24/09/2020

སྐྱེ་རྒུ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞུ་རྩོད་གནང་། ཐོབ་ཐང་དོན་གཉེར་བ་ཀྲུར་བོ་པཱ་བི་ལའོ།

  •   
  •  
  •  
  •  
  •  
  •  
  •  

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཀྲུར་བོ་པཱ་བི་ལའོ་ཡིས། མི་ཚང་མས་སེམས་འཚབ་བྱེད་གཞི་དངོས་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་རྒྱུ་དེ་ཡིན་འོས་པ་དང་། ག་དུས་དྲང་བདེན་མིན་པའི་དཀའ་སྡུག་བྱུང་ན་དེ་དུས་ང་ཚོས་ངེས་པར་དུ་དྲང་བདེན་མིན་པར་ཞི་རྒོལ་སྐད་འབོད་གནང་དགོས་པར་ཡིད་ཆེས་གནང་དོན།

“ངའི་ཞི་རྒོལ་ལས་འགུལ་གྱི་རྒྱུད་རིམ་ཁྲོད་དུ་མི་མང་གིས་ང་ལ། ཁྱོད་རང་ཨོ་སི་ཊོར་ལེ་ཡའི་མི་རེད། རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་དང་ཡུ་གུར་བ། ཧོང་ཀོང་མི་མང་ལ་ལྟ་ཚུལ་ཇི་འདྲ་འཛིན་མིན་དེ་ཁྱོད་ལ་འབྲེལ་ག་རེ་འདུག་ཅེས་དོགས་འདྲི་བྱས་སོང་།”

རང་ལོ་༢༡ ཡིན་པའི་ཀྲུར་བོ་པཱ་བི་ལའོ་ནི་ཨོ་སི་ཊི་ལེ་ཡའི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་གནང་མཁན་ཞིག་རེད། ཁོང་ཡུལ་དེའི་ཁུན་སི་ལན་ཌི་གཙུག་ལག་སློབ་ཆེན་གྱི་འཐུས་མིའི་ཚོགས་མི་དང་མཚན་ཉིད་སྡེ་ཁག་གི་སློབ་ཕྲུག་ཡིན་ཞིང་། ཁོང་གིས་སློབ་རའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་ཞི་རྒོལ་གནང་བ་དང་། འདི་ལོའི་ཕྱི་ཟླ་༥ བའི་ནང་གཙུག་ལག་སློབ་ཆེན་གྱི་ངོས་ནས་སློབ་ཕྲུག་ཁོང་གིས་ཞི་རྒོལ་གནང་བ་དེ་ནི་ལོག་སྤྱོད་ཡིན་པའི་དོགས་གཞི་བྱས་པ་རེད།

“འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། གང་ཟག་ཅིག་སྐྱེས་པ་ནས་བཟུང་སྲུང་སྐྱོབ་དང་ཐོབ་ཐང་ལྷན་སྐྱེས་སུ་ཡོད་ལ། སྐྱེ་བོ་ཚང་མར་ཆེ་མཐོང་འདྲ་མཉམ་དུ་ཡོད། མི་ཚང་མས་འཚེ་བ་དང་འཇིགས་སྐྲག་མྱོང་མི་དགོས་པའི་རང་དབང་ཡོད་ལ། མནར་གཅོད་ཀྱི་འཇིགས་སྐྲག་དང་བཙན་གཡེམ་སོགས་མྱོང་མི་དགོས་པའི་རང་དབང་ཡོད། འོན་ཀྱང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་མི་དང་ཡུ་གུར་བ། ཧོང་ཀོང་མི་མང་གི་ཐོག་ལ་གདུག་རྩུབ་རིགས་ཚང་མ་བཙན་འགེལ་བྱེད་ཀྱི་ཡོད་པས། གནས་སྟངས་དེ་ནི་ང་ཚོས་སེམས་འཚབ་བྱེད་གཞི་ཡིན། ལས་བསོད་ཀྱི་དབང་གིས་མ་གཏོགས། ང་ཚོས་ཀྱང་མནར་སྡུག་མྱོང་ངེས་རེད། ཉེས་མེད་མི་སེར་དཀྱུས་མ་ཚོར་འཕྲད་པའི་དཀའ་སྡུག་ནི་ང་ཚོ་བློ་འཚབ་སྐྱེ་གཞི་ཡིན་ལ། ངས་ཞི་རྒོལ་བྱེད་དོན་ཡང་དེ་ག་རང་ཡིན།”

ན་ནིང་ཕྱི་ཟླ་༦ པའི་ནང་ཁོང་གིས་ཐོག་དང་པོར་ཧོང་ཀོང་གྲོང་ཁྱེར་ནང་བྱུང་བའི་རྒྱ་གཞུང་གི་བསམ་སྦྱོར་དང་ཡུ་གུར་མི་མང་བཀག་བསྐྱིལ་བཅས་ལ་ཞི་རྒོལ་གནང་བ་དང་། སྐབས་དེར་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་བྱེད་མཁན་མི་གྲངས་༢༠༠ ཙམ་གྱིས་སྐུ་ཞབས་ཀྲུར་བོ་གཙོས་ཞི་རྒོལ་གནང་མཁན་སློབ་ཕྲུག་༢༠ ཙམ་ལ་དྲག་པོའི་རྒོལ་འཛིང་བྱས་རྐྱེན། རྒྱལ་སྤྱིའི་སྟེང་དུ་ཁུན་སི་ལན་ཌི་གཙུག་ལག་སློབ་ཆེན་གྱིས་ཞི་རྒོལ་འཐབ་རྩོད་པར་དྲག་གནོན་དང་པེ་ཅིན་སྲིད་གཞུང་ལ་འགེབས་སྲུང་བྱས་སོང་བའི་སྐྱོན་རྗོད་ཤུགས་ཆེན་བྱུང་ཡོད།

སྐུ་ཞབས་ཀྲུར་བོ་པཱ་བི་ལའོ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།