26/11/2020

ལི་ཐང་དུ་འཇུ་བཟུང་ཐེབས་མཁན་བོད་མི་དེའི་མིང་ལ་བློ་བཟང་ཐུབ་བསྟན་ཟེར།

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཟིན་པའི་བོད་མི་བློ་བཟང་ཐུབ་བསྟན་ནམ་ཐུབ་སྦེ་ལགས་ཀྱི་པར།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཟིན་པའི་བོད་མི་བློ་བཟང་ཐུབ་བསྟན་ནམ་ཐུབ་སྦེ་ལགས་ཀྱི་པར།

ཉེ་སྔོན་ལི་ཐང་རྫོང་དུ་བོད་མི་གཞོན་སྐྱེས་ཤིག་གིས་ཞི་བའི་སྐད་འབོད་བྱས་པར་བརྟེན་ནས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་པ་དེའི་མིང་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་ལྷག་ཡོད་པ་ལྟར། བོད་མི་གཞོན་སྐྱེས་དེའི་མིང་ལ་བློ་བཟང་ཐུབ་བསྟན་དང་རང་ལོ་ ༡༧ ཡིན་པ་དང་། ད་ལྟ་ལི་ཐང་རྫོང་དུ་བཀག་ཉར་བྱས་ཡོད་འདུག

ཉེ་ཆར་གསར་ལམ་ཁག་ཏུ་ཡོངས་གྲགས་གནས་ཚུལ་ཐོན་པ་ལྟར། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༨ ཚེས་ ༡༨ རེས་གཟའ་མིག་དམར་ཉིན། བོད་མི་ན་གཞོན་ཞིག་མདོ་ཁམས་ལི་ཐང་གི་ཁྲོམ་གཞུང་དུ་ཐོན་ནས། ༸གོང་ས་མཆོག་གི་སྐུ་ཐང་ཆེན་པོ་ཞིག་གནམ་ལ་འཕྱར་ཏེ། བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར། རྒྱ་གཞུང་ཉེན་རྟོག་དམག་མི་སྐོར་ཞིག་གིས་ཁོང་གློ་བུར་འཇུ་བཟུང་གིས། རླངས་འཁོར་ནག་པོ་ཆུང་ཆུང་ཞིང་ནང་བླུགས་ཏེ་བཙན་འཁྲིད་བྱས་ཡོད་པ་དང་། སྐབས་དེར་བོད་མི་ཞི་རྒོལ་བ་དེའི་མིང་དང་ལོ་ཚད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།

འདི་ག་ལྟེ་གནས་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་དོན། ལི་ཐང་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་སྐད་འབོད་གནང་མཁན་བོད་མི་ན་གཞོན་དེའི་མིང་ལ་བློ་བཟང་ཐུབ་བསྟན་ཟེར་བ་དང་རང་ལོ་ ༡༧ ཡིན་འདུག ཁོང་གི་མིང་ལ་ཐུབ་སྦེ་ཞེས་ཀྱང་འབོད་ཀྱི་ཡོད་པ་རེད། ད་ལྟ་ཁོང་ལི་ཐང་རྫོང་ནང་བཀག་ཉར་བྱས་ཡོད་འདུག ཁོང་གིས་ལི་ཐང་དགོན་པའི་ནང་སློབ་གཉེར་བྱས་མྱོང་ཡོད་པ་དང་། དུས་རྒྱུན་བོད་མིའི་སྤྱི་ཚོགས་གནས་བབ་ལ་བསམ་བློ་གཏོང་མཁན་དང་། བོད་ཀྱི་སྐད་ཡིག་རིག་གནས་ལ་ཤ་ཚ་ཐུགས་ཁུར་གནང་མཁན་ཞིག་ཡིན་འདུག

