12/11/2019

རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱི་བརྩམས་དེབ་མི་འགྱང་པར་འགྲེམས་སྤེལ་རྒྱུ།

  •   
  •  
  •  
  •  
  •  
  •  
  •  
བོད་ནང་གནས་བཞུགས་རྩོམ་པ་པོ་དྷི་ལྷ་ལྡན་ལགས།
བོད་ནང་གནས་བཞུགས་རྩོམ་པ་པོ་དྷི་ལྷ་ལྡན་ལགས།

དྷི་ལྷ་ལྡན་ལགས་ནི་ཆོས་སྒོར་ཞུགས་པའི་ནང་པའི་གྲྭ་པ་ཞིག་དང་། བོད་ནང་གནས་བཞུགས་གཞོན་སྐྱེས་ཤེས་ལྡན་པ་དང་རྩོམ་པ་པོ་ཞིག་ཡིན། ཁོང་ཕྱི་ལོ་ ༡༩༨༠ ལོར་བོད་མདོ་སྨད་མགོ་ལོག་པདྨ་རྫོང་དུ་སྐྱེས། དྷི་ལྷ་ལྡན་ནི་ཁོང་གི་སྨྱུག་མིང་ཡིན་པ་དང་། ཁོང་གི་གྲྭ་མིང་ལ་ཐུབ་བསྟན་བློ་བཟང་ལྷུན་འགྲུབ་ཟེར། རང་ལོ་ ༡༡ སྟེང་ཆོས་སྒོར་ཞུགས་ཏེ་ལོ་བཞིའི་རྗེས་སུ་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་མཛད། རང་ལོ་ ༢༨ སྟེང་ལྷ་སར་བསྐྱོད་དེ་གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར་དགོན་པ་བཅས་སུ་སློབ་གཉེར་མཛད། ཡིན་ནའང་། རྗེས་སུ་དགག་རྐྱེན་སྣ་ཚོགས་པའི་རྐྱེན་གྱིས་སློབ་གཉེར་མཇུག་མ་རྫོགས་པར་མཚམས་འཇོག་བྱ་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ཁོང་བོད་ཀྱི་ས་ཁུལ་སོ་སོར་བསྐྱོད་དེ། བོད་མིའི་དངོས་མྱོང་གནས་ཚུལ་མཐའ་དག་ཡིག་ཐོག་ཏུ་འགོད་པའི་རྩོམ་འབྲིའི་ཕྱག་ལས་གནང་མགོ་བརྩམས་ཡོད་པ་རེད།

དེ་སྔོན། རྩོམ་པ་པོ་ཁོང་གིས་བོད་ནང་གནས་སྟངས་སྐོར་ལ་བྲིས་པའི་བརྩམས་དེབ་ཐོག་མ <<ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ>> ཞེས་པ་དེ། ཕྱི་ལོ་ ༢༠༡༢ ལོར་འདི་ག་ལྟེ་གནས་ཁང་གིས་པར་འགྲེམས་ཞུས་པ་དང་། ཉེ་སྔོན་ཁོང་གིས་བརྩམས་པའི་དེབ་གཉིས་པ་ <<བསྟུན་རྒོལ་ཁྲིམས་གཏུགས>> ཞེས་པ་དེ། འདི་ག་ལྟེ་གནས་ཁང་ལ་བཏང་འབྱོར་གྱིས་སྤྱི་ཚོགས་ཁྲོད་པར་འགྲེམས་ཡོང་བའི་ཐུགས་རེ་གནང་བ་ལྟར། ད་ལྟའི་ཆར་དེབ་དེ་དབྱིན་བསྒྱུར་གྲུབ་སྟེ་ཕྱི་ཟླ་ ༦ པའི་ཕྱི་ཚེས་ ༢༩ ཉིན། བོད་དབྱིན་དེབ་གཉིས་མཉམ་དུ་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱ་རྒྱུ་ཡིན། དེབ་འདི་བརྒྱུད་ནས་ཀློག་པ་པོ་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་མཐའ་དག་མཁྱེན་རྟོགས་ཡོང་བའི་རེ་བ་ཡོད།

ཀློག་པ་པོ་དང་ཉམས་ཞིབ་པ་དག་གིས། རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱི་བརྩམས་དེབ་ <<བསྟུན་རྒོལ་ཁྲིམས་གཏུགས>> སྐོར་ལ་མཁྱེན་རྟོགས་དང་དོ་སྣང་ཡོང་ཆེད། དེབ་ནང་གི་དུམ་ཚན་རེ་ཟུང་གཤམ་དུ་ཟུར་བཀོད་ཀྱི་གསལ་བསྒྲགས་བརྡ་ཁྱབ་འདི་སྤེལ་བ་ཡིན།

 

