09/04/2020

ལོ་ ༦༧ འཁོར་བའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བསྒྲགས་གཏམ།

  •   
  •  
  •  
  •  
  •  
  •  
  •  

0111དེ་རིང་ནི་ ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ <<ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་>> སྤེལ་ནས་ལོ་ཧྲིལ་པོ་ ༦༧ འཁོར་བའི་དུས་དྲན་ཉིན་མོ་ཡིན་ལ། ལྷག་པར་དུ་ད་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ <<སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས>> དང་། <<དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས>> གཉིས་ལ་དམིགས་བསལ་སྲུང་བརྩི་བྱ་བཞིན་ཡོད། དེ་བཞིན། ད་ལོའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བསྒྲགས་གཏམ་ཡང་ <<ང་ཚོའི་རང་དབང་། ང་ཚོའི་ཐོབ་ཐང་།>> ཞེས་པ་སྟེ། འགྲོ་བ་མིའི་གཏམ་བརྗོད་རང་དབང་དང་། ཆོས་དད་རང་དབང་། འདོད་རྔམ་བྲལ་བའི་རང་དབང་། འཇིགས་ཞུམ་བྲལ་བའི་རང་དབང་བཅས་སོ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། ད་ལོའི་དུས་དྲན་འདི་དང་སྟབས་བསྟུན་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་དག་ལ་འཕྲད་བཞིན་པའི་དཀའ་སྡུག་གནས་སྟངས་ལ་དམིགས་ཏེ་རྩོམ་སྒྲིག་བྱས་པའི་ <<འགྲོ་བ་མིའི་ཐོབ་ཐང་སྲུབ་སྐྱོབ་མཁན་གྱི་ཉེར་སྤྱོད་ལག་དེབ།>> ཅེས་པའི་དེབ་ཆུང་ཞིག་འགྲེམས་སྤེལ་དང་། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གལ་ཆེའི་བོད་འགྱུར་རྒྱལ་སྤྱིའི་སྤྱི་ཆིངས་ཁག་གི་ཆེད་སྤྱོད་ཐ་སྙད་རྣམས་གཅིག་གྱུར་ཐོག སྤྱི་ཆིངས་དེ་དག་བསྐྱར་དུ་དག་སྒྲིག་གིས་པར་བསྐྲུན་འགྲེམས་སྤེལ་བྱེད་བཞིན་ཡོད།

དེ་ཡང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནོ་རམ་བྷར་ཁི་ཁྲིམས་བཤེར་(Nuremberg Tribunal)སྐབས་འཇར་མན་ན་ཙེའི་ཉེས་ཅན་མགོ་ཁྲིད་ཚོར་བཙོན་འཇུག་ཁྲིམས་གཅོད་ནན་མོ་བྱས་ཡོད་པ་རེད། ཁྲིམས་བཤེར་དེའི་སྐབས་སུ་འཇར་མན་ན་ཙེ་སྲིད་གཞུང་གི་ཡིག་ཆ་ཁག་གཞིར་བཟུང་ནས། རྒྱལ་སྤྱིའི་ཁྲིམས་ལུགས་ཡོངས་རྫོགས་རྡོག་རོལ་གྱིས་ནག་ཉེས་ཆེན་པོ་བཟོས་ཡོད་པ་གསལ་སྟོན་བྱས་ཡོད། ཞིབ་བཤེར་ཁྲིམས་གཅོད་དེ་ནི་རྒྱལ་སྤྱིའི་ནག་ཉེས་ཚར་གཅོད་ཀྱི་གོ་རིམ་ཁྲོད་ནས་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད། དེ་བཞིན། ཡའོ་གོ་སི་ལ་བེ་ཡཱ་(Yugoslavia)དང་། ཨ་ཧྥེ་རི་ཀའི་ལུང་པ་རའོ་ཝན་ཊ་(Rwanda)དང་ཆ་ཊི(Chad)། ཨེ་ཤ་ཡའི་ལུང་པ་ཀམ་བྷོ་ཊའི་ཡཱ་(Cambodia)སོགས་སུའང་། ནོ་རབ་བྷར་ཁི་ཁྲིམས་བཤེར་ཀྱི་ཤུགས་རྐྱེན་འོག་ནག་ཉེས་བྱས་སྤྱོད་དག་ལ་ཁྲིམས་ཆད་བཅད་ཡོད། ༢༠༡༣ ལོར་སི་པིན་ཁྲིམས་ཁང་གིས་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ནག་ཉེས་ཁྲིམས་བཤེར་བྱ་རྒྱུའི་ཐག་གཅོད་དེའང་ནོ་རབ་བྷར་ཁི་ཁྲིམས་བཤེར་ལ་ཁུངས་གཏུགས་བྱས་ཡོད། རྒྱལ་སྤྱིའི་ཁྲིམས་བཤེར་དེ་དག་སྐབས་གཞི་འཛིན་ས་གཙོ་བོ་ནི་མནར་གཅོད་མྱོངས་མཁན་མི་དམངས་ཀྱི་ཚིག་ཐོ་ཙམ་དུ་མ་ཟད། མནར་གཅོད་གཏོང་མཁན་སྲིད་གཞུང་གི་ཡིག་ཆ་དག་ལ་ཁུངས་གཏུགས་བྱས་ཡོད།

