17/04/2021

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཟེར་བས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྤྱོད་པ་ཁྲིམས་འགལ་ཡིན་པར་བསྒྲགས།

  •   
  •  
  •  
  •  
  •  
  •  
  •  

དམར་ཤོག་གཞུང་གིས། ས་གནས་རིམ་པའི་“ཁྲིམས་འགལ་”སྒྲིག་སྲོལ་གཏན་འབེབས་ཀྱིས་གྲངས་ཉུང་མི་རིགས་སློབ་གྲྭ་ཁག་ཏུ་མི་རིགས་སྐད་ཡིག་གིས་སློབ་ཁྲིད་བྱེད་པ་ནི་རྩ་ཁྲིམས་དང་འགལ་བར་བསྒྲགས་ཀྱང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་རྒྱ་མི་རིགས་ཀྱི་ངོ་བོར་བསྒྱུར་ཐབས་སུ་འབད་བརྩོན་བྱས་པ་ཞིག་རེད།
དྲིལ་བསྒྲགས་འདི་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་ཟེར་བས། ཕྱི་ལོ་༢༠༢༠ ཟླ་༡ ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལ་ཕུལ་བའི་ཞིབ་བཤེར་ལས་དོན་སྐོར་གྱི་སྙན་ཞུ་ཡིན་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་འགོ་ཁྲིད་ཧྲིན་ཁྲུན་ཡཱོ་(Shen Chunyao)ཡིས་ཕུལ་བའི་སྙན་ཞུ་དེའི་ནང་དུ། གྲངས་ཉུང་མི་རིགས་ས་ཁུལ་དུ་མི་རིགས་ཀྱི་སྤྱི་སྤྱོད་སྐད་ཡིག་༼རྒྱ་ཡིག་རྒྱ་སྐད།༽བཀོལ་སྤྱོད་དགོས་པའི་སྐོར་ལ། “ས་གནས་རིམ་པའི་ཁྲིམས་སྲོལ་གྱིས་གཏན་འབེབས་ཀྱིས། གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཁག་ཏུ་མི་རིགས་སོ་སོའི་སྐད་ཡིག་བཀོལ་སྤྱོད་དམ། ཡང་ན་རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་སྤྱོད་སྐད་ཡིག་གིས་སློབ་ཁྲིད་བྱེད་དགོས་པ་དང་། ས་གནས་རིམ་པའི་ཁྲིམས་སྲོལ་གཞན་དག་གཏན་འབེབས་དང་སློབ་གསོའི་སྲིད་འཛིན་ལས་ཁུངས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་དེ། ཆ་རྐྱེན་འཛོམས་པའི་མི་རིགས་སློབ་གྲྭ་ཁག་ནང་རྒྱ་ཡིག་རྒྱ་སྐད་ཀྱི་སློབ་ཁྲིད་བྱེད་དགོས་” ཟེར།

རྒྱ་གཞུང་གིས་ཡ་ང་མེད་པར་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་རྒྱ་སྒྱུར་གྱི་དམིགས་ཡུལ་སྒྲུབ་ཐབས་སུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚག་ཁག་ལ་དབང་ཆ་སྤྲད་ནས་ས་གནས་རིམ་པའི་ཁྲིམས་སྒྲིག་འཛིན་སྐྱོང་སྒྲོག་འགྲེལ་དང་འཕར་བཅོས་ཀྱིས་མི་རིགས་སོ་སོའི་སྐད་ཡིག་རིག་གཞུང་རྩ་མེད་བཟོ་བཞིན་འདུག
རྒྱ་གཞུང་གིས་ས་གནས་རིམ་པའི་ཁྲིམས་སྲོལ་དེ་དག་རྒྱལ་ཡོངས་ཀྱི་གནས་རིམ་གོང་མའི་ཁྲིམས་སྲོལ་དང་མི་མཐུན་པར་འགྲེལ་བར་མ་ཟད། ཐ་ན་གཅིག་གྱུར་མིན་པ་དང་འོས་འཚམ་མིན་པར་བཤད་ནས་གནས་རིམ་གོང་མའི་བཅའ་ཁྲིམས་དེ་དག་ཞིང་ཆེན་དང་ཁུལ་རིམ་པར་ལག་བསྟར་གྱིས། ས་གནས་རིམ་པའི་བཅའ་ཁྲིམས་ཁག་ ནི་“རྒྱལ་ཁབ་ཀྱི་གལ་ཆེའི་བཅོས་སྒྱུར་གྱི་ཁ་ཕྱོགས་”དང་འགལ་ལུགས་བཤད་ཅིང་། ཧྲིན་ཁྲུན་ཡཱོ་ཡི་ཞིབ་བཤེར་སྙན་ཞུ་དེས་མངོན་གསལ་དོད་པོར་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གསལ་ཆབ་དཔལ་རིག་གསུམ་རང་སྐྱོང་གི་ཐོབ་ཐང་ཁག་འཕྲི་འཐེན་བྱས་འདུག དེར་མ་ཟད། ས་གནས་མི་རིགས་སྐད་ཡིག་གི་ཁྲིམས་སྲོལ་གཏན་འབེབས་དེ་དག་ “རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་དང་སློབ་གསོའི་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་གཞན་དག་དང་མི་མཐུན་པར་” བཤད།
“རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་” ཟེར་བ་དེ་ཕྱི་ལོ་༢༠༠༠ ལོར་གཏན་འབེབས་དང་ཕྱི་ལོ་༢༠༠༡ ནས་ལག་བསྟར་བྱས་ཤིང་། བཅའ་ཁྲིམས་དེའི་ནང་དུ་ས་གནས་སྲིད་གཞུང་དང་གྲངས་ཉུང་མི་རིགས་སློབ་གསོ་ཁག་ནང་རྒྱ་ཡིག་རྒྱ་སྐད་སྤྱོད་དགོས་པར་བཤད་ཅིང་། “གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དམ། ཡང་ན་འཕོ་འགྱུར་གཏོང་”སྐབས། རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་ཀྱི་དམིགས་འབེན་གཙོ་བོ་རྒྱ་རིགས་སློབ་མ་ནང་བཞིན་གྲངས་ཉུང་མི་རིགས་ཀྱི་སློབ་མར་ཡང་རྒྱ་ཡིག་རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་དགོས་པ་དེ་རེད།
རང་བཞིན་གྱིས་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་བཅའ་ཁྲིམས་དེའི་དོན་ཚན་༥ བར། “རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་ཉེར་སྤྱོད་བྱེད་པ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ཆེ་མཐོང་ལ་ཕན་པ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཕན་པ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་སྤེལ་བ་དང་བསམ་པའི་དཔལ་ཡོན་སྤེལ་བར་ཕན་དགོས།” ཞེས་འཁོད་འདུག
ཕྱི་ལོ་༡༩༨༤ ལོར་ཞིང་ཆེན་དྲུག་ནང་སྐད་ཡིག་སློབ་གསོའི་ཐོབ་ཐང་དང་འབྲེལ་བའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་བཏོན་པ་དང་། བཅའ་ཁྲིམས་ཀྱི་དོན་ཚན་བཅུ་པའི་ནང་དུ། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་དང༌། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་ནམ་ཡང་ན་སྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགྲན་སྲུང་བྱ་རྒྱུ།”
དོན་ཚན་ཉེར་གཅིག་པའི་ནང་དུ། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་འགན་དབང་ལག་བསྟར་བྱེད་སྐབས། མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར། ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་དུ་མ་སྤྱོད་པ་དང༌། སྐད་ཡིག་རིགས་དུ་མ་མཉམ་དུ་སྤྱད་ནས་ལས་འགན་སྒྲུབ་པའི་ས་གནས་སུ་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་ཀྱི་སྐད་ཡིག་དེ་གཙོ་བོ་བྱ་ཆོག”