༡༽ ཞི་བདེ།

11425138_10153354642671678_4257761146698038808_nསྤྱིར་ཆོས་ལུགས་སོ་སོ་དང་རིག་གཞུང་གཞན་དག་གིས་ཞི་བདེ་ཡི་གོ་བ་ལེན་སྟངས་ཤིན་ཏུ་ཐ་དད་ལ། མང་པོ་ཞིག་གིས་འཛམ་གླིང་ཞི་བདེ་ལ་ལྟོས་ཏེ་དམག་འཁྲུགས་མེད་པ་ཙམ་གྱིས་ཞི་བདེ་ཞེས་སུ་འབོད་པའང་ཡོད། འོན་ཀྱང་དེ་དག་ལྟོས་ས་སོ་སོར་ལྟོས་ནས་བཤད་པ་ལས་དེ་ཙམ་གྱིས་ཞི་བདེ་རྫོགས་པར་གྲུབ་པ་མ་ཡིན་ཏེ། གཏུམ་དྲག་ཅན་གྱི་སྲིད་གཞུང་ཞིག་གམ། ཚོགས་སྡེ་ཞིག ཡང་ན་མི་དཔོན་དག་གི་དངོས་ཤུགས་ཟུར་གསུམ་གྱི་འཇིགས་སྐུལ་ལ་བརྟེན་ནས་མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་སྐྲག་སྣང་དང་། རེ་དོགས། འཇིགས་སྔངས་སོགས་ཀྱི་སྒོ་ནས་གནས་ཏེ་ཚེ་གང་གཞན་དབང་གི་མུན་ནག་ལས་ཐར་དུ་མེད་པའི་ཁོར་ཡུག་ནས་ཀྱང་། ཡང་དག་པའི་ཞི་བདེ་ཟེར་བ་ཞིག་གཏན་ནས་གླེང་དུ་ཡོད་མི་སྲིད་པས་སོ། །

རྒྱུ་མཚན་དེས་སྐུ་ཞབས་མར་ཐིན་ལུ་སིར་ཁེན་ལགས་རིགས་རྒྱུད་ལོགས་བཀར་གྱི་མུན་ནག་འཁྲིགས་པའི་མོན་ཊ་གྷོ་མེ་རི་གྲོང་ཁྱེར་དུ་ཡོང་སྐབས། “གྲོང་ཁྱེར་འདིའི་ཞི་བདེ་ནི་མུན་ནག་གི་ཞི་བདེ་ཞིག་རེད” ཅེས་གསུངས་མྱོང་ལ། སྐུ་ཞབས་ཤར་པ་ཡིས་ཀྱང་ “སྲིད་དབང་སྒེར་འཛིན་པའི་ཞི་བདེ་ཟེར་བ་དེ་བཙོན་ཁང་དང་དུར་ཁྲོད་ཀྱི་ཞི་བདེ་ལས་གཞན་མིན” ཞེས་བཤད་ཡོད།

མ་གཞི་མི་རྣམས་ལ་མཚོན་ན་དུས་ཀུན་ཞི་བདེ་ལ་རེ་ཞིང་སྨོན་ནས་ཡོད་པ་སྟེ། འགྲོ་མི་སུ་ཞིག་ཡིན་ཡང་རུང་སྟེ་རང་ཉིད་གནས་གཞིས་ཀྱི་ཁོར་ཡུག་ཏུ་དབུལ་ཕོངས་འཁྲུགས་རྩོད་སོགས་མེད་པར་འཚོ་བ་ཞི་བདེ་ལྷིང་འཇགས་སུ་གནས་པ་དང་། གཉའ་གནོན་དང་དབང་སྒྱུར་སོགས་མེད་པར་མི་ཚེ་ཞི་བདེ་རང་དབང་གིས་སྐྱེལ་བར་བྱེད་པ་ནི་སེམས་ཀྱི་དམིགས་འདུན་མཐར་ཐུག་ཏུ་བཟུང་ཡོད་ཅིང་། དེ་ཡི་ཆེད་དུ་དྲག་ཤུགས་ལ་རྒྱབ་བརྟེན་བཅོལ་བའི་སྲིད་དབང་སྒེར་འཛིན་བྱེད་པའི་རྒྱལ་པོ་ལ་རྒོལ་བ་དང་། སྲིད་གཞུང་ལ་རྒོལ་བ། ཚོགས་སྡེ་ལ་རྒོལ་བ། དམག་དཔུང་ལ་རྒོལ་བ་སོགས་ཀྱི་ལོ་རྒྱུས་ཀྱང་བར་མེད་དུ་བྱུང་ཡོད། དེ་འདྲའི་ལོ་རྒྱུས་བརྒྱུད་ལམ་རིང་མོའི་ཁྲོད་ནས་མི་རྣམས་ལ་ངེས་རྟོགས་ཤིག་བསྐྲུན་ཡོད་པ་ནི། “སྲིད་ལུགས་གང་འདྲ་ཞིག་ལས་ཞི་བདེ་བྱུང” བ་དང་། “གང་ཞིག་གིས་ཞི་བདེ་ལ་གཏོར་བརླགས་གཏོང་བ” དེ་གཉིས་རེད།

 

