26/02/2021

རྔ་པ་ཀིརྟི་དགོན་པའི་གྲྭ་གཉིས་ལ་ཁྲིམས་ཆད་དང་གཉིས་འཇུ་བཟུང་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  

ཉེ་ཆར་རྒྱ་གཞུང་གིས་ཞི་བའི་སྐད་འབོད་གོམ་བགྲོད་གནང་མཁན་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་དང་བློ་བཟང་སྐལ་བཟང་གཉིས་ལ་བཙོན་འཇུག་ཁྲིམས་བཅད་ཡོད་པ་མ་ཟད། གྲྭ་བློ་བཟང་དགེ་འཕེལ་དང་འབྲུག་སྒྲ་གཉིས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

རྒྱ་གཞུང་གིས་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས།
རྒྱ་གཞུང་གིས་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ལ། ཕྱི་ལོ་ ༢༠༡༥ ཟླ་ ༡༠ པའི་ཟླ་མཇུག་ཙམ་ལ་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་བཀྲ་ཤིས་གླིང་རྫོང་དུ་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་མི་འགྱང་པར་ཟི་ཁྲོན་མེན་ཡཱང་བཙོན་ཁང་དུ་བསྐྱལ་རྒྱུ་ཡིན་འདུག ཡིན་ནའང་། ཁོང་ལ་ནག་ཉེས་ཅི་ཞིག་བཙུགས་པ་དང་ཁྲིམས་ཐག་ཇི་ལྟར་བཅད་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

དེ་སྔོན་དགེ་འདུན་ཕུན་ཚོགས་ལགས་འཇུ་བཟུང་སྐོར་ལ་འདི་ག་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་ཁོང་གིས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོ་ཞིག་གིས་ལྗིབས་ཏེ་མགོ་ཐོག་ཏུ་འཕྱར་ནས། “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།” ཞེས་སྐད་འབོད་བྱེད་བཞིན། རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་གོམ་བགྲོད་བྱས་སྐབས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད། དེ་རྗེས་ད་ལྟའི་བར་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མ་བྱུང་བར་ལྷག་ཡོད་པ་རེད།

ཁོང་ནི་རྔ་པ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་འགབ་མའི་ཕ་བཀྲ་རྒྱལ་དང་མ་རིག་གོ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ལོ་སྔོན་མའི་ནང་སྔོན་འགྲོའི་འཛིན་གྲྭ་ཁག་མཐར་ཕྱིན་ཡོད་འདུག

རྒྱ་གཞུང་གིས་ལོ་ ༣ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་གྲྭ་བློ་བཟང་སྐལ་བཟང་ལགས།
རྒྱ་གཞུང་གིས་ལོ་ ༣ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་གྲྭ་བློ་བཟང་སྐལ་བཟང་ལགས།

དེ་བཞིན། རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༩ ཅན་གྱི་གྲྭ་བློ་བཟང་སྐལ་བཟང་ལགས་ལ། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་བཀྲ་ཤིས་གླིང་རྫོང་ནས་ལོ་ ༣ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ཡང་མི་འགྱང་བར་མེན་ཡཱང་བཙོན་ཁང་དུ་བསྐྱལ་རྒྱུ་འདུག་ལ། ནག་ཉེས་ཅི་ཞིག་བཙུགས་ཡོད་མེད་དང་ཁྲིམས་ཐག་ཇི་ལྟར་བཅད་མིན་གྱི་གནས་ཚུལ་ཁ་གསལ་ཤེས་ཐུབ་ཀྱི་མེད་པ་རེད།

དེ་སྔོན་བློ་བཟང་སྐལ་བཟང་ལགས་འཇུ་བཟུང་སྐོར་ལའང་འདི་ག་ལྟེ་གནས་ཁང་གིས་ཚུལ་སྤེལ་ཡོད་པ་ལྟར། འདི་ལོའི་ཟླ་ ༣ ཚེས་ ༡༧ ཉིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་དུ། ཁོང་གིས་ལག་པ་གཡོན་པས་༸གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་ཤིང་ལག་པ་གཡས་པས་རླུང་རྟ་གཏོར་བཞིན། “བོད་ལ་རང་དབང་དགོས།” ཞེས་སྐད་འབོད་བྱས་སྐབས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད། དེ་རྗེས་ད་ལྟའི་བར་དུ་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་རེད། ཁོང་གི་ཕ་ཡུལ་རྔ་པ་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་འགབ་མ་ཡིན་ཞིང་། ཕ་ཚེ་རིང་དང་མ་བདེ་ཆེན་གཉིས་ལ་བུ་བུ་མོ་གསུམ་ཡོད་ལས་གཉིས་པ་དེ་ཡིན་པ་རེད། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་འཛིན་གྲྭ་ཁ་དོག་གོང་མ་ཡིན་འདུག དེར་མ་ཟད་དགེ་འདུན་ཕུན་ཚོགས་དང་བློ་བཟང་སྐལ་བཟང་གཉིས་ནི་ཕ་མ་མིང་སྲིང་གི་བུ་སྤུན་ཡིན་པ་རེད།

