17/01/2021

རྔ་པ་རྫོང་ཁོངས་སུ་བོད་མི་ཞི་རྒོལ་བ་ཁག་ཅིག་སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  

རྒྱ་གཞུང་ཉེན་རྟོག་པས་ཉེ་སྔོན་ཨ་མདོ་རྔ་པ་རྫོང་གི་ཁྲོམ་གཞུང་དུ་ཞི་བའི་སྐད་འབོད་བྱེད་མཁན་ཕོ་གསར་གཉིས་དང་། རང་ལོ་ ༦༤ ཡིན་པའི་རྒན་མོ་གུས་མོ་དང་། རང་ལོ་ ༢༩ ཡིན་བུད་མེད་རྡོ་རྗེ་སྒྲོལ་མ། དེ་བཞིན། དབྱར་གནས་གྲུབ་རྗེས་དབྱར་ས་ཚིགས་བརྒལ་བར་བསྐྱོད་མཁན་གྲྭ་པ་ལྔ་ལྷག་བཅས་བོད་མི་སྐོར་ཅིག་སྔ་ཕྱིར་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག

རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པའི་བུད་མེད་རྡོ་རྗེ་སྒྲོལ་མ་ལགས།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པའི་བུད་མེད་རྡོ་རྗེ་སྒྲོལ་མ་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༠ ཉིན་གུང་བོད་ཨ་མདོ་རྔ་པ་རྫོང་ཁྲོམ་གཞུང་དུ་ཕོ་གསར་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སྐབས། མི་མང་གིས་དེར་མཐུད་དེ་སྐད་འབོད་གནང་འདུག་ལ། སྐབས་དེར་ཉེན་རྟོག་པས་མི་མང་ཁྲོད་ནས་རང་ལོ་ ༦༤ ཡས་མས་ཡིན་པའི་རྒན་མོ་གུས་མོ་ལགས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་མོ་གར་ཡོད་ཅི་བྱུང་གི་གནས་སྟངས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ཁོངས་ལྟར་བྱས་ན།  གུས་མོ་ལགས་ནི་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཡིན་པ་དང་། ཁོ་མོའི་ཁྱོ་གའི་མིང་ནམ་མཁའ་སྐྱབས་ཟེར་པ་དང་། ཁོ་ཚོང་ལ་ནང་མི་དགུ་ཡོད་འདུག ཁོང་མོ་རྒྱུན་དུ་རྔ་པ་རྫོང་མཁར་གྱི་གཞུང་ལམ་གཙང་བཟོའི་ལས་ཀར་ཉིན་གླ་བྱེད་བཞིན་ཡོད་པ་རེད།  གཞན་ཉིན་དེའི་ངོ་རྒོལ་གནང་མཁན་གྱི་ཕོ་སར་གཉིས་དང་སྐབས་ཐོག་དེར་འཛིན་བཟུང་བྱས་པ་གཞན་ཁག་གི་མིང་དང་ཕ་ཡུལ་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གཞན་ད་དུང་། བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་གཞིར་བཟུང་ལོ་ལྟར་དབྱར་དུས་སུ་དགོན་སྡེ་ཁག་གི་གྲྭ་པ་རྣམས་དབྱར་གནས་ལ་བསྡད་དེ། ས་ཁུལ་རྒྱས་བཅད་ཀྱི་ནང་ཚུད་ལས་བརྒལ་ཏེ་གཞན་དུ་འགྲོ་མི་ཆོག་པ་དང་། དབྱར་གནས་གྲོལ་རྗེས་གྲྭ་པ་རྣམངས་དབྱར་གནས་ཀྱི་ས་ཚིགས་བརྒལ་ཏེ་ལྗོངས་རྒྱུར་བསྐྱོད་དགོས་ཀྱི་ཡོད་པ་ལྟར།   འདི་ལོ་རྔ་པ་ཀིརྟི་དགོན་པའི་དབྱར་གནས་ཆོས་ཐོག་མཇུག་སྒྲིལ་མཚམས། ཕྱི་ཟླ་ ༩ ཚེས་ ༡༡ ཉིན་རྔ་པ་ཀིརྟི་དགོན་པའི་བློ་རིག་འཛིན་གྲྭའི་དགེ་འདུན་པ་ལྔ་ལྷག་མཉམ་དུ་དབྱར་གྱི་ས་ཚིགས་བརྒལ་བར་འགྲོ་སྐབས་ཉེན་རྟོག་པས་དོན་མེད་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་པ་དང་། ཉིན་གཉིས་གསུམ་རེའི་རྗེས་སུ་དགེ་འདུན་པ་གཞན་རྣམས་གློད་ཡོད་ཀྱང་། རང་ལོ་ ༢༢ ཡིན་པའི་གྲྭ་བློ་བཟང་བསོད་ནམས་ལགས་མུ་མཐུད་བཀག་ཉར་བྱས་ཡོད་འདུག  ཁོང་བཀག་ཉར་བྱ་དོན་དང་ད་ལྟ་གང་དུ་གང་བཀག་ཉར་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། གྲྭ་བློ་བཟང་བསོད་ནམས་ལགས་ནི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཡིན་པ་དང་། ཁོང་གི་ཕའི་མིང་ལ་སྐལ་བཟང་དང་མའི་མིང་ལ་ཚེ་རིང་སྒྲོལ་མ་ཟེར། ཁོང་ཚང་ལ་མིང་སྲིང་བཞི་ཡོད་པའི་གྲས་ནས་ཆེ་ཤོས་ཡིན་པ་དང་། ཆུང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཡོད་འདུག