དོན་ཚན་སོ་དྲུག་པའི་ནང་དུ། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་གཞིར་བཟུང་ནས་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ས་གནས་དེ་གའི་སློབ་གསོའི་འོས་འཆར་དང༌། རིམ་པ་དང་རིགས་མི་འདྲ་བའི་སློབ་གྲྭ་ཁག་འཛུགས་སྟངས། སློབ་ཡུན། སློབ་གྲྭ་སྒྲུབ་ཚུལ། སློབ་ཁྲིད་ཀྱི་ནང་དོན། སློབ་ཁྲིད་བྱེད་པའི་སྐད་རིགས། སློབ་མ་བསྡུ་ཐབས་བཅས་གཏན་ལ་འབེབས་རྒྱུ།”
དོན་ཚན་ཞེ་བདུན་པའི་ནང་དུ། “མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་རིགས་ཐོག་ནས་གྱོད་གཞི་ཞིབ་དཔྱོད་དང་འདྲི་བཤེར་བྱ་རྒྱུ་དང༌། མི་རིགས་ཁག་གི་སྤྱི་དམངས་རྣམས་ཀྱིས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་ཞུ་གཏུག་བྱེད་པའི་དབང་ཆར་འགན་སྲུང་བྱ་དགོས། ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཡིག་མི་ཤེས་ན་ཞུ་གཏུག་བྱེད་པ་ལ་སྐད་ཡིག་ལོ་ཙཱ་བྱ་དགོས། ཁྲིམས་དོན་གྱི་ཡིག་ཆ་དེ་དགོས་མཁོ་ངོ་མར་གཞིགས་ནས་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་ཡིག་རིགས་གཅིག་གམ་ཡང་ན་འགའ་སྤྱོད་རྒྱུ།”
དོན་ཚན་ཞེ་དགུ་བའི་ནང་དུ། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེ་རྣམས་ལ་ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུའི་སློབ་གསོ་དང་སྐུལ་མ་གཏོང་དགོས་ཤིང༌། རྒྱ་རིགས་ལས་བྱེད་པས་གནས་དེ་གའི་མི་རིགས་གྲངས་ཉུང་གི་སྐད་ཡིག་སློབ་དགོས་ལ། མི་རིགས་གྲངས་ཉུང་གི་ལས་བྱེད་པས་མི་རིགས་རང་ཉིད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་ཆབས་ཅིག་རྒྱལ་ཡོངས་ཀུན་གྱིས་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ལའང་སློབ་སྦྱོང་བྱ་དགོས།
མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་ལས་བྱེད་པའི་ནང་དུ་ས་གནས་དེ་གའི་སྤྱི་སྤྱོད་ཀྱི་སྐད་ཡིག་གཉིས་ཀྱི་ཡན་ནང་བྱན་ཆུད་པའི་སྒོ་ནས་བེད་སྤྱོད་བྱེད་ཐུབ་མཁན་ལ་བྱ་དགའ་སྤྲོད་རྒྱུ།” ཞེས་དང་།
ཡང་དོན་ཚན་ང་གསུམ་པའི་ནང་དུ། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་ཀུན་སྤྱོད་ལེགས་པོ་སྤེལ་བ་དང་ས་གནས་དེ་གའི་མི་རིགས་ཁག་གི་སྤྱི་དམངས་རྣམས་ལ་རྒྱལ་གཅེས་རིང་ལུགས་དང༌། གུང་ཁྲན་རིང་ལུགས། མི་རིགས་སྲིད་ཇུས་བཅས་ཀྱི་སློབ་གསོ་གཏོང་དགོས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་ཚུན་ཡིད་ཆེས་དང༌། ཕན་ཚུན་སློབ་སྦྱོང༌། ཕན་ཚུན་རོགས་རམ། ཕན་ཚུན་གྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས། ཆོས་དད་བཅས་ལ་བརྩི་འཇོག་བྱས་ཏེ་མཉམ་དུ་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཁག་གི་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུའི་སློབ་གསོ་གཏོང་དགོས།” ཞེས་འཁོད་འདུག
