09/12/2019

ཤུག་པ་སྡེ་བའི་བུད་མེད་ཚོར་བརྙོས་བཅོས་དང་མང་ཚོགས་ཀྱི་ཞུ་འབོད་ལ་དྲག་གནོན།

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་གསང་བའི་འཇུ་བཟུང་བཙན་ཁྲིད་བྱས་པའི་འདན་མ་ཤུག་པ་སྡེ་བའི་སྡེ་དཔོན་དབང་གྲགས་ལགས།
རྒྱ་གཞུང་གིས་གསང་བའི་འཇུ་བཟུང་བཙན་ཁྲིད་བྱས་པའི་འདན་མ་ཤུག་པ་སྡེ་བའི་སྡེ་དཔོན་དབང་གྲགས་ལགས།

རྒྱ་གཞུང་དཔོན་རིགས་ཚོས་བོད་རིགས་བུད་མེད་གཞས་དང་བྲོ་འཁྲབ་མཁན་ཚོར་བརྙོས་བྱས་ཐོག  ༢༠༡༤ ལོའི་ཕྱི་ཟླ་ ༨ ཚེས་ ༡༡ གི་མཚན་མོར།  རྒྱ་གཞུང་གིས་དཀར་མཛེས་ཁུལ་སེར་ཤུལ་རྡོང་ལོ་ཕྱུག་གྲོང་རྡལ་ཤུག་པ་སྡེ་བའི་སྡེ་དཔོན་དབང་གྲགས་གསང་བའི་འཇུ་བཟུང་བྱས་བརྟེན། ཕྱི་ཚེས་ ༡༢ ཉིན་ས་གནས་མང་ཚོགས་ཀྱིས་ཞི་བའི་འདུ་འཛོམས་ཀྱིས་སྡེ་དཔོན་གློད་དགོས་པའི་རེ་སྐུལ་བྱས་པར།  རྒྱ་གཞུང་གི་དམག་མིས་མང་ཚོགས་ཀྱི་ཐོག་ལ་དུག་རླངས་འགལ་རྫས་དང་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་ཡོད་པ་མ་ཟད། བོད་མི་མང་པོ་འཇུ་བཟུང་བྱས་ཡོད་འདུག  ཚེས་ ༡༣ ནས་བཟུང་ཤུག་པ་སྡེ་བ་དམག་མིས་སྐོར་ཡོད་པ་དང་། ད་ལྟའི་ཆར་སྡེ་བའི་སྐྱེས་པ་ཕལ་ཆེ་བ་རི་མགོར་བྲོས་བྱོལ་དུ་ཕྱིན་ཡོད་འདུག  ཤུལ་ལུས་བུད་མེད་དང་རྒན་རྒོན་ཚོར་དམག་མིས་གཅར་རྡུང་འདྲི་བརྩད་བྱེད་བཞིན་པ་སོགས། ཤུག་པ་སྡེ་བའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག

 

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན།  ཉེ་ཆར་རྒྱ་གཞུང་དཔོན་རིགས་ཁག་ཅིག་སེར་ཤུལ་རྫོང་དུ་ལྟ་སྐོར་དུ་ཡོང་འཆར་ཡོད་སྟབས།  འདན་མ་ཤུག་པ་སྡེ་བ་སོགས་ལ་གཞས་དང་བྲོ་འཁྲབ་མཁན་ཡོང་དགོས་སྐོར་ཁུལ་དང་རྫོང་རིམ་པ་ནས་བཀའ་ཁྱབ་བཏང་ཡོད་པ་མ་ཟད། གཞས་དང་བྲོ་སྦྱོང་བརྡར་སྐབས་ཁུལ་གྱི་དཔོན་པོ་འགས་གཞས་དང་བྲོ་འཁྲབ་མཁན་བོད་རིགས་བུད་མེད་འགའ་ལ་བརྙས་བཅོས་བྱས་པར་བརྟེན།  བུད་མེད་ཚོས་ཤུག་པ་སྡེ་བའི་སྡེ་དཔོན་དབང་གྲགས་ལགས་ལ་གནས་ཚུལ་དེ་ཡར་ཞུ་བྱས་ཡོད་པ་དང་། སྡེ་དཔོན་དབང་གྲགས་ལགས་ཀྱིས་༼ཁུལ་དཔོན་ཚོས་བོད་རིགས་བུད་མེད་ཚོར་དེ་འདྲའི་བརྙོས་བཅོས་བྱེད་དོན་ཅི་ཡིན༽ཞེས། གཞུང་གི་ལས་བྱེད་ཚོར་གནས་ལུགས་བཤད་སྐབས། རྒྱ་གཞུང་ལས་བྱེད་ཚོས་ཁ་གཞན་ལ་གཡར་ཏེ་ཉེ་ཆར་འདན་མའི་རྟ་རྒྱུགས་བསང་གསོལ་གྱི་སྲོལ་རྒྱུན་བྱེད་སྒོ་ཁག་ལ། ཁུལ་དང་རྫོང་རིམ་པས་ཆོག་མཆན་སྤྲད་མེད་པས་ཁྲིམས་འགལ་ཡིན་སྐོར་ཉེས་འཛུགས་བྱས་ཡོད་པ་དང་། སྡེ་དཔོན་དབང་གྲགས་ལགས་ཀྱིས་བསང་གསོལ་དང་རྟ་རྒྱུགས་ནི་གནའ་སྔ་མོ་ནས་བོད་ལ་དར་བའི་ཆོས་ལུགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་སྟབས།  ཆོས་ལུགས་དད་པ་རང་མོས་ཡིན་པས་བོད་མིའི་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་ཁྲིམས་འགལ་དུ་བརྗོད་པ་དེར་ངོས་ལེན་མེད་ལུགས་བརྗོད་དེ། རྒྱ་གཞུང་གི་ལས་བྱེད་དང་སྡེ་དཔོན་བར་རྩོད་པ་ཤོར་ཡོད་འདུག

