14/04/2021

ལོ་ལྔའི་སྔོན་ལ་བརྒྱུད་ལམ་དུ་ “ཁྲིམས་འགལ་གྱི་བརྗོད་དོན་” སྤེལ་བའི་བསྙོན་འཛུགས་འོག་རྒྱ་གཞུང་གིས་འབྲོག་མི་ཞིག་བཙོན་འཇུག་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  
བཀྲ་ཤིས་རྒྱལ་ལ་ཁྲིམས་བཤེར་བྱས་སྐབས།

འདི་ག་ལྟེ་ནས་ཁང་གི་ངོས་ནས། རྒྱ་གཞུང་གིས་རང་ལོ་༥༠ ཡིན་པའི་བོད་མི་ཞིག་བཙོན་ཏུ་བཅུག་པར་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྒྱ་ནག་ས་གནས་སྲིད་གཞུང་གི་དབང་འཛིན་པ་ཚོས་བོད་མི་ཞིག་ལ་ཁོ་རང་སྒེར་གྱི་འཕྲིན་ཕྲན་རྒྱབ་ལྗོངས་སུ་སྤེལ་བའི་བརྗོད་དོན་དེ་དག་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ཉེས་གསོག་ཡིན་ལུགས་ཀྱི་བསྙོན་འཛུགས་འོག་ཏུ་མི་ལོ་གཅིག་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
འདས་ལོའི་ཕྱི་ཟླ་༡༠ བའི་ཚེས་༡༣ ཉིན་རྒྱ་གཞུང་གིས་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ནས་ཡིན་པའི་བོད་མི་བཀྲ་ཤིས་རྒྱལ་ལ་ “རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་” ཟེར་བའི་ནག་ཉེས་བཙུགས་ཡོད་པ་དང་། དེ་ནི་མི་ལོ་ལྔ་ཡི་ཡར་སྔོན་གྱི་ཉེས་འཛུགས་གྱོད་དོན་ཞིག་ཡིན་འདུག རྒྱ་ནག་ས་གནས་ཉེན་རྟོག་ཁང་གིས་དབཀྲ་ཤིས་རྒྱལ་འབོད་འགུག་གིས་འདྲི་གཅོད་བྱས་རྗེས་ཀྱི་ཕྱི་ཟླ་༥ བའི་ཚེས་༡༦ ཉིན་ནས་བཀག་བསྐྱིལ་བྱས་ཤིང་། ཁོང་གི་ལག་འཁྱེར་ཁ་པར་ཡང་བཙན་འཕྲོག་བྱས་འདུག སྐབས་དེར་རྒྱ་གཞུང་གིས་བཀྲ་ཤིས་རྒྱལ་ལ་དུས་ཡུན་ཉིན་གྲངས་༡༥ ཡི་སྲིད་འཛིན་བཀག་ཉར་གྱི་ཉེས་ཁྲིམས་བཅད་འདུག་ཅིང་། ཕྱི་ཟླ་༥ ཚེས་༣༠ ཉིན་བསྐྱར་དུ་བཀྲ་ཤིས་རྒྱལ་བཀག་ཉར་གྱི་དུས་ཡུན་ཕར་འགྱང་བཏང་སྟེ་ཟླ་༦ ཚེས་༡༢ ཉིན་དངོས་སུ་འཛིན་བཟུང་བྱས་པར་ཆ་འཇོག་བྱས་འདུག
རྒྱ་གཞུང་གི་ཁྲིམས་བཤེར་བྱེད་མཁན་ཚོས་བཀྲ་ཤིས་རྒྱལ་ལ་ནག་མེད་ཉེས་འཛུགས་སུ་སྤྱད་པའི་བདེན་དཔང་ཟེར་བ་དེས། དོན་དངོས་སུ་རྒྱ་གཞུང་གིས་བོད་ཁུལ་དུ་གསང་མྱུལ་བ་འགྲེམ་འཇོག་དང་། དོགས་ཟོན་མྱུལ་ཞིབ་དང་དྲ་ལམ་ཞིབ་བཤེར་གྱི་ཡོ་བྱད་སྤྱད་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་གསང་བའི་ལྟ་རྟོགས་བྱེད་བཞིན་པ་གསལ་སྟོན་བྱས་ཡོད། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་གནས་ཚུལ་ལྟར་ན། རྒྱ་གཞུང་གི་ཁྲིམས་བཤེར་ལག་ཏུ་བསྟར་མཁན་ཚོས་བཀྲ་ཤིས་རྒྱལ་ལ། ཕྱི་ལོ་༢༠༡༤ ཟླ་༡༠ བའི་ཚེས་༡༤ དང་ཟླ་༡༠ བའི་ཚེས་༡༢། ཟླ་༡༠ བའི་ཚེས་༡༩ བཅས་ལ་༸གོང་ས་མཆོག་གི་བཀའ་སློབ་དང་སྐུ་པར་༤ ཕབ་ལེན་གྱིས་འཕྲིན་ཕྲན་གྱི་གྲོགས་ཚོམ་ནང་བསྐུར་བའི་ནག་ཉེས་བཙུགས་པ་དང་། ཕྱི་ལོ་༢༠༡༥ ཟླ་༡ ཚེས་༡ ཉིན་བཀྲ་ཤིས་རྒྱལ་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་བོད་ཀྱི་རྒྱལ་དར་གྱི་འདྲ་པར་ཁག་ཅིག་གྲོགས་ཚོམ་ནང་བརྒྱུད་སྤེལ་བྱས་པར་ཚོགས་མི་ཚོས་འདྲ་པར་དེ་དག་ལ་མོས་རྟགས་དང་མཆན་འགྲེལ་བཀོད་ལུགས་ཀྱི་ནག་ཉེས་བཙུགས་པ། ལོ་དེའི་ཕྱི་ཟླ་༣ པའི་ཚེས་༡ ཉིན་ཏེ་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པར་བསྙོན་པའི་བོད་ཞི་བའི་སྒེར་ལངས་སུམ་བཅུའི་དུས་དྲན་ཉིན་བཀྲ་ཤིས་རྒྱལ་གྱིས་ “བོད་རང་བཙན་” དང་འབྲེལ་བའི་ “ལོ་སར་ཤིས་ཚིག་སྐོར་གྱི་བརྙན་ཐུང་” ཞིག་ཕམ་ལེན་བྱས་ལུགས་ཀྱི་ཉེས་འཛུགས། མ་ཟད་ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༢ ཉིན་ཁོས་འཕྲིན་ཕྲན་གྲོགས་ཚོམ་ནང་ད་དུང་ “སྤྱིར་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བོད་ལ་ཕེབས་” ཀྱི་རེ་སྒུག་མཚོན་པའི་ཆ་འཕྲིན་དང་། དེ་འབྲེལ་གྱི་༸གོང་ས་མཆོག་དང་སྲིད་སྐྱོང་བློ་སེང་གི་འདྲ་པར་དང་བརྙན་ཐུང་སོགས་བརྒྱུད་སྤེལ་བྱས་ལུགས་ཀྱི་ནག་ཉེས་བཙན་འགེལ་བྱས་ཡོད་འདུག
རྒྱ་གཞུང་གིས་ཉེས་འཛུགས་བདེན་དཔང་བྱེད་ཆེད། བཀྲ་ཤིས་རྒྱལ་གྱིས་ཁྲིམས་འགལ་གྱི་བརྗོད་དོན་སྤེལ་ལུགས་ཀྱི་གནས་ཚུལ་དེ་དག་བོད་ལྗོངས་གསར་འགྱུར་འགྲེམ་སྤེལ་དང་རྒྱུ་སྤུས་རྟོགས་ཞིབ་ཁང་ཟེར་བར་བསྐུར་བ་དང་། རྟོགས་ཞིབ་ཁང་དེས་བཀྲ་ཤིས་རྒྱལ་གྱིས་སྤེལ་བའི་གནས་ཚུལ་ཚང་མ་ “རྒྱལ་ཁབ་ཀྱི་བདེ་འཇགས་དང་མངའ་ཁོངས་བདག་དབང་དང་ས་ཁོངས་མཐུན་སྒྲིལ་བཅས་ཀྱི་ཉེན་ཁ་” དང་འབྲེལ་ལུགས་ཐག་གཅོད་བྱས་ཤིང་། ཐག་གཅོད་དེ་བརྒྱུད་ནས་མགོ་ལོག་ཁུལ་ཞིབ་དཔྱོད་ཁང་གིས་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་ཏེ། མགོ་ལོག་འབྲིང་རིམ་མི་དམངས་ཁང་ཟེར་བས་གསང་བའི་ཁྲིམས་ར་བསྡུས་པ་དང་། ཁྲིམས་བཤེར་སྐབས་སུ་བཀྲ་ཤིས་རྒྱལ་གྱིས་ཁོང་གི་བརྒྱུད་སྤེལ་གནས་ཚུལ་ལ་ལྟ་མཁན་ཚོགས་མི་རེ་འགའ་ལས་མེད་པས་ཁྲིམས་བཤེར་བྱེད་རན་མེད་པའི་དག་འབུལ་བྱས་ཀྱང་། ཁྲིམས་ཁང་གིས་བཀྲ་ཤིས་རྒྱལ་གྱི་ཞུ་གཏུག་ལ་མ་ཉན་པར་བཙོན་འཇུག་གི་བཅད་ཁྲ་བཏང་འདུག
འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་བཀྲ་ཤིས་རྒྱལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་ལ། སྒེར་དབང་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་གཞན་དག་སྲུང་སྐྱོབ་བྱས་པའི་རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་དེ་དག་ལ་རྒྱ་གཞུང་གིས་ལག་བསྟར་ཆོག་མཆན་གྱི་མིང་རྟགས་འཁོད་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྒེར་དབང་ཐོབ་ཐང་ལ་ཧམ་འཛུལ་གྱིས་སྒེར་དབང་ཐོབ་ཐང་ལ་ལོག་འགྲེལ་རྒྱ་ཆེན་པོ་བྱས་འདུག གོང་ཞུས་གནས་ཚུལ་ལྟར། རྒྱ་གཞུང་གིས་བཀྲ་ཤིས་རྒྱལ་བཙོན་འཇུག་བྱེད་དོན་དངོས་ནི། ཁོང་གིས་ཞི་བའི་ཐོག་ནས་སོ་སོའི་རྣམ་དཔྱོད་ལོངས་སུ་སྤྱད་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས། བོད་ཀྱི་རྒྱལ་དར་དང་སྲིད་སྐྱོང་བློ་བཟང་སེང་གེ་སོགས་དང་འབྲེལ་བའི་གནས་ཚུལ་འདོན་སྤེལ་དང་བརྒྱུད་སྐུར་བྱས་པས་རེད་ལ། ལྷག་པར་དུ་བཀྲ་ཤིས་རྒྱལ་གྱི་བསམ་བརྗོད་རང་དབང་གི་ཐོབ་ཐང་ནི་སུས་ཀྱང་འཕྲོག་མི་རུང་བའི་ཐོབ་ཐང་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་ཐོབ་ཐང་འདི་ཉིད་རྩིས་མེད་གཏོང་བའི་དམིགས་བསལ་གཏན་ནས་མེད་པ་རེད།
སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་དོན་ཚན་༡༧ པའི་ནང་དུ་སྒེར་དབང་ཐོབ་ཐང་ལ་སྲུང་སྐྱོབ་བྱས་ཡོད་པར་མ་ཟད། རྒྱ་གཞུང་གིས་མིང་རྟགས་འཁོད་ཀྱང་ལག་བསྟར་ཆོག་མཆན་མ་སྤྲད་པའི་སྤྱི་ཆིངས་འདིའི་ནང་དུ། སྒེར་དབང་ཐོབ་ཐང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་དང་འབྲེལ་བའི་རྒྱལ་སྤྱིའི་ཁྲིམས་སྲོལ་གྱི་ཆ་