༢༽ རང་དབང་།

<<ཡོངས་ཁྱབ་འགྲོ་མིའི་ཐོབ་ཐང་གསལ་བསྒྲགས>> ཀྱི་དོན་ཚན་དང་པོ་རུ་རང་དབང་ནི་སུས་ཀྱང་འཕྲོག་ཏུ་མེད་པའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་སྐལ་ཞིག་ཡིན་པར་བསྟན་ཏེ་ཡོད་ལ། འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བར་ཡང་རང་དབང་དང་འདྲ་མཉམ་སོགས་ནི་ལྷན་སྐྱེས་ཀྱི་ཐོབ་སྐལ་བླ་མེད་ཅིག་ཏུ་བསྟན་ཡོད། འདི་དག་གི་ཁུངས་ཡར་དེད་ན་དུས་རབས་བཅུ་བདུན་པའི་དབྱིན་ཇིའི་མཚན་ཉིད་སྨྲ་བ་ལོ་ཁེ་(Locke) ཡིས་མི་རྣམས་སྐྱེས་ཙམ་ནས་རང་དབང་ཡིན་པའི་ལྟ་ཚུལ་བསྒྲགས་ཏེ་ཡོད་པ་དེ་རུ་ཐུག་སྐད་འདུག་ཅིང་། ཧྥ་རན་སིའི་བློ་འབྱེད་བསམ་བློ་པ་ཆེན་པོ་དག་དང་། དུས་རབས་བཅོ་བརྒྱད་པར་ཨ་རིའི་ <<རང་བཙན་བསྒྲགས་གཏམ>> འབྲི་མཁན་གྱི་གཙོ་བོ་ཇེ་ཧྥེར་སུན་(jefferson) སོགས་ཀྱིས། མི་རྣམས་སྐྱེས་ཙམ་ཉིད་ནས་རང་དབང་དང་འདྲ་མཉམ་ཡིན་པའི་ལྟ་ཚུལ་མཐའ་རྒྱས་སུ་བཤད་པ་ནས་བཟུང་མི་རྣམས་རིམ་གྱིས་རྟོགས་པ་གཏིང་ནས་སད་དེ། རང་དབང་ནི་སྐྱེས་བུ་རེ་རེ་ལ་ལྷན་སྐྱེས་སུ་མངའ་བའི་བླ་ན་མེད་པའི་ཐོབ་ཐང་དེ་ཡིན་པར་ངོས་ཟིན་གསལ་བོ་ཐེབས་སྐད།

རང་དབང་དེ་ཡང་ “རང་དབང་ཞེས་པའི་ཚིག་ཡམ་ཙམ་མམ། སྤྱི་འབྱམས་ཙམ་མིན་པར་རང་དབང་བྱེ་བྲག་པ་རེ་རེའི་སྟེང་ན་འབབ་ཏུ་ཡོད་དགོས” པར་བཤད་པ་དེ་བཞིན་ཏེ། དེ་ལྟ་མིན་ཚེ་དབང་སྒྱུར་བ་གང་ཞིག་གིས་རང་དབང་ཡིན་ནོ་ཞེས་པའི་ཚིག་ཡམ་ཙམ་པོ་དེས་མི་རྣམས་མགོ་སྐོར་གཏོང་སྲིད་ལ། མི་རྣམས་ཀྱིས་ཀྱང་རང་དབང་ཞེས་སྤྱི་འབྱམས་ཙམ་ལས་འདི་ཡིན་གྱི་མཛུབ་མོ་འཛུགས་ས་མི་རྙེད་པའི་མགོ་འཁོར་འབྱུང་སྲིད། སྤྱིར་བཏང་ནས་བཤད་ན་རང་དབང་ལ། སྤྱི་ཚོགས་རང་དབང་དང་། མི་རིགས་རང་དབང་། ཁྱིམ་ཚང་རང་དབང་སོགས་དང་། དད་མོས་རང་དབང་། འཚོ་གནས་རང་དབང་། སྨྲ་རྗོད་རང་དབང་སོགས་རྟེན་དང་ངོ་བོའི་ཆ་ནས་དབྱེ་སྒོ་མང་ནའང་འདིར་རྗོད་འདོད་པའི་རང་དབང་ནི་གཉིས་སུ་བསྡུ་ཆོག་སྟེ། འགྲོ་བ་མིའི་རིགས་ལ་ཆེས་མེད་དུ་མི་རུང་བའི་སྲིད་དང་ཆོས་ཀྱི་རང་དབང་ངོ་། །

དེ་ཡང་སྲིད་ཕྱོགས་ནས་སྲིད་ཀྱི་སྒྲིག་འཛུགས་གང་ལའང་ཐད་ཞུགས་དང་འོས་འཕེན་སོགས་ཀྱི་རང་དབང་དགོས་པ་དང་། ཁྲིམས་ཀྱི་ཁེ་དབང་མཐའ་དག་ལ་འདྲ་མཉམ་དུ་ལོངས་སུ་སྤྱོད་ཆོག་པ་ལས་གཞན། གཙོ་བོ་སྲིད་གཞུང་གིས་མི་སེར་གྱི་འདོད་བློ་སྐོང་མ་ཐུབ་པའི་ཆ་དང་། མི་སེར་གྱི་འཚོ་གནས་དང་ཐོབ་ཐང་ལ་གནོད་པའི་ཆ་དང་། སྲིད་གཞུང་གི་སྒེར་གཅོད་དང་གཡོན་ལྷུང་གི་ཆ། ལས་བྱེད་པ་དང་དབང་འཛིན་པ་དག་གི་རུལ་སུངས་ལངས་ཤོར་གྱི་ཆ་སོགས་ལ་ཐད་ཀར་སྐྱོན་རྗོད་དང་། ཁྲོམ་སྐོར། དེབ་སྐྲུན་སོགས་ཀྱི་རང་དབང་ཡོད་དགོས་ཏེ། དེ་ལྟ་མིན་ཚེ་སྲིད་གཞུང་དང་ལས་བྱེད་དག་ངན་པ་ལངས་ཤོར་དུ་གྱུར་ཏེ་དམངས་ཀྱི་ཐོབ་ཐང་དང་ཁེ་དབང་སྟེང་ནས་བྱ་སྤྱོད་བྱུང་རྒྱལ་དུ་སྒྲུབ་པ་ནི་མཐོང་ཆོས་སུ་གྲུབ།