བོད་མིའི་ཐོག་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་བཟོས་ཡོད་པའི་རྣམ་པ།
བོད་མིའི་ཐོག་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་བཟོས་ཡོད་པའི་རྣམ་པ།

དེ་ལྟར་སྡེ་དཔོན་དབང་གྲགས་ལགས་ཀྱིས་ས་གནས་བོད་རིགས་བུད་མེད་ཚོར་བརྙོས་བཅོས་མཐོང་ཆུང་བྱས་པའི་གནས་ཚུལ་ཐད། ཁུལ་དཔོན་ཚོས་ངན་སྤྱོད་ཐེར་འདོན་དང་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས། ཕྱི་ཟླ་ ༨ ཚེས་ ༡༡ དགོང་མོའི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ། སྡེ་དཔོན་དབང་གྲགས་ལགས་རང་ཁྱིམ་ནས་གསང་བའི་བཙན་ཁྲིད་བྱས་འདུག

ཕྱི་ཚེས་ ༡༢ ཉིན་ས་གནས་མང་ཚོགས་ཀྱིས་གནས་ཚུལ་དེ་ཧ་གོ་བ་དང་། ལོ་ཕྱུག་གྲོང་རྡལ་སྲིད་གཞུང་གི་མདུན་དུ་འདུ་འཛོམས་ཐོག  ༼ང་ཚོའི་སྡེ་དཔོན་ཉེས་མེད་ཐོག་བཙན་ཁྲིད་བྱས་པ་གློད་གྲོལ་གཏོང་དགོས༽ཞེས་སྐད་འབོད་བྱས་སྐབས།  སེར་ཤུལ་རྫོང་ཐོག་ནས་དམག་མི་མང་པོ་ཆེད་གཏོང་བྱས་ཏེ། མང་ཚོགས་ཀྱི་འདུ་འཛོམས་ཁྲོད་དུག་རྫས་གཏོར་བ་མ་ཟད་དང་། གང་སར་མེ་མདའ་བརྒྱབ་ནས་དབང་གྲགས་ཀྱི་བུ་ལ་མདེའུ་གཉིས་དང་། དབང་དྲག་གི་སྤུན་མཆེད་བཟང་པོ་ལ་མདེའུ་གཉིས་ཕོག་ཡོད་པ་སོགས།  བོད་མི་བཅུ་གྲངས་ཡས་མས་ཤིག་ཤི་གསོན་ཅི་འགྱུར་མི་ཤེས་པའི་རྨས་སྐྱོན་ཚབ་ཆེན་བཟོས་ཡོད་འདུག

 

གཞན་ཡང་། ཕྱི་ཚེས་ ༡༢ གྱི་མཚན་གུང་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་མ་ཟད། མཚན་མོའི་སྨག་ནང་དུ་དམག་མིའི་རླངས་འཁོར་མང་པོ་འབྱོར་ཏེ། ཕྱི་ཚེས་ ༡༣ ཉིན་ཤུག་པ་སྡེ་པ་ཡོངས་དམག་མིས་སྐོར་ཡོད་འདུག  ད་ལྟའི་ཆར་སྡེ་བའི་ནང་གི་ཕོ་སར་ཕལ་མོ་ཆེ་རི་འགོར་སོགས་སུ་བྲོས་བྱོལ་བྱས་ཡོད་པ་དང་།  ཤུལ་ལུས་ཀྱི་ནང་མི་དང་བུད་མེད་ཚོར་དམག་མིས་གཅར་རྡུང་གཏོང་ཞོར་འདྲི་བརྩད་བྱེད་ཀྱིན་ཡོད་པ་སོགས།  ས་གནས་དེ་གའི་གནས་ཚུལ་ཧ་ཅང་ཛ་དྲག་ཆགས་བཞིན་ཡོད་འདུག