ཕྱི་ལོ་༡༩༨༤ ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་ཡོངས་བཅའ་ཁྲིམས་གཞན་དག་དང་མཉམ་དུ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ཁྲིམས་ཡིག་ཁག་ནང་གྲངས་ཉུང་མི་རིགས་སྐད་ཡིག་དང་རྒྱ་ཡིག་བཀོལ་སྤྱོད་བྱེད་པའི་ས་ཁུལ་གྱི་སྤྱི་དམངས་དང་ལས་བྱེད་པས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱ་ཡིག་སློབ་གཉེར་བྱེད་དགོས་པ་གསལ་ཡོད།
ཕྱི་ལོ་༢༠༠༡ ལོ་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལ་བཟོ་བཅོས་གཏན་འབེབས་ཀྱིས། ཏང་ཀྲུང་དབྱང་གི་བཀའ་ཁྱབ་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐད་ཡིད་སྲིད་ཇུས་ལ་སྒྱུར་བཅོས་བཏང་ནས། ལོ་དེའི་སྔ་ཕྱི་གང་རུང་ལ་གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞི་རིམ་སློབ་གྲྭ་ཁག་དང་། ཕྱིས་སུ་སློབ་ཆུང་དང་སློབ་འབྲིང་གི་སྦྱོང་གཞི་འཁྲིད་གཞི་ཁག་ཚང་མ་རྒྱ་ཡིག་རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་མུས་ཡིན་པ་རེད།
མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་བཟོ་བཅོས་ཀྱི་དོན་ཚན་༣༧ ནང་དུ། “སློབ་ཆུང་གི་ལོ་རིམ་མཐོན་པོའམ་སློབ་འབྲིང་གི་ནང་དུ་རྒྱ་ཡིག་དང་རྩོམ་རིག་གི་སློབ་ཚན་འགོད་པ་དང་། རྒྱལ་ཡོངས་ཀུན་མཐུན་གྱི་རྒྱ་སྐད་ཁྱབ་གདལ་དུ་གཏོང་རྒྱུ།” ཞེས་འཁོད་འདུག
ཕྱི་ལོ་༢༠༡༨ ལོར་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་གཏན་འགོག་ཚན་པས་རྒྱ་གཞུང་གི་སྐུ་ཚབ་ལྷན་དུ་དུས་བཀག་བསྐྱར་ཞིབ་ཀྱི་དྲི་བ་དྲིས་ལན་གནང་བ་བརྒྱུད་ནས། ཚན་པ་དེའི་ཆེད་མཁས་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་སྐད་གཉིས་སློབ་གསོ་ལག་བསྟར་བྱས་པའི་ཉེན་ཚབས་ལ་བློ་འཚབ་གནང་བར་མ་ཟད། ཆེད་མཁས་གྲངས་ཉུང་མི་རིགས་ས་ཁུལ་ཏུ་སློབ་གསོའི་གོ་སྐབས་མེད་པ་དང་སྤུས་ཚད་ཞན་པའི་ཐད་ལའང་བློ་འཚབ་གནང་ཡོད། བསྐྱར་ཞིབ་འཚོགས་ལ་ཉེ་སྐབས། རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་གཏན་འགོག་ཚན་པས་ད་དུང་། “གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོའི་གནས་སྟངས་དང་། མི་རིགས་སོ་སོའི་སྐད་ཡིག་རིག་གཞུང་ལ་བརྩི་བཀུར་དང་འཕེལ་རྒྱས་བཏང་ཡོད་མེད་”ཀྱི་དངོས་ཡོད་གནས་ཚུལ་སྙན་སེང་ཞུ་དགོས་པར་བརྗོད་ཡོད།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