ཆོས་ལུགས་ཕྱོགས་ནས་དད་མོས་རང་དབང་སྟེ། དེ་ཡང་དད་ཡུལ་ཆོས་ལུགས་དང་། སྟོན་པ། བླ་མ་གང་ཞིག་ལ་དད་ལྡན་སུ་ཞིག་ཚུལ་ཇི་ལྟར་དད་པ་བྱེད་དང་མི་བྱེད་ཀྱི་ཕྱོགས་གཉིས་ཆར་ནས་རང་དབང་ཡིན་དགོས་པ་དང་། ས་གནས་དང་དགོན་སྡེ་གང་ཞིག་ནས་ཆོས་ལུགས་ཀྱི་ལྟ་བ་དང་གྲུབ་མཐའ་གང་ཞིག་བསྐྱངས་ཀྱང་རང་དབང་ཡིན་དགོས། ད་དུང་ཆོས་ཕྱོགས་ཀྱི་ཚོགས་གཙོ་དང་ལས་སྣེ་སོགས་བསྐོ་འཐེན་ཐད་ཆོས་ལུགས་ཐུན་མིན་གྱི་བྱེད་སྒོ་མཐའ་དག་ལ་ཆོས་གཞུང་རང་གི་ལྟ་གྲུབ་དང་། ཆོས་ལུགས་རང་གི་འགྲོ་སྟངས་གཞིར་བཞག་པ་ལས་དེ་ལ་སྒེར་གཅོད་པ་སུས་ཀྱང་གང་ཡིན་ཡིན་དུ་ལག་བསྲིང་མི་ཆོག་པ་སོགས་སོ། །

ལུགས་ཟུང་རང་དབང་ཞེས་བཤད་པ་དེར་ནང་གསེས་སུ་ཕྱེས་ན་ཤིན་ཏུ་མང་སྟེ། དེ་ཡང་དཔེར་ན་ཨ་རིའི་སྲིད་འཛིན་རུའུ་སེ་ཝེལ་གྱིས་ “གཏམ་བརྗོད་འདུ་འཛོམས་རང་དབང་དང་། ཆོས་ལུགས་དད་མོས་རང་དབང་། འཇིགས་སྐྲག་མི་མྱོང་བའི་རང་དབང་། དབུལ་འཕོངས་མི་ཆགས་པའི་རང་དབང” སྟེ་རང་དབང་བཞི་བཤད་པ་ལྟ་བུ་དང་། གཏམ་བརྗོད་རང་དབང་ལ་ནང་གསེས་ཕྱེས་ན། “ཆབ་སྲིད་སོགས་ཀྱི་ཐད་རང་ཉིད་ཀྱི་འདོད་ཚུལ་དག་སེམས་ལ་དྲན་པའམ། ཁ་ནས་རྗོད་པའམ། ཡི་གེའི་ལམ་ནས་འབྲི་བའམ། རི་མོའི་ལམ་ནས་བཞེངས་པའམ། གློག་བརྙན་འཕྲིན་གྱི་ལམ་ནས་མཚོན་ཆོག་པ་དང་། དེས་མི་ཚད་དེ། རིགས་ཀྱི་བརྡ་འཕྲིན་གང་ཡང་ས་མཚམས་ཀྱི་དབྱེ་འགོག་མེད་པ་ཕར་གཞན་ལ་སྒྲོག་སྤེལ་ཆོག་ཅིང་། མི་གཞན་པའི་དེ་སྐོར་གྱི་བརྡ་འཕྲིན་ཚུར་རང་གིས་འཚོལ་ལེན་བྱེད་ཆོག་པ་ཞིག་ལ་ཟེར་བ་རེད། དེས་ཀྱང་མི་ཚད་དེ། ཁྲོམ་སྐོར་ལ་ཞུགས་པ་དང་། ཚོགས་འཛོམས་ལ་ཞུགས་པ་དང་། རྒྱལ་དར་མེ་ལ་སྲེག་པ་སོགས་ཀྱང་མི་སོ་སོའི་རྣམ་འགྱུར་སྟོན་སྟངས་ཙམ་ཡིན་པས་ན་དེ་ཡང་གཏམ་བརྗོད་རང་དབང་གི་ནང་ཚན་ཏུ་བཞག་ཡོད་པ་རེད།” ཅེས་བསྟན་པ་ལྟ་བུའོ།

