31/05/2020

རྩོམ་པ་པོ་སྟོབས་ལྡན་གྱི་སྙན་རྩོམ་༼འབྲི་རུའི་སྐྱོ་གླུ༽

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རྩོམ་པ་པོ་སྟོབས་ལྡན་ནམ་སྐྱོ་གངས་དགའ།
རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རྩོམ་པ་པོ་སྟོབས་ལྡན་ནམ་སྐྱོ་གངས་དགའ།

༼འབྲི་རུའི་སྐྱོ་གླུ༽ ཞེས་པའི་སྙན་རྩོམ་འདི་ནི་རྩོམ་པ་པོ་སྟོབས་ལྡན་ལགས་ཀྱིས་བྲིས་པ་དང་། སྙན་རྩོམ་ནང་ཁམས་ནག་ཤོད་ཡུལ་གྱི་འདས་མ་ད་གསུམ་གྱི་དཀའ་སྡུག་གནས་སྟངས་དང་། རྩོམ་པ་པོའི་རང་སེམས་ཀྱི་སྐྱོ་གདུང་རྣམས་ལྷུག་པོར་བརྗོད་ཡོད་འདུག

རྩོམ་པ་པོ་སྟོབས་ལྡན་ལགས་ནི་ད་ལྟ་རང་ལོ་ ༣༠ ཡིན་ལ། ཁོང་གི་སྨྱུག་མིང་ལ་སྐྱོ་གངས་དགའ་འམ་ནགས་ཚེར་སྨྱུག་ཟེར། རྩོམ་པ་པོ་ཁོང་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་རྒྱ་གཞུང་གིས་འཇུ་བཟུང་དང་། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ ༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

བོད་ཆོལ་གསུམ་མདོ་སྟོད་མཛེས་ལྗོངས།།
རི་མཐོན་པོ་ནགས་ལྷའི་ཁོར་ཡུག།
ཡུལ་འབྱོར་ཕྱུག་ས་མ་འབྲོག་སྡེ།།
མིང་བོས་ན་ནགས་ཤོད་འབྲི་རུ།།

སྡེ་འདི་ཚོའི་གནའ་དེང་བྱུང་བ།།
སེམས་བསམ་པའི་གཏིང་ནས་དྲན་དུས།།
སྙིང་དམར་པོ་འཕར་ལྡིང་རེ་རེས།།
མིག་ཁྲ་ཆུང་མཆི་མས་བརླན་འགྲོ།

ལོ་ཆིག་དགུ་དྲུག་དགུའི་ལོ་ལ།།
བོད་མི་རིགས་རང་དབང་ཆེད་དུ།།
བུ་དཔའ་བོ་བརྒྱ་ཕྲག་མང་པོ།།
རྒྱ་ནག་པོས་ལྔ་ལམ་བཏང་སོང་།།

དུས་དེ་ཚེ་སྦྲུལ་ཆུ་སྔོན་མོ།།
ཁྲག་དམར་པོས་ཕྱི་གོས་ཀླུབས་ཤིང་།
སྒྲ་ཆིལ་ཆིལ་སྨྲེ་ངག་ཁྲོད་ནས།།
ཆུ་ཆེན་པོ་རྔུལ་ཆུར་འདྲེས་སོང་།།

བུ་སྤུན་ཟླའི་ཟུང་ཁྲག་འཁྱེར་མཁན།།
ཆུ་རྔུལ་ཆུ་སེམས་ཡོད་ཡིན་ན།།
སྡུག་མུན་པའི་ན་བུན་འཐིབ་བཞིན།།
ཡིད་སྐྱོ་བའི་མིག་ཆུ་ལོས་འདོན།།

ཡར་བལྟས་ན་ཨ་སྔོན་སྟོང་པར།།
རྒོད་ཐང་དཀར་ལྡིང་སྐོར་ལིང་ལིངས།།
ས་དོག་མོ་ཡུགས་ས་ཁྱུ་གཅིག།
དུས་འདི་ལས་སྐྱོ་ཞིག་གང་ཡོད།།

ལས་སྐྱོ་གར་དེ་འདྲའི་མཇུག་ཏུ།།
རྒྱ་ནག་པོས་གཉའ་ནས་མནན་སོང་།།
ཁྲག་དམར་པོའི་བཞུར་རྒྱུན་ཁྲོད་དུ།།
སྡུག་འདི་ཚོའི་མཐའ་མ་བསྒུག་ཡོད།།

ལོ་ཉིས་སྟོང་བཅུ་གཉིས་ལོ་ལ།།
བོད་ཆེན་པོའི་བདེ་སྡུག་ཆེད་དུ།།
ཕོ་རྒོད་པོ་དགུ་འགྲུབ་གཙོ་བྱས།།
ལུས་མེ་ལྷའི་ཞལ་དུ་ཕུལ་སོང་།།