རྒྱ་གཞུང་གིས་བསྐྱར་དུ་འཇུ་བཟུང་བཙན་འཁྲིད་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ་(གཡོན)དང་འབྲུག་སྒྲ་(གཡས)གཉིས།
རྒྱ་གཞུང་གིས་བསྐྱར་དུ་འཇུ་བཟུང་བཙན་འཁྲིད་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ་(གཡོན)དང་འབྲུག་སྒྲ་(གཡས། གཉིས་པ)གཉིས།

གཞན་ཡང་། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣༠ ཉིན་གྱི་མཚན་མོ་རང་ལོ་ ༢༨ ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ་དང་། རང་ལོ་ ༤༩ ཡིན་པའི་གྲྭ་འབྲུག་སྒྲ་གཉིས་སོ་སོའི་རང་ཤག་ནས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་འདུག ཁོང་གཉིས་འཇུ་བཟུང་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་ཀྱི་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ཁོང་གཉིས་ནི་དེ་སྔོན་རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་མྱངས་པའི་ཆབ་སྲིད་བཙོན་ཟུར་གཉིས་ཡིན་པ་རེད།

གྲྭ་བློ་བཟང་དགེ་འཕེལ་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༥ ནང་རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་ཡུན་རིང་བཀག་ཉར་བྱས་མཐར་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ལ། རྗེས་སུ་ ༢༠༡༣ ལོའི་ལོ་མཇུག་ཙམ་ལ་བཙོན་འཇུག་དུས་བཅད་མ་རྫོགས་པར་ཟླ་ཤས་སྔ་བསྣུར་གྱིས་གློད་གྲོལ་བྱས་ཡོད་པ་རེད། ཁོང་གི་ཕ་ཡུལ་ནི་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཕའི་མིང་ལ་ཨུ་རྒྱན་ཚེ་རིང་དང་མའི་མིང་ལ་ལྷ་མོ་སྐྱིད་ཟེར། ཁོང་ཚོང་ལ་བུ་བུ་མོ་དགུ་ཡོད་པའི་ནང་གི་ཆེ་ཤོས་ཡིན་པ་དང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། ད་སྐབས་སྨན་པ་གྲྭ་ཚང་གི་གཉེར་པ་ཡིན་འདུག

དེ་བཞིན། གྲྭ་འབྲུག་སྒྲ་ལགས་ཡང་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་འཛིན་བཟུང་གིས་ལོ་ ༡ དང་ཟླ་ ༤ ཡི་ཁྲིམས་ཐག་བཅད་མྱངས་ཡོད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་དང་། ཁོང་གི་ཕ་ཡུལ་ནི་རྔ་པ་སོ་རུ་མ་ནས་ཡིན་པ་རེད།

ཉེ་བའི་ལོ་འདིའི་ནང་བོད་མདོ་སྨད་རྔ་པ་གཙོས་བོད་ཀྱི་ས་ཁུལ་ཁག་ནང་། མི་སྒེར་གཅིག་རྐྱང་སྲང་ལམ་དུ་ཐོན་ཏེ་ཞི་བའི་སྐད་འབོད་གོམ་བགྲོད་ཀྱི་ངོ་རྒོལ་རིམ་པར་བྱུང་ཡོད་པ་ལྟར། རྒྱ་གཞུང་གིས་ཞི་བའི་སྐད་འབོད་བྱེད་མཁན་བོད་མི་དེ་དག་ལ་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་རེད། བོད་མི་དེ་དག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གཞིར་བཟུང་ཞི་བའི་སྒོ་ནས་སོ་སོའི་མངོན་འདོད་གསལ་འདོན་བྱས་པ་ཙམ་ལས་ཁྲིམས་འགལ་ནག་ཉེས་གང་ཡང་བསགས་མེད། རྒྱ་གཞུང་གིས་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་གིས་མཚོན་པའི་རྒྱལ་སྤྱིའི་སྤྱི་ཆིངས་མང་པོར་ངོས་ལེན་མིང་རྟགས་བཀོད་ཡོད་པ་རེད། རྒྱལ་སྤྱིའི་ཁྲིམས་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་གང་ཐད་ནས་བལྟས་ཀྱང་། རྒྱ་གཞུང་གིས་བོད་མི་ཞི་བའི་སྐད་འབོད་གོམ་བགྲོད་པ་དེ་དག་ལ་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་པ་དེ་ནི། མ་གཞི་ནས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཁོ་ན་ཞིག་ཆགས་ཡོད།