༣༽ འདྲ་མཉམ།

11391201_10153354642866678_4823074286768492663_nའདྲ་མཉམ་ནི་རང་དབང་དང་མཚུངས་པར་འགྲོ་བ་མིའི་རིགས་ཀྱི་བླ་མེད་ལྷན་སྐྱེས་ཀྱི་ཐོབ་སྐལ་ཞིག་ཡིན་མོད། ལྷན་སྐྱེས་ཀྱི་ཐོབ་སྐལ་དེ་ཉིད་མི་རྣམས་ཀྱིས་སྤྱོད་སྐལ་དུ་གྱུར་བ་ནི་ཤིན་ཏུ་བརྒྱུད་དཀའ་བའི་ཀྱག་ཀྱོག་གི་ལམ་འཕྲང་མང་པོ་ཞིག་བརྒྱུད་ནས་བྱུང་བ་ཞིག་ཡིན། དེ་ཡང་མི་ལོ་ལྔ་སྟོང་ཡས་མས་ཀྱི་ཡར་སྔོན་ནས་བཟུང་རིམ་གྱིས་གཏུམ་དབང་སྒེར་གཅོད་ཀྱི་བགྱི་བ་དྲག་ཏུ་དར་ཏེ།   འདྲ་མཉམ་མ་ཡིན་པའི་ལུགས་སྲོལ་འབའ་ཞིག་ལག་ཏུ་བསྟར་བར་མ་ཟད། སྐབས་དེ་དང་དེ་ཡི་བསམ་བློ་པ་དང་ཆོས་ལུགས་པ་རྣམས་ཀྱང་དབང་སྒྱུར་བ་དེ་དག་གི་སྐྱོར་འདེགས་ཙམ་དུ་གྱུར་ནས་ཡོད་དེ། དཔེར་ན་ནུབ་ཕྱོགས་ཀྱི་བསམ་བློ་པ་ཆེན་པོར་གྲགས་པ་གྷི་རིགས་ཀྱི་ཕོ་ལ་ཐུ(Plato)ཡིས་བྲན་གཡོག་རྣམས་སྤྱི་དམངས་སུ་མི་འཇོག་པར་མ་ཟད། ཐ་ན་མི་རུའང་མི་བརྩི་བ་དང་། ཁོས་སྤྱི་དམངས་ལ་དབང་སྒྱུར་མཁན་དང་། རྒྱལ་སྲུང་བ་དང་། བཟོ་ཞིང་པ་སྟེ་གསུམ་དུ་འབྱེད་ཅིང་། ཕྱི་མས་སྔ་མ་གཉིས་ལ་གུས་བཀུར་དང་ཞབས་ཕྱི་སྒྲུབ་དགོས་ལ། དེ་ནི་ལྷ་ཡིས་ཐག་བཅད་པ་རེད་ཅེས་ཟེར་བ་ལྟ་བུ་དང་། ནུབ་མཚོ་ཆེན་པོའི་བྲན་གཡོག་ཉོ་ཚོང་སྐབས་སུ་ཡེ་ཤུའི་ཆོས་ལུགས་པ་དག་གིས། “བྲན་གཡོག་ཉོ་ཚོང་བྱས་པ་ཡིས་ཐར་བ་ཐོབ་པར་བར་དུ་མི་གཅོད” ཅེས་སུ་བཤད་པ་ལྟ་བུའོ། །

ཡིན་ནའང་དེ་རྗེས་མི་རྣམས་རང་དབང་དང་འདྲ་མཉམ་སོགས་ཀྱི་ཐོབ་ཐང་ལ་རིམ་གྱིས་ངོས་ཟིན་ཐེབས་ཤིང་། ལྷག་པར་དུ་དུས་རབས་བཅུ་བདུན་པར་བྱོན་པའི་དབྱིན་ཇི་ཡི་མཚན་ཉིད་སྨྲ་བ་ལོ་ཁེ་དང་། དུས་རབས་བཅོ་བརྒྱད་པར་ཨ་རིའི་ <<རང་བཙན་བསྒྲགས་གཏམ>> ཆེན་མོ་སོགས་སུ། མི་རྣམས་སྐྱེས་ཙམ་ནས་འདྲ་མཉམ་ཡིན་པའི་བདེན་དོན་ཇི་བཞིན་གསལ་བོར་བསྟན་པ་དང་། དུས་རབས་བཅོ་བརྒྱད་པར་བྱོན་པའི་ཧྥ་རན་སིའི་ཚབ་མཚོན་གྱི་མི་སྣ་བོལ་ཐེར་ (Voltaire) སོགས་ཀྱིས་ཁྲིམས་ཀྱི་མདུན་སར་མི་ཡོད་ཚད་འདྲ་མཉམ་ཡིན་དགོས་པར་བསྟན་པ་དང་། མོན་ཐེ་སི་ཁོའུ་ (Montesquieu) ཡིས་དབང་གསུམ་ཁག་བགོས་ཀྱི་དམངས་གཙོའི་རིང་ལུགས་བཏོན་པ་དང་།     རོའུ་སོའུ་ (Ruaessuo) ཡིས་ “མི་རྣམས་སྐྱེས་པ་ནས་འདྲ་མཉམ་ཡིན་པ་དེ་བླ་ན་མེད་པའི་ལྷན་སྐྱེས་ཀྱི་དབང་ཆ” ཞིག་ཏུ་བསྒྲགས་པ་སོགས་ཀྱིས་མི་རྣམས་ཀྱི་གོ་རྟོགས་གཏིང་ནས་སད་པར་བྱས་ཤིང་། ཁོང་ཚོ་དང་ཁོང་ཅག་ལྟ་བུའི་རླབས་ཆེ་བའི་སྐྱེས་བུ་གང་མང་ཞིག་གི་མཛད་རྗེས་ལ་བརྟེན་ནས། ད་ལྟ་ལུས་ཤིང་ལྷག་པའི་གཏུམ་དབང་ཅན་གྱི་སྲིད་གཞུང་འགའ་ཞིག་མ་གཏོགས་པའི་འཛམ་གླིང་གི་མི་འབོར་ཕལ་མོ་ཆེ་ཞིག་གིས་དེ་འདྲའི་བླ་མེད་ཀྱི་ཐོབ་སྐལ་ཕུན་ཚོགས་ལ་ལོངས་སུ་སྤྱོད་དེ་ཡོད།

