14/12/2019

ལྟར་མོས་དགོན་གྲོང་གཉིས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

  •   
  •  
  •  
  •  
  •  
  •  
  •  

རྒྱ་གཞུང་གིས་འབྲི་རུ་རྫོང་ལྟར་མོས་དགོན་གྲོང་གཉིས་སུ། ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་ཏེ་དྲག་གནོན་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་པར་བརྟེན། ད་ལྟའི་ཆར་དགོན་པའི་ནང་གྲྭ་བ་མེད་པར་སྒོ་རྒྱག་ཡོད་འདུག

ལྟར་མོས་དགོན་པར་དམག་མིས་དམ་དྲག་བྱེད་བཞིན་པ།
ལྟར་མོས་དགོན་པར་དམག་མིས་དམ་དྲག་བྱེད་བཞིན་པ།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན།  ལྟར་མོས་དགོན་གྱིས་དུས་རྒྱུན་དགུན་ཁའི་གུང་གསེང་ཟླ་བ་གཅིག་རིང་ལ། གྲྭ་རྒྱུན་རྣམས་སོ་སོའི་ཁྱིམ་ཚང་ནང་གཏོང་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡོད་པ་ལྟར། ཉེ་ཆར་འདི་ལོའི་དགུན་གསེང་སྐབས་རྒྱ་གཞུང་གི་ལས་དོན་མི་སྣ་རྣམས་དགོན་པར་འབྱོར་ནས། ཤུལ་དུ་དཀོན་གཉེར་སོགས་དགོན་པ་ལྟ་སྲུང་མཁན་གྲྭ་བཙུན་ཉུང་ཤས་ཤིག་བསྡད་ཡོད་པ་རྣམས་ལ།  གྲྭ་བ་རྣམས་གང་དུ་ཡོད་མེད་སྐོར་སྐད་ཆ་དྲིས་ཏེ།  གྲྭ་བ་རྣམས་ཚུར་དགོན་པའི་ནང་བསྡུས་དགོས་པ་དང་། རང་ལོ་བཅུ་བདུན་ལ་སོན་མེད་པའི་གྲྭ་བཙུན་རྣམས་དགོན་པའི་ནང་སྡོད་མི་ཆོག་པ་སོགས་བཤད་འདུག

 

དེ་བཞིན། དགོན་པའི་གྲྭ་ཤག་རྣམས་ཀྱི་ལྡེ་མིག་འཁྱེར་ཡོང་དགོས་པའི་བཙན་སྐུལ་བྱས་པར།  ཤུལ་དུ་སྡོད་མཁན་གྲྭ་བ་དེ་དག་གིས་གྲྭ་ཤག་སོ་སོའི་ལྡེ་མིག་རྣམས་ཁོང་ཚོའི་ལག་ཏུ་མེད་པའི་གནས་ཚུལ་བརྗོད་མ་ཐག  དགོན་པ་དམག་གིས་སྐོར་རྗེས་གྲྭ་ཤག་རྣམས་ཀྱི་སྒོ་ལྕགས་གཏོར་ཏེ། གྲྭ་ཤག་དག་ནང་ཡོད་པའི་གློག་ཀླད་སོགས་ཅ་དངོས་ཁག་ཅིག་བཙན་འཁྱེར་བྱས་ཡོད་པ་མ་ཟད། གྲྭ་བ་ཚོར་འབྲེལ་ཡོད་གྲོང་པ་དང་ཁྱིམ་ཚང་རྣམས་ཀྱང་དམག་གིས་བསྐོར་ཏེ།  ལྭ་ནག་པོ་གྱོན་པའི་དྲག་ཆས་དམག་མི་དག་གིས་མི་ཚང་ཡོངས་རྫོགས་བསྔོགས་བཤེར་བྱས་ཏེ།  ལག་ཐོག་ཁ་པར་དང་རླུང་འཕྲིན་ཉན་ཆས། འདྲ་པར། གྲི་རྙིང་པ། དངོས་པོ་བླུག་སྣོད་སྒམ་ཆུང་སོགས་ཅ་དངོས་ཙག་ཙིག་རྣམ་གྲངས་ཉི་ཤུ་ཙམ་བཙན་འཁྱེར་བྱས་ཡོད་འདུག

 

གཞན་ཡང་།  དགོན་པའི་དགུན་གསེང་སྐབས་ལྷ་སར་ཕྱིན་པའི་གྲྭ་བ་གསུམ་ཡང་། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་འཇུ་བཟུང་བཙན་འཁྲིད་ཀྱིས་བཀག་ཉར་བྱས་ཡོད་པ་དང་།   ཁོ་ཚོ་ས་གནས་གང་དུ་ཡོད་མེད་དང་འཇུ་བཟུང་དགོས་པའི་རྒྱུ་རྐྱེན་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

 

