17/02/2020

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་མཆོག་གིས་གྲྭ་འཇིགས་མེད་རྒྱ་མཚོར་དོ་སྣང་ཡོང་བའི་འབོད་སྐུལ།

  •   
  •  
  •  
  •  
  •  
  •  
  •  
གྲྭ་འཇིགས་མེད་རྒྱ་མཚོ་ལགས་བཙོན་འཇུགས་ཁྲིམས་བཅད་ཀྱི་ཡི་གེ
གྲྭ་འཇིགས་མེད་རྒྱ་མཚོ་ལགས་བཙོན་འཇུགས་ཁྲིམས་བཅད་ཀྱི་ཡི་གེ

སྐུ་ཞབས་ཧོ་སིན་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལས་འགན་བཞེས་ཏེ་གསུང་བཤད་ཐེངས་དང་པོ་གནང་སྐབས། ༼སྙིང་སྟོབས་ནི་འགྲོ་བ་མིའི་ཐོག་མའི་རིན་ཐང་དེ་ཡིན། སྙིང་སྟོབས་ཅན་གྱི་མི་ནི། སུ་ཞིག་གིས་རྒྱུ་མཚན་གནས་ལུགས་དང་ཁྲིམས་ལ་བརྩི་བཀུར་གྱིས་གཞན་ཕན་སྒྲུབ་པའམ། དྲང་བདེན་གྱི་ཆེད་དུ་རང་ཉིད་ཀྱི་མི་ཚེ་མདུན་ལམ་མ་ཟད། སོ་སོའི་སྤུན་ཉེ་དང་ཕ་མ་ཡོངས་རྫོགས་བློས་གཏོང་ཐུབ་པའི་འདུན་པ་དེ་ལ་ཟེར། ༽ཅེས་གསུངས་པ་རེད།

ཡིན་ནའང་། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་གྱིས་གསུངས་བཤད་གནང་ཉིན་དེར། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་བླ་བྲང་དགོན་པའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ལ་ཁ་བྲལ་ལས་འགུལ་སྤེལ་བར་ཉེས་འཛུགས་འོག ལོ་ ༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

འདས་པའི་ལོ་ལྔའི་ནང་ལ་རྒྱ་གཞུང་གིས་གྲྭ་འཇིགས་མེད་རྒྱ་མཚོ་ལགས་སྔ་ཕྱིར་ཐེངས་བཞི་ལ་འཇུ་བཟུང་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༡ ཟླ་ ༨ ནང་འཇུ་བཟུང་བྱས་པ་དེ་ནི་མཐའ་མཇུག་གི་འཇུ་བཟུང་ཐེངས་བཞི་པ་དེ་ཆགས་ཡོད། ༢༠༠༨ ལོར་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་དུ། རང་ཉིད་དང་འབྲེལ་བའི་བརྙན་རིས་ཞིག་བསྐུར་ཡོད་དེའི་ནང་། ཁོ་རང་འཇུ་བཟུང་སྐབས་རྒྱ་གཞུང་གིས་མནར་གཅོད་དྲག་པོ་བཏང་བའི་གནས་ཚུལ་སྐོར་བརྗོད་ཡོད། དཔེར་མཚོན་ཙམ་ཞུས་ན། སྐབས་དེར་བཙོན་ཁང་ནང་ཁོང་ལ་ལག་ལྕགས་བརྒྱབ་པ་དང་། གནམ་འདེགས་བརྒྱབ་པ། ཉེས་རྡུང་དྲག་པོ་བཏང་བ། ཡུན་རིང་ཁེར་རྐྱང་དུ་བཀག་སྡོམ་མནར་གཅོད་བཏང་བ་མ་ཟད། ཉིན་གཉིས་རིང་ཆུ་དང་ཟས་གང་ཡང་མ་སྤྲད་པར་ལྟོག་སྐོམ་མྱངས་བཅུགས་ཡོད་པ་རེད། དེ་བཞིན། འདྲི་གཅོད་སྐབས་སུའང་གཅར་རྡུང་དྲག་པོ་བཏང་སྟེ་སྔ་ཕྱིར་ཐེངས་གཉིས་ལ་དྲན་པ་བརྒྱལ་བཅུགས་ཡོད་པ་དང་། དེའི་ཁྲོད་ཐེངས་གཉིས་པ་དྲན་པ་བརྒྱལ་བཅུགས་པའི་སྐབས་སུ་དུས་ཡུན་ཉིན་ ༦ རིང་དྲན་པ་འཐོར་ཡོད་པ་རེད། མཐའ་མ་ཁོང་དྲན་པ་སོས་དུས་ཕྱིར་ནང་མིའི་སར་བསྐྱལ་ཟིན་ཡོད་འདུག