༤༽ དམངས་གཙོ།

དམངས་གཙོ་ནི་ཕལ་ཆེར་དེང་གི་འཛམ་གླིང་ཡོངས་ཁྱབ་ཀྱི་སྲིད་ལུགས་སུ་གྱུར་དང་འགྱུར་བཞིན་ཡོད་ཅིང་། དེ་ནི་འགྲོ་བ་མིའི་རིགས་ཀྱི་བླ་ན་མེད་པའི་ཐོབ་ཐང་དང་རེ་སྨོན་དག་ལ་འགན་སྲུང་གཙང་མ་བྱེད་ནུས་པའི་སྲིད་ལུགས་དེ་རེད། དེ་འདྲའི་ཡང་དག་པའི་སྲིད་ལུགས་དེ་དབུ་བརྙེས་ཀྱི་དུས་ནམ་ཡིན་ནམ་སྙམ་ན། ཁོ་བོའི་རང་གི་ཆེད་སྦྱོང་བྱས་པའི་རིག་གཞུང་ནང་བསྟན་ཆོས་ལུགས་ནས་བྱུང་བ་ལྟར་ན། བདག་ཅག་གི་སྟོན་པའི་སྐུ་དུས་ཀྱི་ཡར་སྔོན་ཞིག་ནས་ཡིན་པར་བཤད་ཆོག་པ་འདྲ་སྟེ། འདུལ་བའི་གཞུང་དུ་ཚུལ་ཤིང་འགྲེམ་ལུགས་སོགས་དམངས་གཙོའི་ཚུལ་དང་མཐུན་པའི་ལས་ཆོག་ཕྱོགས་རེ་བ་འགའ་བཤད་འདུག་ལ། དེ་ནི་ནང་བསྟན་གྱི་བྱེད་ལུགས་ཙམ་མིན་པར་བདག་ཅག་གི་སྟོན་པ་ཉིད་ཀྱི་རིགས་ཏེ། ཤཀྱའི་རྒྱལ་རྒྱུད་ཀྱི་ལམ་ལུགས་ཤིག་ཡིན་པར་བཤད་པས་སོ། འཛམ་གླིང་དམངས་གཙོའི་མགོ་ཁུངས་སུ་གྲགས་པའི་གྷི་རི་སི་ནས་ཀྱང་ཚུལ་ཤིང་ལེན་པའི་སྲོལ་འདི་བྱུང་ཡོད། ཡིན་ནའང་དེ་ཡིས་ནང་བསྟན་ཆོས་ལུགས་དམངས་གཙོ་ཡིན་པར་བསྟན་རུང་མིན་ནི་གནད་དོན་གཞན་ཞིག་སྟེ་རང་གི་ལྟ་ཚུལ་ཙམ་གཞན་དུ་བྲིས་ཟིན།

དེང་དུས་ཡོངས་ཁྱབ་ཀྱིས་བཤད་ཚུལ་ལྟར་ན་དེ་མ་ཡིན་ཏེ། དེ་ནི་མི་ལོ་ཉིས་སྟོང་ལྔ་བརྒྱ་ཡས་མས་ཀྱི་སྔོན་ཏེ། གྷི་རི་སིའི་སྐྱེས་བུ་དམ་པ་བདུན་གྱི་ཡ་གྱལ་སྙན་ངག་པ་ཆེན་མོ་སོ་ལོན་ལགས་ཨ་ཐེན་གྱི་གཙོ་འཛིན་དུ་གྱུར་སྐབས་ནས་དབུ་ཚུགས་པར་སྨྲ་བ་སྟེ། དེ་ཡང་ཕྱི་ལོའི་སྔོན་གྱི་ ༤༩༤ ལོར་ཁོང་གིས་ཆེས་མཐོའི་ལྷན་ཚོགས་བཙུགས་ཤིང་། ཁྲིམས་ལུགས་གསར་པ་ཁྱབ་བསྒྲགས་བྱས་པ་ནས་ཡིན་པར་གྲགས། འོན་ཏེ་ཁོང་གིས་དབུ་བཟུང་བ་ཙམ་ལས་ལེགས་བཅོས་ཆ་ཚང་གཏིང་ཚུགས་ཤིག་མ་ནུས་པར་ཡུལ་སྐོར་དུ་ཕེབས། དེ་རྗེས་ཡང་བསྐྱར་ཚོགས་པ་སོ་སོའི་བར་འཐེན་རྩོད་མང་དུ་བྱུང་མཐར་ཕིས་སི་ཐྲིར་ཐྲོ་སི་ལགས་གཙོ་འཛིན་དུ་གྱུར་ཏེ་ཁོང་གིས་ཐག་གཅོད་དཔྱིས་ཕྱིན་པ་མཛད། དེ་རྗེས་ཁོང་གི་བུ་གཉིས་ཀྱིས་སྲིད་བཟུང་སྟེ་སྒེར་གཅོད་བགྱི་བར་བརྩམས་མོད། ཡང་བསྐྱར་སྐྱེས་བུ་དམ་པ་འགའ་ཞིག་གི་ལེགས་མཛད་ལས་དམངས་གཙོའི་ལམ་བུ་རུ་ཕྱིར་ལྡོག་མཛད།

