03/08/2020

རྩོམ་པ་པོ་རྨེའུ་བཟོད་པ་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཟིན་པའི་རྩོམ་པ་པོ་རྨེའུ་བཟོད་པ།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཟིན་པའི་རྩོམ་པ་པོ་རྨེའུ་བཟོད་པ།

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྔ་བ་རྨེའུ་རུ་མ་ནས་ཡིན་པའི་རྩོམ་པ་པོ་རྨེའུ་བཟོད་པ་ལགས། རྒྱ་གཞུང་ཉེན་རྟོག་པས་ལམ་བར་ནས་འཇུ་བཟུང་འཁྲིད་ཀྱིས། ད་ལྟའི་ཆར་གར་ཡོད་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མེད་འདུག

 

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་བཞི་ལྔ་ཡས་མས་སུ། རྩོམ་པ་པོ་རྨེའུ་བཟོད་པ་ལགས་རྨེའུ་རུ་མའི་ཡུལ་ཚོ་ནས་རྔ་བ་རྫོང་ཐོག་ཏུ་རླངས་འཁོར་ཞིག་གི་ནང་དུ་འགྲོ་བཞིན་པའི་ལམ་བར་ནས། རྔ་བ་རྫོང་གི་བདེ་འཇགས་ལས་ཁུངས་དང་ཉེན་རྟོག་མི་སྣ་མཉམ་རུབ་ཐོག རྫིག་རྔམས་དྲག་པོའི་སྒོ་ནས་ཁོང་འཇུ་བཟུང་བྱས་ཡོད་པ་མ་ཟད་ཁོང་གི་ཅ་དངོས་རྣམས་ཀྱང་བཙན་འཁྱེར་བྱས་ཡོད་འདུག

 

རྩོམ་པ་པོ་རྨེའུ་བཟོད་པ་ལགས་བཙན་ཁྲིད་བྱེད་དགོས་དོན་རྒྱུ་མཚན་ཁ་གསལ་ཤེས་རྟོགས་བྱུང་མེད་ནའང་། ས་གནས་ཡུལ་མི་རྣམས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཁོང་གིས་༼རྨེའུ་བཟོད་པའི་འཕྲིན་སྟེགས་༽ཟེར་བའི་སྒེར་ངོས་ཟིན་བྲིས་ཤིག་གཉེར་ནས། རང་དང་གཞན་གྱིས་བྲིས་པའི་བོད་ནང་གི་རང་ལུས་མེར་བསྲེགས་དང་། བོད་མིའི་རང་དབང་དང་བོད་དོན་འཐབ་རྩོད་སོགས་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་སྔ་ཕྱིར་བརྒྱུད་སྤེལ་བྱས་དང་བྱེད་བཞིན་པ་མ་ཟད། ལྷག་པར་སྒེར་གཉེར་ཟིན་བྲིས་དེའི་ནང་དུ་༼རང་དབང་གི་ཆེད་དུ་ལག་པ་གནམ་ལ་ཕྱར་བ།༽ཞེས་པ་དང་། ཉིན་ཤས་སྔོན་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་མོ་ཚེ་པེ་སྐྱིད་ལགས་ཀྱི་བློས་གཏོང་དང་ཆོད་སེམས་ཀྱི་སྐོར་ལ་ཁོང་གིས་རྒྱ་ཡིག་ཐོག་བྲིས་པའི་༼དཔའ་མོ།༽ཞེས་པ་དང་། ༼ཁྱི་རྒན་ཚང་ད་འདུག་གི་མི་འཇུག་ནས། བཙན་འཛུལ་བྱེད་རྒྱུ་མང་མེད་ན་ཉུང་མེད་༽སོགས་རྩོམ་ཡིག་སྤེལ་བའི་རྐྱེན་མིན་འགྲོ་སྙམ་པའི་སེམས་འཚབ་བྱེད་བཞིན་ཡོད་འདུག

རྩོམ་པ་པོ་རྨེའུ་བཟོད་པ་ལགས་ཀྱི་ཕ་ཡུལ་ནི་རྔ་བའི་འབྲོག་སྡེ་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པ་ནས་ཡིན་པ་དང་། ཁྱིམ་མིང་ལ་མགོན་ཁོ་ཚང་ཟེར་ཞིང་། ཁོང་ད་ལྟ་རང་ལོ་ ༢༡ ཡིན་པ། ཨ་ཕའི་མིང་ལ་མགོན་ཁོ་དང་ཨ་མའི་མིང་ལ་དཔལ་ཁོ་ཟེར། ཁོང་ལ་ནང་མི་ཕ་མ་གཉིས་དང་སྲིང་མོ་གཅིག་བཅས་ཡོད་འདུག སྔོན་མ་རྔ་བ་ཀིརྟི་དགོན་པའི་གྲྭ་པ་ཞིག་ཡིན་པ་དང་། ད་སྐབས་ལན་ཀྲུར་རྟེན་གཞི་བྱས་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དངོས་ཞུགས་ཆེད་སྦྱོང་འཛིན་གྲྭ་གཉིས་པའི་སློབ་མ་ཡིན་འདུག ཁོང་གི་ཆེད་སྦྱོང་བསླབ་ཚན་ནི་རྩོམ་རིག་སྐོར་ཡིན་འདུག

 