དམར་ལམ་ལམ་མེ་ལྕེའི་ཁྲོད་དུ།།
བུ་དཔའ་བོ་གཟུངས་སུ་བཞུགས་དུས།།
བོད་མི་དམངས་ས་ཡ་དྲུག་གིས།།
ཡིད་སྐྱོ་བའི་སྤྱན་ཆབ་ལྷུང་སོང་།།

ཡུལ་འདི་ན་དྲང་བདེན་གླེང་མཁན།།
སེམས་རྣམ་རྟོག་གཏིང་ནས་སད་པའི།།
མི་ཤེས་ལྡན་ཡོད་ཚད་བཟུངས་ནས།།
ལུས་ངག་ཡིད་རང་དབང་བཀག་སོང་།།

ལས་འཇིགས་རུང་དེ་ཡི་མ་ཚད།།
རི་ནགས་ལྷ་ཆག་གྲུམ་བཏང་ཉེ།།
ནང་འདུས་སྡེ་དམར་གསོད་བྱས་ཏེ།།
དགོན་ཁྲ་མོ་ཁང་སྟོང་བསྒྱུར་ཉེ།།

ལོ་ཉི་སྟོང་བཅུ་གསུམ་ལོ་ལ།།
རྗེ་བླ་མ་སྙིང་ནས་འབོད་མཁན།།
མི་བགྲེས་སོང་ཟླ་གཡང་རྒས་པོ།།
ཁྲིམས་བཙན་པོས་མནར་གཅོད་བཏང་སོང་།།

ཚིག་དྲང་པོའི་ཞུ་བ་མ་གསན།།
མི་བརྒྱ་ཕྲག་ཉེས་རྡུང་བཏང་ཐལ།།
ལུས་འདི་ལ་རང་དབང་མི་འདུག།
ཡུལ་འདི་ན་དམངས་གཙོ་མི་འདུག།

ཕོ་རྒོད་པོ་རྡོ་གྲགས་གཙོ་བྱས།།
ལུས་ཉམ་ངའི་བཙོན་ལ་བཅུགས་སོང་།།
ཁ་ཚིག་གསུམ་བཤད་དབང་མི་འདུག།
ལས་འདི་ལས་སྐྱོ་ཞིག་གང་ཡོད།།

མདོག་སེར་ནག་ཅན་གྱི་འཁོར་ཆེན།།
གྲལ་འགྲིག་པོས་དཔུང་སྡང་བསྒྲིགས་ནས།།
ནག་ཁྲིགས་སེ་མེ་མདའི་ཁ་ཐུར།།
ཉམ་ཆུང་བའི་དམངས་ལ་གཏད་བྱུང་།།

དམར་ལྷབ་ལྷབ་དར་ཆའི་འོག་ནས།།
དམར་ལམ་ལམ་དྲག་བརྡ་སྒྲོག་བཞིན།།
སྡེ་སྟོད་སྨད་ཀུན་ལ་མྱུལ་ཏེ།།
སྡེ་འདི་ཚོའི་བདེ་སྐྱིད་འཕྲོགས་སོང་།།

རྐང་གོམ་གསུམ་སྤོས་ན་ཁྲིམས་འགལ།།
ལག་ཐེངས་གསུམ་འགུལ་ན་ཉེན་ཅན།།
ངག་ཚིག་གསུམ་ལབ་ན་ནག་ཉེས།།
ཡུལ་འདི་ལས་སྐྱོ་ཞིག་གང་ཡོད།།

ཨ་ཁ་ཁ་ཡིད་བཞིན་ནོར་བུ།།
མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོས།།
ཡུལ་འདི་ཚོའི་ཁྲག་དང་མིག་ཆུ།།
སེལ་ཐུབ་པའི་དུས་ཤིག་སྩོལ་རོགས།།

ཨ་ཁ་ཁ་བློ་བཟང་སེང་གེ།
བོད་མི་རིགས་འདི་ཡི་གཙོ་འཛིན།།
སྟོབས་ནུས་མཐུ་ཅན་གྱི་དཔའ་བོས།།
སྡུག་འདི་ཚོའི་སྡུག་མཐའ་གཅོད་རོགས།།

ཞིང་འཛམ་གླིང་གོ་ལའི་ཁྱོན་ན།།
ཁྲིསམ་དྲང་བདེན་ཅན་ཞིག་ཡོད་སྐད།།
ཁྲིམས་དེ་ལ་ཟིལ་ཤུགས་ཡོད་ན།།
ཡུལ་གངས་རིའི་ལས་དབང་གཟིགས་རོགས།།