དེ་ལྟར་དཀའ་ངལ་གྱི་ལམ་བུ་མང་ཙམ་བརྒྱུད་དེ་པར་སིག་དང་གྷི་རི་སིའི་དམག་འཁྲུགས་རྒྱག་བཞིན་པའི་སྐབས་སུ་དམངས་གཙོ་ཡི་བསྟན་པ་དར་བཞིན་པའི་སྒང་ཡིན་པ་དང་། དེ་ཡི་དམག་འཁྲུགས་མཇུག་རྫོགས་རྗེས་ཏེ་སྤྱི་ལོའི་སྔོན་གྱི་ལོ་ ༤༣༣ ནས་ ༤༢༩ བར་ལོ་ངོ་ལྔའི་རིང་ལ་སྲིད་འགན་བཞེས་པའི་ཕི་རི་ཁི་ལེ་སིའི་(Pselicire) སྐབས་སུ་ཅུང་འཐུས་ཚང་དུ་གྱུར་ཡོད་པར་བཤད། འོན་ཏེ་བྲན་གཡོག་དང་། བུད་མེད། བྱིས་པ་སོགས་ལ་དམངས་ཀྱི་ཐོབ་ཐང་མེད་ཅིང་། ཕ་མ་གཉིས་ཀ་ཨ་ཐེན་གྱི་མི་མིན་ནའང་དམངས་ཀྱི་ཐོབ་ཐང་མེད་པས། དངོས་སུ་སྲིད་ཀྱི་དབང་ཆར་ལོངས་སུ་སྤྱོད་ཆོག་མཁན་ནི་མི་སེར་རྣམས་ཀྱི་དྲུག་ཆ་གཅིག་ཙམ་ལས་མེད་པས། ལྟོས་འཇོག་ཙམ་ལས་དེང་དུས་ལ་ལྟོས་ན་དམངས་གཙོ་ཚད་ལྡན་ཞིག་ནི་གཏན་ནས་མིན་པར་གྲགས། མ་གཞི་སྐྱེས་བུ་དམ་པ་སོ་ལོན་སོགས་ཀྱི་སྐབས་སུ་ཨ་ཐེན་གྱི་སྤྱ་ཚོགས་ནི་མཐོ་རིམ་སྐུ་དྲག་ཚོགས་པ་དང་། འབྲིང་རིམ་བྲན་བདག་ཚོགས་པ། དམའ་རིམ་མི་སེར་ཚོགས་པ་གསུམ་གྱིས་གྲུབ་ཡོད་ཅིང་། གོང་རིམ་དག་གིས་འོག་རིམ་མི་སེར་ལ་དབང་བསྒྱུར་དང་མནར་གཅོད་ཚད་ལས་འདས་པ་གཏོང་གིན་ཡོད། སོ་ལོན་ནི་དེ་འདྲའི་གནས་བབ་འོག་འབྲིང་རིམ་བྲན་བདག་གི་ཕྱོགས་ཀྱི་ཁེ་ཕན་གཙོར་བཟུང་གིས་བཅོས་བསྒྱུར་བྱས་པ་ཡིན་ཞིང་། ཕིས་སི་ཐྲིར་ཐྲོ་སི་ལགས་ཀྱིས་ནི་འོག་རིམ་མི་སེར་ཕྱོགས་ཀྱི་ཁེ་ཕན་གཙོར་བཟུང་བྱས་པ་ཡིན་པས་ཁོང་ལྷག་པར་མ་ཟད། སྐུ་དྲག་ལག་ནས་ཞིང་ས་གཞུང་བཞེས་ཀྱིས་འོག་རིམ་མི་སེར་ལ་བགོས་པ་སོགས་བཅོས་བསྒྱུར་གྱི་ངོ་བོ་ཡང་ཕིས་སི་ཐྲིར་ཐྲོ་སི་རབ་ཏུ་ཟབ་མོད། འཛམ་གླིང་ཁྱོན་ཡོངས་སྒེར་གཅོད་ཀྱི་མུན་ནག་གིས་བཏུབ་པའི་དུས་དེར་དམངས་གཙོ་ཡི་བསྟན་པའི་ཉི་འོད་ཐོག་མར་འདྲེན་པའི་ལྟ་གོན་བྱེད་པོ་ཡིན་པས། སོ་ལོན་ལགས་ལ་རབ་ཏུ་གུས་པར་འོས་སོ། །

སྐབས་དེར་ཨ་ཐེན་སི་པས་སྐྱོང་བཞིན་པའི་དམངས་གཙོ་ནི་དངོས་སྐྱོང་དམངས་གཙོ་ཡིན་པས་འོས་འཕེན་མཁན་ཡོངས་དངོས་སུ་ཞུགས་དགོས་པ་ཡིན་མོད། ཕྱིས་སུ་སྐུ་ཚབ་དམངས་གཙོ་དར་ཏེ་མི་དམངས་ཀྱིས་བདམས་པའི་འཐུས་མི་ཚོས་དམངས་ཀྱི་ཚབ་བྱས་ཏེ་ཐག་གཅོད་པ་ལས། མི་རེ་ངོ་རེ་ནས་ཞུགས་མི་དགོས་པའི་ལུགས་སྲོལ་དར་ནས་ད་ལྟ་དམངས་གཙོའི་རྒྱལ་ཁབ་ཀུན་ཏུ་སྐུ་ཚབ་དམངས་གཙོ་སྐྱོང་བཞིན་ཡོད་སྐད། ཨ་རི་ལ་མཚོན་ན་དམངས་གཙོ་ཀ་བ་གསུམ་ལྡན་ཞེས་ཡོངས་སུ་གྲགས་པ་དེ་སྐྱོང་བཞིན་ཡོད་ཅིང་། དེ་ནི་ཧྥ་རན་སིའི་བློ་འབྱེད་བསམ་བློ་བ་ཆེན་པོའི་གྲས་མོན་ཐེ་སི་ཁུ་ཡིས་བཏོན་པའི་ཐབས་ལམ་ཞིག་ཡིན། ཁོང་གིས་ “ཁྲིམས་འཛུགས་དང་སྲིད་འཛིན་གཉིས་ཆར་གྱི་དབང་ཆ་མི་གཅིག་གམ་ལས་ཁུང་གཅིག་གི་ལག་ཏུ་ཤོར་ཚེ་རང་དབང་ཡོད་མི་སྲིད” ཅེས་བཤད་མྱོང་།