བོད་ནང་དུ་རྒྱ་དམར་གུང་ཁྲན་གྱིས་མི་རིགས་རྩ་གཏོར་དང་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་གཏོང་བཞིན་ཡོད་ལ། དེ་དག་ཁྲོད་བོད་མི་རྣམས་གར་སོང་ཆ་མེད་དང་མནར་གཅོད་འོག་འདས་གྲོངས་སོགས་ཀྱི་ཡ་ང་བའི་དཀའ་སྡུག་མུ་མཐུད་མྱོང་བཞིན་ཡོད། དེའི་ཐད་ཀྱི་རྒྱ་གཞུང་འབྲེལ་ཡོད་ཡིག་ཆ་མང་པོ་ཞིག་འདི་ག་ལྟེ་གནས་ཁང་ལ་རིམ་པར་ལག་སོན་བྱུང་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༡༣ ནས་བཟུང་ད་ལྟའི་བར་འདི་ག་ལྟེ་གནས་ཁང་ལ་ཁྱོན་བསྡོམས་རྒྱ་གཞུང་གི་ཡིག་ཆ་ལྔ་ཙམ་ལག་སོན་བྱུང་ཡོད་དེ། ༢༠༠༨ ལོའི་ས་བྱི་ཞི་རྒོལ་སྐབས་དམར་གསོད་ཐེབས་པའི་བོད་མིའི་ཕུང་པོ་རྣམས་ལ་རྒྱ་གཞུང་ཉེན་རྟོག་པས་བརྟག་དཔྱད་བྱས་པའི་སྐོར་གྱི་གསང་བའི་ཡིག་ཆ་དེ་ལས། སྐབས་དེར་བོད་མིར་དྲག་གནོན་དམར་གསོད་ཀྱི་བཀོད་ཁྱབ་གཏོང་མཁན་ནི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་མགོ་ཁྲིད་པའི་རྒྱ་ནག་དབུས་གཞུང་ཆགས་ཡོད།

གཞན་ཡང་། རྒྱ་གཞུང་གི་ལས་བྱེད་ཚོའི་ངོས་ནས་ཞི་བའི་སྐད་འབོད་བྱེད་མཁན་རྣམས་ཀྱི་ཐོག་མེ་མདའ་བརྒྱབ་སྟེ་དམར་གསོད་གཏོང་བཞིན་པའི་ཡིག་ཆ་དང་། བོད་ནང་རང་ལུས་མེར་བསྲེགས་ཐད་བཀག་སྡོམ་དྲག་གནོན་དང་འབྲེལ་བའི་གཞུང་འབྲེལ་ཡིག་ཆ། བོད་མི་རྣམས་ཀྱི་འགྲོ་བསྐྱོད་བཀག་སྡོམ་ཐད་ཀྱི་གཞུང་འབྲེལ་ཡིག་ཆ། བོད་ནང་གི་རང་ལུས་མེར་བསྲེགས་ཐད་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་གང་ཟག་སྒེར་ཙམ་མ་ཡིན་པར། ཁོང་ཚོའི་ཕ་མ་སྤུན་མཆེད་དང་ནང་མི། གནས་ཡུལ་སྡེ་པ་དང་དགོན་སྡེ་ཁག་བཅས་སྤྱི་ཚོགས་རང་བཞིན་ལ་དྲག་གནོན་དང་ཉེས་ཆད་གཏོང་བཞིན་པའི་ཡིག་ཆ། དེ་བཞིན། ཉེ་ཆར་ལག་སོན་བྱུང་བའི་འབྲི་རུ་རྫོང་དུ་བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་དང་བོད་མིའི་ཆོས་ལུགས་དད་མོས་རྩ་གཏོར་གཏོང་བཞིན་པའི་ཐད་ཀྱི་རྒྱ་གཞུང་ཡིག་ཆ་བཅས་སོ། ཡིག་ཆ་དེ་དག་གིས་བོད་ནང་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ནག་ཉེས་ཚབས་ཆེན་བཟོ་བཞིན་ཡོད་པ་གསལ་འདོན་བྱས་ཡོད་པ་མ་ཟད། ནོ་རམ་བྷར་ཁི་ཁྲིམས་བཤེར་གྱི་ཆ་རྐྱེན་གཙོ་བོ་དེ་དག་ཚང་གི་ཡོད་པ་དཔང་སྐྱེལ་བྱེད་ཀྱི་ཡོད།

མཐའ་དོན་འདི་ག་ལྟེ་གནས་ཁང་གི་དམིགས་རེ་གཙོ་བོ་ནི་འཛམ་གླིང་སྒང་སྐྱེ་བོ་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་ཡོད་པ་ནང་བཞིན། བོད་མི་རྣམས་ཀྱིས་ཀྱང་གཅིག་མཚུངས་འགྲོ་བ་མིའི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་ཐུབ་པ་ཞིག་ཡོང་རྒྱུ་དེ་ཡིན་ནོ། །

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས།
ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ཉིན་ལ།

cover1
<<འགྲོ་བ་མིའི་ཐོབ་ཐང་སྲུབ་སྐྱོབ་མཁན་གྱི་ཉེར་སྤྱོད་ལག་དེབ།>> ཅེས་པའི་དེབ་ཆུང་འདི་ཉིད།
འདིར་འཐེབ་གནོན་བྱས་ནས་ཕབ་ལེན་བྱས་ཆོག