ཕྱི་ལོ་ ༢༠༠༨ ལོར་ཞི་རྒོལ་རྗེས་རྔ་བ་ཁུལ་དུ་ཆབ་སྲིད་ཀྱི་སློབ་གསོ་༼དགུ་སྣོན་གསུམ་སློབ་གསོ་༽ཟེར་བ་ཞིག་ལག་བསྟར་གྱིས། ཞིང་འབྲོག་དམངས་ཚོགས་དཀྱུས་མའི་བྱིས་པ་ལོ་བཅོ་བརྒྱད་ལ་མ་ཟིན་པ་རྣམས། རྒྱ་ནག་ཁྲིན་ཏུའུ་སོགས་སུ་བཙན་ཁྲིད་ཀྱིས་རྒྱ་གཞུང་གི་ལངས་ཕྱོགས་དང་རྒྱ་ནག་གི་གོམས་གཤིས་སོགས་འཇགས་ཐབས་ཆེད། རྒྱའི་ཁོར་ཡུག་ཏུ་ཡོད་པའི་སློབ་གྲྭར་ཆེད་གཏོང་བྱེད་བཞིན་པའི་ཁུངས་སུ་ཚུད་ནས་སློབ་གྲྭར་མི་འགྲོ་ཐབས་མེད་བྱུང་ཡོད་པ་རེད། ཡིན་ནའང་། ཁོང་སློབ་གྲྭ་དེར་ཡུན་རིང་མ་བསྡད་པར་རྗེས་སུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དངོས་ཞུགས་སློབ་མ་བྱས་ཡོད་པ་དང་། གུང་སེང་དང་སྟབས་བསྟུན་ནས་ཁོང་དང་གྲོགས་པ་ཁག་གིས། ཕ་ཡུལ་རྨེའུ་རུ་མའི་ཡུལ་ཚོའི་སྟེང་༼སྨྲ་དབང་མེད་པའི་འུ་ཅག༽ཟེར་བ་སོགས་བགྲོ་གླེང་ཚོགས་འདུ་མང་པོ་ཞིག་གོ་སྒྲིག་བྱེད་མྱོང་ཡོད་འདུག

 

དེ་བཞིན། ཁོང་གི་ཁྱིམ་ཚང་གི་འཚོ་བའི་གནས་སྟངས་སྐྱོ་བོ་ཞིག་ཡིན་པས། སློབ་གྲྭའི་གུང་སེང་དང་སྟབས་བསྟུན་རྨེའུ་རུ་མའི་ཡུལ་ཚོའི་སྟེང་ནས་༼བོད་སྒྲ་བརྙན་གླིང་༽ཟེར་བའི་འོད་སྡེར་བཙོང་ས་ཞིག་གཉེར་ནས་སློབ་ཡོན་རང་ངོས་ནས་བཙལ་བཞིན་ཡོད་འདུག ཁོང་ནི་ནམ་རྒྱུན་དཔེ་ཀློག་དང་རྩོམ་ཡིག་འབྲི་རྒྱུ། བོད་ཀྱི་རྩ་དོན་སྐོར་བགྲོ་གླེང་བྱེད་རྒྱུར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་ཡིན་ལ། འདི་ལོའི་དབྱར་ཁ་འཕྲུལ་རྟ་བརྡབ་སྐྱོན་བྱུང་སྟེ་ཁོང་གི་རྐང་བ་བཅགས་ནས་ད་དུང་དྲག་སྐྱེད་བྱུང་མེད་པར། འགྲུལ་བཞུད་སྐབས་ལག་རྟེན་ལ་མ་བརྟེན་པར་འགྲོ་སྐྱོད་མི་ཐུབ་པའི་གནས་སྟངས་འོག་ཡོད་འདུག

རྩོམ་པ་པོ་ཁོང་གིས་ཉེ་ཆར་བྲིས་པའི་༼དཔའ་མོ༽ཞེས་པའི་སྙན་རྩོམ།
རྩོམ་པ་པོ་ཁོང་གིས་ཉེ་ཆར་བྲིས་པའི་༼དཔའ་མོ༽ཞེས་པའི་སྙན་རྩོམ།

རྩོམ་པ་པོ་ཁོང་གིས་རྒྱ་ཡིག་ཐོག་བྲིས་པའི་སྙན་རྩོམ་<<དཔའ་མོ>> །

སུ་ཞིག་གིས། མུན་པའི་ཀློང་ནས་ཚེ་སྲོག་མེ་རུ་སྦར་ཏེ།
ཆེས་མཐའ་མའི་ཟུངས་ཁྲག་གིས་གངས་ལྗོངས་ལ་འོད་སྣང་སྤྲོས་ཡོད།

སུ་ཞིག་གིས། མེ་ལྕེ་ཁྲོད་རང་ཉིད་ཀྱི་ཡོད་ཚད་ཕུལ་ཏེ།
ཆེས་མཐའ་མའི་འཁྲེང་ཞེན་བོད་ཡུལ་མཐོ་སྒང་དུ་བཞག་ཡོད།

སུ་ཞིག བཙན་པོའི་ཕོ་ཉ་ཡིན། བདེན་པའི་དཔང་བོ་ཡིན།

ཁྱེད་རང་བཞུད་བྱུང་།
ཁྱེད་ཀྱི་སྐུ་གཟུགས་རེ་འབོད་དང་བདེན་དོན་དུ་འགྲེང་ནས།
གངས་ལྗོངས་ཀྱི་ཁྱོན་ལ་འགེང་ཡོད།

ཁྱེད་རང་བཞུད་བྱུང་།
དྲག་གནོན་དང་སྐྱོ་གདུང་ཡོད་ཚད་ཁུར་ནས།

ཁྱེད་རང་བཞུད་བྱུང་།
བོད་མི་ཁྲི་སྟོང་གི་གསོལ་འདེབས་ཀྱི་ཀློང་ནས།