ད་དུང་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་བརྙན་རིས་དེའི་ནང་། རྒྱ་གཞུང་གིས་དགོན་པའི་བླ་སྤྲུལ་དག་ཚུད་པའི་གྲྭ་བཙུན་ ༡༨༠ ལྷག་འཇུ་བཟུང་བྱས་པ་མ་ཟད། འཇུ་བཟུང་བྱས་པའི་བླ་སྤྲུལ་དང་གྲྭ་བཙུན་ཚོར་མེ་མདའི་ཡུ་བས་ཉེས་རྡུང་དང་། རྐང་པའི་མཛུབ་མོའི་རྩེར་ཡར་ལངས་བཅུག་སྟེ་མནར་གཅོད་བཏང་བ། དེ་བཞིན། གསར་འགོད་པར་གནས་ཚུལ་བརྗོད་མཁན་གྲྭ་པ་ཚོར་ཉེས་རྡུང་དྲག་པོ་བཏང་སྟེ་རྐང་ལག་བཅག་པ་དང་། ཁོང་ཚོའི་མགོ་དང་ཁ་ནང་ལ་གློག་རྒྱུགས་བཙུགས་ཏེ་ཀླད་པ་ཐང་བོ་མེད་པའི་སྨྱོན་པ་བཟོ་གྲབས་བྱས་ཡོད་པའི་སྐོར། འཇིགས་ཞུམ་བྲལ་བའི་སྒོ་ནས་བརྙན་རིས་དེ་བརྒྱུད་ནས་འཛམ་གླིང་མི་མང་ལ་གསལ་བོར་གསལ་བོར་བརྗོད་ཡོད་པ་རེད།

བརྙན་རིས་དེ་ཕྱི་ལོག་ཏུ་བཀྲམས་ཏེ་ཟླ་གཅིག་གི་རྗེས་ལ། གྲྭ་འཇིགས་མེད་རྒྱ་མཚོ་ཁོང་བླ་བྲང་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པར་མ་ཟད། རྒྱ་གཞུང་ཉེན་རྟོག་དམག་མི་ ༧༠ ལྷག་གིས་བླ་བྲང་དགོན་པའི་མཐའ་སྐོར་ཏེ་ཁོང་འཇུ་བཟུང་བྱས་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལིས་ཧྥང་པེན་དང་ཅཱང་ཐེན་ཡུང་གཉིས་ཀྱི་རོགས་སྐྱོར་ལ་བརྟེན་ནས། ཟླ་དྲུག་རྗེས་སུ་ཁོང་ཕྱིར་གློད་ཡོད་པ་རེད། འོན་ཀྱང་། ༢༠༡༡ ཕྱི་ཟླ་ ༨ པའི་ནང་བསྐྱར་ཐེངས་བཞི་པ་འཇུ་བཟུང་ཡོད། སྐབས་དེར་ཉེན་རྟོག་དམག་མི་ ༤༠ ལྷག་གིས་ཁོ་རང་སྡོད་སའི་མགྲོན་ཁང་གི་མཐའ་སྐོར་ཏེ་འཇུ་བཟུང་བྱས་ཡོད་པ་རེད།

གྲྭ་འཇིགས་མེད་རྒྱ་མཚོ་འཇུ་བཟུང་སྐབས་དེར། ཟ་ཁང་ནང་ཡོད་པའི་གྲྭ་པ་དང་སློབ་ཕྲུག་ཚོས། ཁོང་ཅིའི་ཕྱིར་འཇུ་བཟུང་བྱེད་ཀྱིན་ཡོད་མེད་དོགས་འདྲི་བྱས་ཡོད་ཀྱང་། ཉེན་རྟོག་པས་དེར་ལན་གང་ཡང་སྤྲད་མེད་པ་མ་ཟད། གྲྭ་འཇིགས་མེད་རྒྱ་མཚོ་ལགས་མགྲོན་ཁང་དེའི་ནང་ཡོད་པ་ངོས་ལེན་བྱས་མེད་པ་རེད། ཡིན་ནའང་། གྲྭ་འཇིགས་མེད་རྒྱ་མཚོ་འཇུ་བཟུང་རྗེས་ཀྱི་ཉིན་དེར། ཉེན་རྟོག་པ་ ༥༠ ཙམ་གྱིས་བླ་བྲང་དགོན་པར་ཡོད་པའི་ཁོང་གི་གྲྭ་ཤག་ལ་སྔོག་བཤེར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་དང་འོད་སྡེར། ཁོང་གི་གློག་ཀླད་སོགས་འཕྲོག་འཁྱེར་བྱས་ཡོད་རེད།