 

སྡེ་དཔོན་དབང་གྲགས་ལགས་ནི། ལོ་ ༤༥ ཡས་མས་ཡིན་པ་དང་། སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་ ཤུག་པ་གྲོང་སྡེ་ནས་ཡིན་པ་དང་། འདན་མའི་རྟ་རྒྱུགས་ཀྱི་འགན་འཛིན་ཡང་ཡིན་པ་རེད། ནམ་རྒྱུན་མི་མང་མང་ཚོགས་ལ་རོགས་རམ་ཐུགས་ཁུར་བྱེད་མཁན་ཞིག་ཡིན་འདུག

 

ཤུག་པ་སྡེ་བའི་ལོ་ཕྱུག་གྲོང་རྡལ་སྲིད་གཞུང་འདུན་འདུ་འཛོམས་ཀྱིས་ཞི་བའི་འབོད་སྐུལ་ཞུ་བཞིན་པའི་རྣམ་པ།
ཤུག་པ་སྡེ་བའི་ལོ་ཕྱུག་གྲོང་རྡལ་སྲིད་གཞུང་འདུན་འདུ་འཛོམས་ཀྱིས་ཞི་བའི་འབོད་སྐུལ་ཞུ་བཞིན་པའི་རྣམ་པ།

གནས་དེའི་ཐད་འདི་ག་ལྟེ་གནས་ཁང་གི་འགན་གྱིས། ༼ད་ལྟའི་ཆར་རྒྱ་གཞུང་གིས་བོད་མིའི་ཐོག་མེ་མདའ་བརྒྱབ་པའི་གནས་ཚུལ་དེས། རྒྱ་ནག་གཞུང་གིས་ནམ་རྒྱུན་བརྟན་ལྷིང་སྲུང་སྐྱོབ་ཀྱི་སྲིད་ཇུས་ཞེས་དྲིལ་བསྒྲགས་བྱེད་བཞིན་དེ་འང་ནང་འགལ་འགལ་ཆགས་ཡོད་པ་རེད། དོན་དངོས་ཐོག་རྒྱ་གཞུང་གིས་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུའི་ཚབ་ཏུ། བོད་མིའི་ཁྲིམས་མཐུན་གྱི་མངོན་འདོད་རྣམས་རྡོག་རོལ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་མེད་པ་བཟོ་བཞིན་ཡོད། གལ་སྲིད་རྒྱ་གཞུང་ལ་དངོས་གནས་བརྟན་ལྷིང་དགོས་ཀྱི་ཡོད་ན། སྡེ་དཔོན་དབང་གྲགས་ལྟ་བུའི་བོད་རིགས་ཚོའི་བསམ་འཆར་ལ་ཉན་འཇོག་བྱས་ཏེ། ས་གནས་བོད་རིགས་མང་ཚོགས་ཀྱི་དཀའ་ངལ་སེལ་ཕྱོགས་ཐད་ཤུགས་རྒྱག་དགོས་པ་རེད།༽ཅེས་བརྗོད་ཡོད།

 

དེ་བཞིན། འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་བོད་མིའི་ཐོག་མེ་མདའ་བརྒྱབ་ཏེ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེར་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཀྱིན་ཡོད། རྒྱ་གཞུང་གི་དྲག་སྤྱོད་དེ་རིགས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་དབང་ལ་བཤུ་གཞོག་གཉའ་གནོན་བྱས་པ་དང་གཅིག་མཚུངས་ཆགས་ཡོད།  རྒྱ་གཞུང་གིས་སྡེ་དཔོན་དབང་གྲགས་ལགས་མྱུར་དུ་ཀློད་གྲོལ་དང་།  ས་གནས་བོད་རིགས་མང་ཚོགས་ཁྲིམས་མཐུན་གྱི་ཁེ་དབང་སྤྲོད་དགོས་པ་མ་ཟད།  གནོད་སྐྱོན་ཕོག་ཡུལ་མང་ཚོགས་རྣམས་དགོངས་སེལ་དང་གུན་གསེབ་སྤྲོད་དགོས་པའི་རེ་སྐུལ་བྱེད་བཞིན་ཡོད།