12/11/2019

རྩོམ་པ་པོ་གྲྭ་བློ་མིག་ལ་རྒྱ་གཞུང་གིས་ཁྲིམས་ཐག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  
རྩོམ་པ་པོ་གྲྭ་བློ་མིག་ལགས་འཇུ་བཟུང་བཀག་ཉར་སྐབས་ཀྱི་འདྲ་པར།
རྩོམ་པ་པོ་གྲྭ་བློ་མིག་ལགས་འཇུ་བཟུང་བཀག་ཉར་སྐབས་ཀྱི་འདྲ་པར།

རྔ་པ་ཀིརྟི་དགོན་པའི་གྲྭ་བློ་མིག་ལགས་ལོ་གཅིག་ལྷག་རིང་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་མཐར། དེ་རིང་ལུང་དགུ་རྫོང་དུ་ཁོང་ལ་ལོ་བདུན་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་གཞུང་གིས་རྩོམ་པ་པོ་གྲྭ་བློ་མིག་ལགས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་དང་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག ཡོངས་བསྒྲགས་མ་ཡིན་པར་གསང་བའི་ཐོག་ལོ་ ༧ ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ལ་ཁྲིམས་གཅོད་སྐབས་ནང་མིར་བརྡ་ལན་གང་བཏང་མེད་པ་མ་ཟད། ཁྲིམས་ཐག་ག་དུས་བཅད་མིན་སྐོར་ཡང་ནང་མིར་གསལ་བཤད་བྱས་མེད་པ་རེད།

དེའང་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༩ ཉིན། རྔ་པ་བོད་རིགས་རང་སྐྱོང་ཁུལ་ལུང་དགུ་རྫོང་མི་དམངས་ཁྲང་ཟེར་བས་རྩོམ་པ་པོ་གྲྭ་བློ་བཟང་འཇམ་དབྱངས་ལགས་དང་ཁོང་གི་ནང་མི་ཆུ་ཚོད་ཕྱེད་ཀའི་ཐུག་འཕྲད་བྱེད་བཅུག་ཡོད་པ་དང་། སྐབས་དེར་རྩོམ་པ་པོ་ཁོང་གིས་ནང་མིར་བཤད་རྒྱུར་རྒྱ་གཞུང་གིས་ཁོང་ལ་ཕྱི་ལོ་ ༢༠༠༩ ནས་ ༢༠༡༥ བར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་དང་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ནག་ཉེས་བཙན་འགེལ་བྱས་ཡོད་ཀྱང་། ཁོང་རང་ངོས་ནས་ངོས་ལེན་རྩ་བ་ནས་བྱས་མེད་སྐོར་བརྗོད་ཡོད་འདུག

རྩོམ་པ་པོ་བློ་བཟང་འཇམ་དབྱངས་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༧ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༡ དང་ཕྱེད་ཀ་ཙམ་ལ་རྔ་བ་རྫོང་མཁར་གྱི་སྲང་ལམ་ཞིག་ནས་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་རྗེས་ཡུན་རིང་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་ཡོད་པ་རེད། ད་བར་དུས་ཡུན་ལོ་གཅིག་ལྷག་འགོར་བའི་རིང་ཐག་གཅོད་གང་ཡང་མ་བྱས་པར་གཅར་རྡུང་འདྲི་གཅོད་ཀྱིས་བཀག་ཉར་བྱས་ཡོད། རྩོམ་པ་པོ་འཇུ་བཟུང་དགོས་པའི་རྒྱུ་རྐྱེན་གང་མིན་སྐོར་ད་ལྟའི་བར་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རྩོམ་པ་པོ་ཁོང་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་ཐེབས་རྗེས། བོད་ནང་གི་རྩོམ་པ་པོ་ ༢༠ ལྷག་གིས་ཁོང་གི་སྐོར་ལ་རྩོམ་ཡིག་བྲིས་ཡོད་པ་དག་དང་། ས་གནས་མང་ཚོགས་ཀྱི་ཚོད་དཔག་བྱས་པ་ལྟར་ན། རྩོམ་པ་པོ་ཁོང་གིས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས། ཁོར་ཡུག་གཏོར་བཅོམ་དང་སྨྲ་བརྗོད་རང་དབང་སོགས་ཀྱི་ཐད་རྒྱ་གཞུང་བྱས་ཉེས་ཁག་ཐེར་འདོན་གྱི་རྩོམ་ཡིག་བྲིས་ཤིང་། བགྲོ་གླེང་དང་གཏམ་བཤད་སྔ་ཕྱི་མང་པོ་བྱས་པའི་རྐྱེན་གྱིས་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

རྩོམ་པ་པོ་གྲྭ་བློ་བཟང་འཇམ་དབྱངས་ལགས་ནི། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་དྲག་གནོན་དབང་བསྒྱུར་གྱི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཇོ་ཚང་ཡིན་ཞིང་། ཁོང་ད་ལྟ་རང་ལོ་ ༢༨ ཡིན་པ་དང་། ཁོང་གི་སྨྱུག་མིང་ལ་བློ་མིག་ཟེར། ཁོང་གི་ཕ་མིང་ལ་ཇོ་རྡོར་དང་མ་མིང་ལ་འཛམ་དཀར་ཟེར། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ་དེང་སྐབས་ཕར་ཕྱིན་འཛིན་གྲྭ་ཡིན་པ་དང་། དེ་སྔོན་གསེར་རྟ་བླ་རུང་སྒར་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་ཟུར་ཞུགས་ཀྱིས་ཐུན་མོང་རིག་གནས་སོགས་ལ་སློབ་གཉེར་བྱེད་མྱོང་ཡོད་པ་རེད། དེ་བཞིན། ཁོང་དེ་སྔོན་གཏམ་བཤད་ཀྱི་བྱེད་སྒོ་མང་པོར་ཞུགས་མྱོང་ཡོད་པར་མ་ཟད། རྒྱུན་དུ་སྤྱི་ཚོགས་དཔྱད་རྗོད་ཀྱི་རྩོམ་ཡིག་དང་སྙན་ངག་མང་པོ་འབྲི་མཁན་ཞིག་ཡིན། ཁོང་གིས་<<ན་བུན་སེར་པོའི་འཕྱུར་སྟངས།>>ཞེས་པའི་སྙན་དེབ་ཅིག་ཀྱང་བརྩམས་ཏེ་སྤྱི་ཁྲོད་པར་བསྐྲུན་བྱས་ཡོད་པ་རེད།