ད་ལྟའི་ཆར་ལྟར་མོས་དགོན་དང་ཉེ་སྐོར་གྲོང་ཁ་ཤས་དམག་གིས་བསྐོར་ཏེ། དམ་དྲག་བཀག་སྡོམ་འོག་གནས་ཡོད་པ་དང་། དགོན་པའི་ནང་གྲྭ་བ་མེད་པར་སྒོ་བརྒྱབས་འདུག  བཅར་སྡོད་ལས་བྱེད་མི་སྣས་དགོན་པ་སྒོ་འབྱེད་དགོས་སྐོར་བཙན་སྐུལ་བྱས་པའི་ལན་དུ།  དགོན་པའི་འགྲེལ་ཡོད་མི་སྣས་ད་ལྟ་འཇུ་བཟུང་བྱས་ཟིན་པའི་གྲྭ་བ་རྣམས་ཕྱིར་གློད་པ་ཡིན་ན།  དགོན་པ་སྒོ་ཕྱེ་ནས་གྲྭ་བ་རྣམས་ཚུར་བསྡུ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

 

རླངས་འཁོར་རྒྱབ་ཏུ་དམག་ལྭ་གྱོན་མེད་པའི་དམག་དཔུང་གིས་སྐོར་གཡེང་བྱེད་བཞིན་པ།
རླངས་འཁོར་རྒྱབ་ཏུ་དམག་ལྭ་གྱོན་མེད་པའི་དམག་དཔུང་གིས་སྐོར་གཡེང་བྱེད་བཞིན་པ།

འདི་ལོ་ཕྱི་ཟླ་ ༩ ནས་བཟུང་བོད་རང་ལྗོངས་སྲིད་གཞུང་གིས་འབྲི་རུ་རྫོང་དུ། ཞི་མཐུན་ལྡན་པའི་འབྲི་རུ་བསྟོད་དགོས་ཞེས་པ་གཙོ་དོན་ཡིན་པའི་སློབ་གསོའི་ལས་འགུལ་སྤེལ་ཏེ། ས་གནས་བོད་རིགས་མི་མང་ལ་འདུག་བཟོད་བྲལ་བའི་དྲག་གནོན་སུན་གཙེར་བྱས་ཡོད་པ་མ་ཟད། ཟླ་སྔོན་མར་ཧ་ལམ་ཁྱིམ་ཚང་གཉིས་རེའི་བར་དུ་གཞུང་གི་ལས་བྱེད་གཅིག་རེ་བགོ་འགྲེམས་ཀྱིས་དོ་དམ་ལྟ་རྟོགས་བྱེད་བཞིན་ཡོད་འདུག

 

ས་གནས་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས། འབྲི་རུ་རྫོང་ནི་ཆབ་སྲིད་ཐོག་བདེ་འཇགས་མེད་པའི་ལུང་པ་ཞིག་ཡིན་པ་དང་། རྫོང་འདིར་ཞི་བདེ་ལྷིང་འཇགས་བཟོ་མ་ཐུབ་ཚེ།  དེའི་རྒྱུ་རྐྱེན་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཡོངས་སུ་ཤུགས་རྐྱེན་ངན་པ་འཐེབ་སྲིད་པས།  འབྲི་རུ་རྫོང་གི་ཡུལ་མི་རྣམས་ལ་བསམ་བློའི་སློབ་གསོ་མཐར་ཕྱིན་པ་བརྒྱག་དགོས་སྐོར་བརྗོད་དེ།  ཉིན་མཚན་མེད་པར་སྡེ་དགོན་ཡོངས་ལ་བསམ་བློའི་སློབ་གསོའི་ཚོགས་འདུ་འཚོགས་བཞིན་ཡོད་འདུག

 

མཚོ་སྔོན་དང་ཟི་ཁྲོན་སོགས་ལ་སློབ་གཉེར་བྱེད་བཞིན་པའི་འབྲི་རུ་རྫོང་ཁོངས་ཀྱི་གྲྭ་བཙུན་རྣམས་བཙན་གྱིས་བསྐོང་འགུག་བཀག་སྡོམ་བྱས་ཡོད་པ་དང་།  རྒྱ་གར་ལ་འགྲོ་མྱོང་མཁན་དང་།  མཚོ་སྔོན་དང་ཟི་ཁྲོན་སོགས་ལ་འགྲོ་མྱོང་མཁན་གྲྭ་བཙུན་རྣམས་ལོགས་སུ་བགར་ཏེ། དམིགས་བསལ་གྱིས་བསམ་བློའི་སློབ་གསོ་ཟེར་བ་གཏོང་བཞིན་ཡོད་འདུག

 

དེང་སྐབས་འབྲི་རུ་རྫོང་དུ་མིང་འདོགས་སྣ་ཚོགས་འོག་ཆབ་སྲིད་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་མ་ཟད།  དམག་མི་རྣམས་ཀྱིས་དམག་ལྭ་མ་གྱོན་མེད་པར་མང་ཚོགས་ཁྲོད་ཡོང་སྟེ། གསང་སྟབས་ཀྱིས་བོད་མི་མང་པོ་འཇུ་བཟུང་བྱེད་བཞིན་པ་སོགས་གནས་སྟངས་སྔར་བའི་ཛ་དྲག་ཏུ་འགྲོ་བཞིན་ཡོད་འདུག  ས་གནས་མང་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། འབྲི་རུ་རྫོང་ཁོངས་སུ་འཇུ་བཟུང་བཀག་ཉར་བྱས་པའི་མི་གྲངས་སྟོང་ཕྲག་བརྒལ་གྱི་ཡོད་འདུག