03/08/2020

སྐུ་པར་ཉར་ཚགས་ཀྱི་རྐྱེན་པས་གྲྭ་ཆོས་འཕེལ་འཇུ་བཟུང་བཀག་ཉར་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་པའི་རོང་བོ་དགོན་པའི་གྲྭ་ཆོས་འཕེལ་ལགས།
རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་པའི་རོང་བོ་དགོན་པའི་གྲྭ་དགེ་འདུན་ཆོས་འཕེལ་ལགས།

སྐད་འཕྲིན་ནང་༧གོང་ས་མཆོག་གི་སྐུ་པར་བརྒྱུད་སྐུར་དང་ཉར་ཚགས་བྱས་པ་ཉེས་དམིགས་སུ་རྩིས་ཏེ། བོད་མདོ་སྨད་རེབ་གོང་རོང་བོ་དགོན་པའི་གྲྭ་ཆོས་འཕེལ་ལགས་རྒྱ་གཞུང་ཉེན་རྟོག་པས་ཁྲིམས་འགལ་ཐོག་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༠ ཉིན། བོད་མདོ་སྨད་རེབ་གོང་སྒོ་དམར་གྲོང་ཚོ་ནས་ཡིན་པའི་རོང་བོ་དགོན་པའི་གྲྭ་ཆོས་འཕེལ་ལགས། རྒྱ་གཞུང་ཉེན་རྟོག་པས་དགོན་པ་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟ་རེབ་གོང་རྫོང་ཐོག་ཏུ་ཡོད་པའི་བྲག་དམར་འོག་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་སྲིད་འཛིན་ས་ཁོངས་ལྟར་བྱས་ན། གྲྭ་ཆོས་འཕེལ་ལགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྒོ་དམར་གྲོང་ཚོ་ནས་ཡིན་པ་རེད། ཁོང་ད་ལྟ་རང་ལོ་ ༤༦ ཡིན་པ་དང་། ཆུང་དུས་ནས་རེབ་གོང་རོང་བོ་དགོན་པའི་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཞུགས་ཏེ་ད་ལྟ་འདུལ་བ་འཛིན་གྲྭར་བསླེབས་ཡོད་འདུག ཁོང་འཛིན་བཟུང་བྱེད་དགོས་དོན་ནི། ཁོང་གིས་སྐད་འཕྲིན་ནང་༸གོང་ས་མཆོག་གི་སྐུ་པར་ཁ་ཤས་ཤིག་བརྒྱུད་བསྐུར་དང་ཉར་ཚགས་བྱས་པའི་རྐྱེན་གྱིས་ཡིན་འདུག

བོད་རིགས་དད་ལྡན་མང་ཚོགས་ཀྱིས་༧གོང་ས་མཆོག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་གྱིས་ཚེ་འདི་ཕྱིའི་སྐྱབས་གནས་དམ་པར་ཡིད་ཆེས་བྱེད་བཞིན་ཡོད། དེ་བས། བོད་རིགས་དད་ལྡན་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་དད་གུས་དང་ཁོང་གི་སྐུ་པར་ཉར་འཇོག་བྱེད་པ་ནི། ཆོས་ལུགས་དད་མོས་རང་དབང་དང་འབྲེལ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཆགས་ཀྱི་ཡོད།

རྒྱ་གཞུང་གིས་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་རྒྱུ་མཚན་དུ་བྱས་ཏེ། བོད་མི་དད་ལྡན་པ་རྣམས་གང་བྱུང་འཇུ་བཟུང་བཙོན་འཇུག་བྱེད་བཞིན་པའི་བྱ་སྤྱོད་དེ་ནི། བོད་མི་རིགས་ཀྱི་ཆོས་དད་རང་དབང་གི་ཐོབ་ཐང་རྡོལ་རོལ་བཏང་བ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་གཞུང་གིས་ངོས་ལེན་མིང་རྟགས་བཀོད་ཡོད་པའི་༼འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས༽ཀྱིས་གཙོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་དག་རྩིས་མེད་དང་། རྒྱ་གཞུང་རང་ཉིད་ཀྱི་བཅའ་ཁྲིམས་ནང་དམངས་ཡོངས་ལ་ཆོས་དད་རང་དབང་ཡོད་པར་ཁས་ལེན་བྱས་པའི་དམ་བཅའ་དང་རྒྱབ་འགལ་དུ་གྱུར་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ནམ་རྒྱུན་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ཏེ། བོད་མི་ཚོའི་ཆོས་ལུགས་དད་མོས་རང་དབང་རྡོག་རོལ་གཏོང་བཞིན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད། རྒྱ་གཞུང་གི་བྱ་སྤྱོད་དེ་དག་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་སྔར་བའི་ལྷིང་འཇགས་མེད་པ་དང་། བོད་མི་རྣམས་དུས་རྒྱུན་འཇིགས་དངངས་དང་དཀའ་རྙོག་ཁོ་ནའི་འོག་འཚོ་དགོས་པའི་གནས་སྟངས་ཡོང་གི་ཡོད། དེར་བརྟེན། རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་གིས་གཙོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་སྲུང་བརྩི་བྱ་དགོས་པར་ནན་སྐུལ་བྱེད་ཀྱིན་ཡོད།