བོད་མདོ་སྨད་རྔ་པ་རྫོང་མཁར་དུ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བཞིན་པའི་རྣམ་པ།
བོད་མདོ་སྨད་རྔ་པ་རྫོང་མཁར་དུ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བཞིན་པའི་རྣམ་པ།

གཞན་ཡང་། ཕྱི་ཟླ་ ༨ ཚེས་ ༢༠ ཉིན་གྱི་བོད་ནང་གི་ཞོགས་ཀའི་དུས་ཚོད་ ༨ དང་ཕྱེད་ཀ་ཙམ་ལ།  རང་ལོ་ ༢༩ ཡིན་པའི་བུད་མེད་རྡོ་རྗེ་སྒྲོལ་མ་ལགས་ཀྱིས། རྔ་པ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཞི་བའི་གོམ་བགྲོད་གནང་ཡོད་ཀྱང་། དེ་མ་ཐག་ཉེན་རྟོག་པ་བཅུ་གྲངས་ཤིག་སླེབས་ནས་ཁོང་མོ་འཛིན་བཟུང་བཙན་ཁྲིད་བྱས་འདུག ད་ལྟའི་ཆར་ས་གནས་གང་དུ་བཀག་ཉར་བྱས་ཡོདམེད་སོགས་ཞིབ་ཕྲའི་གནས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། རྡོ་རྗེ་སྒྲོལ་མ་ལགས་ནི་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པའི་བསྟན་དར་ཚང་གི་ཡིན་པ་དང་།  ཁོ་མོའི་ཕའི་མིང་ལ་རྡོ་རྗེ་རབ་བརྟན་དང་མའི་མིང་ལ་རྟ་མགྲིན་འཚོ་ཟེར།  མིང་སྲིང་བཞི་ཡོད་པའི་ནང་ནས་གཉིས་པ་དེ་ཡིན་པ་དང་།  རྡོ་རྗེ་སྒྲོལ་མ་ལགས་སུ་ཕྲུ་གུ་གསུམ་ཡོད་འདུག

ད་ལྟའི་ཆར་རྔ་པ་རྫོང་མཁར་གྱི་ལམ་གྱི་བཞི་མདོ་དང་གཞུང་ལམ་ཁག་སོགས་ལ་ཉེན་རྟོག་པས་རྒྱུན་དུ་ལྟ་སྲུང་ནན་མོ་བྱས་ཡོད་པ་དང་། གཞུང་གི་ལས་ཁུངས་ཁག་ལས་གཞན་པའི་དྲ་ལམ་ཡོངས་རྫོགས་ཉེ་སྔོན་ནས་བཟུང་མུ་མཐུད་བཀག་སྡོམ་བྱས་ཡོད་འདུག