བློ་བཟང་ཐུབ་བསྟན་ལགས་ཀྱི་སྐྱེས་ཡུལ་ནི་ལི་ཐང་གཡོན་རུའི་འབྲོག་སྡེ་ཡི་དཔོན་སྐོར་སྡེ་པ་དང་། དཔོན་སྐོར་སྡེ་པར་མཉམ་ལས་སྡེ་ཁག་བརྒྱད་ཡོད་པའི་ནང་སྡེ་པ་དང་པོ་འཐོར་རུག་སྡེ་པ་ནས་ཡིན་འདུག ཁོང་གི་ཕའི་མིང་ལ་བྱིས་འཕག་མིས་མིས་དང་མའི་མིང་ལ་བསྟན་ལོ་ཟེར། ཁོང་ཚང་ལ་ནང་མི་ ༡༡ ཡོད་པ་དང་ཉེ་སྐོར་འབྲོག་སྡེ་དེའི་གྲས་ནས་འཚོ་བའི་མཐུན་རྐྱེན་ཡག་གྲས་ཤིག་ཡིན་པ་རེད། བྱིས་འཕག་ནི་མི་རྒྱུད་ཅིག་གི་མིང་ཡིན་པ་དང་། མི་རྒྱུད་དེ་ལི་ཐང་རོང་འབྲོག་གཉིས་ཀའི་སྡེ་ཚོ་མང་པོའི་ནང་ཁྱབ་ཡོད་པ་ཞིག་ཡིན་འདུག

ལི་ཐང་རྫོང་དུ་རྒྱ་གཞུང་གིས་དམག་མི་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་རྣམ་པ།
ལི་ཐང་རྫོང་དུ་རྒྱ་གཞུང་གིས་དམག་མི་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་རྣམ་པ།

སྤྱིར་ལི་ཐང་རྫོང་ཐོག་གི་ས་ཚུགས་གལ་ཆེ་བ་ཁག་ཏུ་རྒྱ་གཞུང་བརྙན་ལེན་ལྐོག་མིག་གྲངས་ལས་འདས་པ་བཙུགས་ཡོད་པ་དང་། བོད་ཀྱི་ས་ཁུལ་སྤྱི་མཚུངས་ལྟར་དམག་མིས་དམ་དྲག་ཤུགས་ཆེན་པོ་ཡོད་ཐོག བོད་མི་བློ་བཟང་ཐུབ་བསྟན་ལགས་ཀྱིས་ཞི་བའི་སྐད་འབོད་ཀྱི་གནས་ཚུལ་བྱུང་རྗེས། ལི་ཐང་གི་ས་ཁུལ་ཁྱོན་ཡོངས་སུ་རྒྱ་ནག་གི་ཞི་བའི་ཉུལ་ཞིབ་རུ་ཁག་གི་མི་སྣ་དང་དམག་མི་རྣམས་མངོན་གསལ་དོད་དུ་ཕྱིན་ཡོད་པ་དང་། དྲག་པོའི་དམག་མིས་དམ་དྲག་གི་རྣམ་འགྱུར་སྔར་བས་ཤུགས་ཆེ་རུ་བཏང་ཡོད་པ་རེད།

དེར་མ་ཟད། ཉེ་སྔོན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་བཀྲོངས་པ་དང་། བརྒྱད་གཅིག་དམག་དམར་དུས་ཆེན་སྲུང་བརྩིའི་ཆེད་བཀག་སྡོམ་ལྟ་རྟོགས་བྱས་པ། རྒྱལ་གཅེས་དཔའ་བོ་རུང་རྒྱས་ཨ་གྲགས་ལགས་བཙོན་གྲོལ་བཏང་ནས་ཉིན་མང་པོ་ཕྱིན་མེད་པ་བཅས་ཀྱི་གནས་ཚུལ་ལ་བརྟེན་ནས། ད་སྐབས་ལི་ཐང་རྫོང་གི་ས་ཁུལ་ཁག་ཏུ་དམ་དྲག་བཀག་སྡོམ་ཤུགས་ཆེ་རུ་ཕྱིན་ཡོད་འདུག

Select Language