མིག་སྔར་འུ་ཚོ་བོད་ཀྱི་རྩོམ་འབྲི་བའི་སྡེ་རུ་ “དམངས་གཙོ” དང་ “མང་གཙོ” ཞེས་འབྲི་སྟངས་གཉིས་བྱུང་འདུག་མོད། སྤྱིར་མང་དང་དམངས་གཉིས་ཀྱི་དོན་ཁྱོན་ནས་མི་འདྲ་བས་དམངས་གཙོ་དང་མང་གཙོ་ཡི་དོན་ཡང་ཁོ་བོས་ནི་སོ་སོར་དགར་བར་འདོད། དེ་ཡང་ཇི་ལྟར་ན་མང་ནི་ཉུང་ངུའི་ལྡོག་ཟླའི་དོན་ཅན་ཞིག་རེད་ལ། དམངས་ནི་གཞུང་དང་ལྟོས་འཇོག་གི་བརྗོད་དོན་དེ་རེད། དེ་བས་གཞུང་ལ་ལྟོས་ནས་དམངས་གཙོ་ཞེས་པ་འདི་བྱུང་ལ། སྤྱི་ཚོགས་ལ་ལྟོས་ཏེ་མང་གཙོ་ཞེས་པ་འདི་བྱུང་། དཔེར་ན་སྔ་མ་ནི་ “རྒྱལ་ཁབ་ཀྱི་བདག་པོ་དམངས་ཡིན” ཞེས་པ་དང་། “རྒྱལ་ཁབ་དམངས་ཀྱིས་སྐྱོང་བ” སྟེ་དམངས་ཀྱི་ཁེ་ཕན་དང་འདོད་བློར་ལྟོས་ཏེ་རྗེས་སུ་འགྲོ་ལྡོག་བྱེད་དུ་ཡོད་པ་ལྟ་བུར་གོ་ཞིང་། དེ་ལྟར་ན་སྲིད་གཞུང་ལ་ལྟོས་པའི་མི་བུ་སྒེར་བ་གཅིག་ལའང་དམངས་ཞེས་པའི་ཐ་སྙད་འདི་འཇུག གཉིས་པ་ནི་ “མང་མོས་ཐག་གཅོད” དང་ “མང་མོས་འོས་འདེམས” ཞེས་པ་ལྟ་བུ་སྟེ། དེ་ནི་གང་ཟག་གཅིག་ལ་གོ་བའི་སྐབས་དབེན་ནོ། དེ་བས་བོད་རང་གི་ཐ་སྙད་གཞིར་བཞག་ན་འདི་གཉིས་ལ་ཁྱད་པར་ཡོད་པར་སྙམ།

མང་ཆེ་བས་དམངས་ཞེས་པའི་ཐ་སྙད་འདི་བརྗོད་དོན་དམན་པ་སྲོག་ཏུ་བཟུང་བའི་ཐ་སྙད་ཅིག་ཏུ་སྙམ་པ་རེད་མོད། ཁོ་བོས་ནི་དག་ཡིག་གསར་བསྒྲིགས་ལས་བཤད་པ་ལྟར་དམངས་ཞེས་པའི་ཐ་སྙད་འདིར་ཡུལ་དང་དུས་མི་འདྲ་བའི་ཆ་ནས་གོ་སོ་སོར་ལེན་དུ་ཡོད་པར་འདོད་ཅིང་། ཐ་སྙད་རྙིང་པ་ལ་བརྗོད་དོན་གསར་པ་ཞུགས་པའི་རྣམ་པ་ཞིག་ཀྱང་ཡོད་པར་སྙམ། འདི་དག་ནི་བོད་རང་གི་ཐ་སྙད་བེད་སྤྱོད་བྱེད་སྟངས་ཀྱི་ཧེ་བག་ཐད་རང་གི་ལྟ་ཚུལ་ཙམ་བཏོན་པ་ཡིན་པས། བློ་མིག་ལྡན་པའི་རིགས་མཐུན་སྙུག་འཛིན་པ་དག་གིས་འགྲིག་མིན་དཔྱོད་འཚལ། འོན་ཀྱང་དམིགས་འབྲས་དང་ཉིང་དགོས་སོགས་ཀྱི་ཆ་ནས་འབབ་གཞི་གཅིག་ཏུ་གྲུབ་པས། ཐ་སྙད་གཅིག་གིས་འཐུས་པར་བྱས་ནའང་དེ་ཙམ་རྒོལ་དགོས་ཀྱི་གནས་སུའང་མ་མཐོང་ངོ་། །