ཤས་ཡིན་པའི་ཆ་ནས། རྒྱལ་སྤྱིའི་རྩ་ཁྲིམས་ནང་སྒེར་དབང་ཐོབ་ཐང་ལ་ངེས་པར་དུ་སྲུང་སྐྱོབ་དགོས་པ་གསལ་ཡོད། ཡིན་ནའང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་དུ་སྒེར་དབང་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དེ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་ཁག་རྩིས་མེད་བཏང་བའི་དཔེ་མཚོན་གལ་ཆེན་ཞིག་ཡིན་པར་མ་ཟད། རྒྱ་གཞུང་གིས་བོད་ནང་གི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་དམ་དྲག་བྱས་པའི་དཔེ་མཚོན་གལ་ཆེན་ཞིག་ཀྱང་ཆགས་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁག་གི་ནང་དུ་སྒེར་དབང་ཐོབ་ཐང་ལ་དམ་དྲག་གི་ལོག་འགྲེལ་རྒྱ་ཆེར་བྱས་ནས་རྦད་དེ་སུས་ཀྱང་རྟོགས་དཔྱོད་བྱ་ཐབས་མེད་པ་བཟོས་འདུག ཕྱི་ལོ་༢༠༡༧ ལོར་གཏན་འབེབས་ལག་བསྟར་བྱས་པའི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཟེར་བའི་ནང་དུ་ཡང་མི་སྒེར་གྱི་དྲ་རྒྱ་དང་ཆ་འཕྲིན་གཏན་འགོག་གིས། དེ་ནི་ “སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་པ་” དང་། “དཔལ་འབྱོར་འདུ་འགོད་ལ་གཏོར་བརླག་གཏོང་ཐབས་ཀྱི་གནས་ཚུལ་རྫུན་བཟོ་དང་རྫུན་བསྒྲགས་” བྱས་ཏེ། “རྒྱལ་ཡོངས་ཀྱི་བདེ་འཇགས་”ཟེར་བ་དང་། ཆོས་ལུགས་ཐལ་སྤྱོད་དང་དྲག་སྤྱོད་ཀྱི་རྒྱབ་རྟེན་ཟེར་བ། ཡང་ན་ “མི་རིགས་ནང་ཁུལ་འཁོན་འཛིན་དང་དབྱེ་འབྱེད་ཁྱབ་གདལ་” གཏོང་བའི་ཉེན་ཁ་ཞིག་ཏུ་ལོག་འགྲེལ་བྱས་འདུག
རིང་མིན་ཉེ་ཆར་འདོན་སྤེལ་བྱས་པའི་འདི་ག་ལྟེ་གནས་ཁང་གི་དམིགས་བསལ་སྙན་ཐོའི་ནང་དུ། སྒེར་དབང་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་དེས། སྨྲ་བརྗོད་རང་དབང་དང་། གནས་ཚུལ་འཚོལ་བསྡུ་དང་འདོན་སྤེལ་གྱི་ཐོབ་ཐང་། གཞན་ཡང་ཚོགས་འབྲེལ་རང་དབང་དང་འདུ་འཛོམ་རང་དབང་སོགས་གཅིག་ལ་གཅིག་འབྲེལ་གྱི་ཐོབ་ཐང་གཞན་དག་ཀྱང་རང་ཤུགས་ཀྱིས་རྡོག་རོལ་ཐེབས་བཞིན་པ་གསལ་འདོན་བྱས་ཡོད་ལ། རྒྱ་གཞུང་གིས་སྤྱི་ཚོགས་ཀྱི་འབྲེལ་ལམ་ལ་དོགས་ཟོན་མྱུལ་ཞིབ་བྱེད་བཞིན་པ་དེ་ནི་སྤྱི་དམངས་ཀྱི་ཐོབ་ཐང་རྡོག་རོལ་གྱི་འབྱུང་རྐྱེན་ཆགས་ཡོད།