ལྷག་པར་དུ་བོད་མི་ཞི་བའི་སྐད་འབོད་གོམ་བགྲོད་པ་དེ་དག་འཇུ་བཟུང་བཙན་ཁྲིད་རྗེས་དུས་ཡུན་རིང་པོར་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད། དཔེར་ན། གོང་གསལ་གྲྭ་དགེ་འདུན་ཕུན་ཚོགས་དང་བློ་བཟང་སྐལ་བཟང་གཉིས་ཀྱང་ཞི་བའི་སྐད་འབོད་གོམ་བགྲོད་སྐབས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་རྗེས་ད་ལྟའི་བར་དུ་གར་སོང་ཆེད་ཀྱི་གནས་སྟངས་འོག་ལྷག་ཡོད། དེར་མ་ཟད། ཁོང་གཉིས་སོ་སོའི་ས་གནས་རྫོང་དུ་བཀག་བསྐྱིལ་མ་བྱས་པར། གསང་བའི་ཐོག་བཀྲ་ཤིས་གླིང་རྫོང་དུ་བཀག་བསྐྱིལ་དང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁྲིམས་ཞིབ་དང་ཁྲིམས་གཅོད་ཀྱི་བརྒྱུད་རིམ་ཆ་ཚང་ཁ་གསལ་མེད་པ་དང་། བོད་མི་དེ་དག་ཁྲིམས་རྩོད་པ་དང་ནང་མིར་འབྲེལ་གཏུགས་ཀྱིས་ཉེས་འཛུགས་དག་འབུལ་གྱི་གོ་སྐབས་ཀྱང་རག་གི་མེད་པ་རེད། འདི་ནི་ཁྲིམས་ཀྱི་མདུན་སར་མི་རིགས་དབྱེ་འབྱེད་བྱས་པ་ཞིག་ཆགས་ཀྱི་ཡོད།

སྤྱིར་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་བྱེད་ཐབས་སྤྱད་དེ། བོད་མི་ཞི་བའི་ངོ་རྒོལ་གནང་མཁན་དག་གང་བྱུང་འཇུ་བཟུང་བཙན་འཁྲིད་དང་བཀག་ཉར་གཅར་རྡུང་། བཙོན་འཇུག་ཁྲིམས་གཅོད་བྱེད་པ་སོགས། འཇིགས་སྐུལ་དང་དྲག་ལས་འབའ་ཞིག་སྤྱད་ནས་བོད་མིའི་བསམ་བློ་དང་མངོན་འདོད་བཀག་སྡོམ་ཡོང་ཐབས་བྱེད་ཀྱིན་ཡོད། ཡིན་ནའང་། རྒྱ་གཞུང་གི་བྱེད་ཐབས་དེ་རིགས་ཀྱིས་བོད་མི་རྣམས་ལ་དཀའ་སྡུག་འཕྲད་ཀྱིན་ཡོད་པ་མ་ཟད། རྒྱ་གཞུང་རང་ཉིད་ཀྱི་དམིགས་ཡུལ་ཡང་འགྲུབ་ཐུབ་ཀྱི་མེད་པར། སྔར་ལྷག་བོད་ནང་ངོ་རྒོལ་དཀའ་རྙོག་ཤུགས་ཆེ་རུ་འགྲོ་བཞིན་ཡོད།

http://tchrd.org/newsite/tb/2015/03/%E0%BD%82%E0%BE%B2%E0%BE%AD%E0%BC%8B%E0%BD%91%E0%BD%82%E0%BD%BA%E0%BC%8B%E0%BD%A0%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%95%E0%BD%B4%E0%BD%93%E0%BC%8B%E0%BD%9A%E0%BD%BC%E0%BD%82%E0%BD%A6%E0%BC%8B/

http://tchrd.org/newsite/tb/2015/03/%E0%BD%A2%E0%BE%94%E0%BC%8B%E0%BD%96%E0%BC%8B%E0%BD%80%E0%BD%B2%E0%BD%A2%E0%BE%9F%E0%BD%B2%E0%BC%8B%E0%BD%91%E0%BD%82%E0%BD%BC%E0%BD%93%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%82%E0%BE%B2/