་ཟེར་བ་དེས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གྱིས་འགན་སྲུང་བྱས་པའི་གྲངས་ཉུང་མི་རིགས་སྐད་ཡིག་ཐད་ཀྱི་ས་གནས་རིམ་པའི་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་པ་དེ་ནི། མི་རིགས་ས་ཁོངས་རང་སྐྱོང་ནང་གསལ་རང་ཐག་རང་གཅོད་ཀྱི་དབང་ཆ་དང་ཐོབ་ཐང་ཧམ་འཕྲོག་བྱས་པ་ཞིག་རེད། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་ནི་འགྲོ་བ་མིའི་སྐད་རིགས་ཀྱི་ཐོབ་ཐང་ཡིན་པར་ནམ་ཡང་ངོས་འཛིན་བྱས་མེད་ཁར་ལག་བསྟར་ཡང་བྱས་མེད།
དམར་ཤོག་ཚོགས་པའི་སྲིད་དབང་གཅིག་སྡུད་སྒེར་འཛིན་གྱི་དབང་ཤུགས་ཁྱབ་ཆེར་བཏང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་ཟེར་བ་དེ་ནི་དོན་དངོས་སུ་དབུས་དམར་ཤོག་ཚོགས་པས་ཐག་གཅོད་བཀའ་ཁྱབ་གང་བཏང་བ་དེ་ག་རང་མང་ཚོགས་ནང་དྲིལ་བསྒྲགས་བྱས་པ་འབའ་ཞིག་རེད། སྤྱིར་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་དེ་སྤྱིར་བཏང་གི་འཐུས་ཚོགས་གཞན་དག་དང་བསྡུར་ན་སྲིད་ཁྲིམས་ཀྱི་ལས་སྒོ་མང་པོར་ཞུགས་ཀྱི་ཡོད་ནའང་། འཐུས་ཚོགས་གཞན་དག་ནི་ལོ་གཅིག་གི་ཚོགས་ཆེན་སྟེང་ཉིན་༡༠ ལ་ཞུགས་པ་ཙམ་ཡིན་པས། དེ་ནི་སྲིད་ཁྲིམས་ལས་དོན་ནང་ཆ་ཤས་བླངས་པའི་མིང་ཙམ་ལས་ཅི་གང་མེད་པ་རེད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ད་ལྟའི་ལག་བསྟར་ཁྲིམས་སྒྲིག་དང་སྲིད་ཇུས་ཁག་ཚང་མ་མེད་པར་བཟོ་དགོས་པའི་འབོད་སྐུལ་གཏོང་གི་ཡོད། ཁྲིམས་སྒྲིག་སྲིད་ཇུས་དེ་དག་གིས་ཐད་ཀར་བོད་སྐག་ཡིག་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་ཤན་ཤུགས་ཚབས་ཆེན་ཐེབས་ཡོད། རྒྱ་གཞུང་གིས་ངེས་པར་དུ་བོད་མིའི་རིག་གཞུང་དང་འབྲེལ་བའི་སློབ་གསོ་དང་། བོད་སྐད་ཡིག་གཙོ་བོར་བཟུང་ནས་རང་མི་རིགས་ཀྱི་རིག་གཞུང་དར་རྒྱས་གཏོང་ཐབས་ཀྱི་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་ནང་གསལ་ལྟར། རྒྱ་གཞུང་གིས་བོད་མི་ཚོར་རང་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སློབ་གསོ་བྱ་བའི་ལས་དོན་གཅོད་གཏན་འབེབས་བྱེད་དུ་འཇུག་དགོས། བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་མིའི་ཕ་སྐད་མ་ཡིག་གི་སློབ་གསོའི་སྤུས་ཚད་དང་གནས་སྟངས་དངོས་ལ་ཞིབ་འཇུག་རྒྱུས་ལོན་བྱེད་ཆེད། འདི་ག་ལྟེ་གནས་ཁང་གིས། རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་རྒྱ་གཞུང་ལ། རྒྱལ་ཚོགས་སམ་འབྲེལ་ཡོད་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་ཁག་རང་དབང་གི་ཐོག་ནས་བོད་ནང་ལོགས་ལ་ཕེབས་འཇུག་པའི་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད།