ཡུལ་ནི་ཡང་དག་པ་དང་དྲང་བདེན་ཞིག་ཆགས་ཡོད་པ་རེད། ཡིན་ནའང་། དེ་འདྲའི་ཁྲིམས་སྒྲིག་ཁག་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ལག་བསྟར་བྱེད་དགོས་པ་ནི་དེ་བས་ཀྱང་གལ་ཆེན་པོ་རེད། ཡིན་ནའང་། བློ་ཕངས་པ་ཞིག་ལ་ཁྲིམས་སྒྲིག་འདིའི་ནང་དུ་གསལ་ཁ་མེད་པའི་གནད་དོན་ཡོད་པའི་རྐྱེན་པས། གཞུང་གིས་ངོས་འཛིན་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁ་ཤས་ཀྱིས་ཁྲིམས་དེར་གཡོལ་བའི་ཐོག་ནས་ཁོ་ཚོས་འོས་འདོན་བྱས་པའི་འོས་མི་ཚོར་དམིགས་བསལ་ཁེ་བཟང་རག་གི་ཡོད། དེར་བརྟེན། འོས་བསྡུ་ལྷན་ཁང་གི་འགྲོ་གྲོན་དང་འབྲེལ་བའི་ཁྲིམས་སྒྲིག་དེ་དག་འདྲ་མཉམ་དང་ཚད་ལྡན་ཡོང་བའི་ཆེད་དུ། དབུས་འོས་བསྡུ་ལྷན་ཁང་གི་ངོས་ནས་གཞུང་གི་ངོས་འཛིན་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དེ་དག་གིས་ལེན་གྱིན་པའི་ཁེ་བཟང་རྣམས་གཏན་འགོག་བྱ་རྒྱུའམ། ཡང་ན། གཞུང་གིས་ངོས་འཛིན་ཡོད་མེད་ཅི་རིགས་ཀྱི་ཚོགས་སྡེ་ཚང་མར་འདྲ་མཉམ་ཐོག་ཁྱབ་པ་བྱ་དགོས།

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༠ ཉིན་ལ་གོང་གསལ་ཚོགས་པ་གཉིས་ནས།