གྲྭ་འཇིགས་མེད་རྒྱ་མཚོ་འཇུ་བཟུང་རྗེས་རྒྱ་ནག་གཞུང་ནས་ཁོང་གནས་ཚུལ་སྐོར་ཅི་ཡང་ཕྱིར་བསྒྲགས་མེད་པར་གསང་སྦོས་བྱས་ཡོད་སྟབས། ཕ་མ་དང་གཉེན་ཉེ་ཚོས་རྒྱ་གཞུང་གིས་ཁོང་ལ་སྨན་བཅོས་མཐུན་རྐྱེན་སྦྱོར་གྱིན་མེད་པའི་སེམས་ཁྲལ་བྱེད་ཀྱིན་ཡོད་པ་རེད། དེ་བཞིན། ནང་མིས་ངོས་ནས་གླས་པའི་པེ་ཅིན་གྱི་ཁྲིམས་རྩོད་པ་ཝང་ཡ་ཅོན་དང་ཀྲང་ཁའེ་གཉིས་ཀྱིས། གྲྭ་འཇིགས་མེད་རྒྱ་མཚོར་ཐུག་འཕྲད་ཀྱི་དགོས་འདུན་བཏོན་ཡོང་ཀྱང་། ས་གནས་རྒྱ་གཞུང་མགོ་ཁྲིད་ཚོས་ཆོག་མཆན་སྤྲད་མེད་པ་རེད།

རྗེས་སུ་ཁྲིམས་རྩོད་པའི་ཤེས་རྟོགས་བྱུང་དོན་ལྟར་ན། གྲྭ་འཇིགས་མེད་རྒྱ་མཚོ་ལགས་ལ་རྒྱ་ནག་ཁྲིམས་ཁང་གིས། ༼རྒྱལ་ཁབ་བྲལ་གྱི་ལས་འགུལ་སྤེལ་བའི༽ནག་ཉེས་བཙུགས་ཡོད་པ་དང་། ༢༠༡༢ ལོའི་ལོ་མགོར་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་བྱུང་འདུག ཡིན་ནའང་། ཁྲིམས་རྩོད་པ་རྣམ་པའི་ངོས་ནས་རྒྱ་གཞུང་གིས་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ལ། སྨན་བཅོས་མཐུན་རྐྱེན་སྦྱར་ཡོད་མེད་ཀྱི་གནས་ཚུལ་སྐོར་ཅི་ཡང་ཤེས་རྟོགས་བྱུང་མེད་པ་རེད། དེར་བརྟེན། ཁོང་གི་ནང་མི་རྣམས་ཐབས་ཟད་ཨུ་ཐུག་གི་གནས་སུ་ལྷུང་སྟེ། མཐའ་མ་དེར་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་མི་བྱེད་ཐབས་མེད་ཆགས་འདུག

 

 

ཨ་རིའི་རླུང་འཕྲིན་ཁང་ལ་བཏང་འབྱོར་བྱུང་བའི་བརྙན་རིས་དེའི་ནང་། གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས། རྒྱལ་སྤྱིའི་གསར་འགོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱི་ངོས་ནས། བོད་ནང་རྟོགས་ཞིབ་ཆེད་མི་སྣ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་རེད། དེ་བཞིན། ༢༠༡༢ ལོའི་ཕྱི་ཟླ་ ༡༡ བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཁག་ནས། སྔ་ཕྱིར་རྒྱ་གཞུང་ལ་བོད་ནང་གཟིགས་རྟོགས་ཡོང་བའི་འབོད་སྐུལ་ཐེངས་ ༡༢ ཞུས་ཡོད་ཀྱང། རྒྱ་གཞུང་གི་ངོས་ནས་དེར་ལན་འདེབས་ཇི་ཡང་བྱས་མེད་པ་རེད། རྒྱ་གཞུང་གི་བྱ་སྤྱོད་དེ་ནི་ ༢༠༡༣ ལོའི་ཕྱི་ཟླ་ ༡༠ ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ལྷན་ཚོགས་ཐོག འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་བོད་ནང་འཚམས་གཟིགས་ཡོང་བའི་འབོད་སྐུལ་ལ། རྒྱ་གཞུང་གིས་ངོས་ལེན་བྱས་ཡོད་པའི་དམ་བཅའ་དང་རྒྱབ་འགལ་ཆགས་ཡོད།

 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྤྱི་ཁྱབ་འགན་འཛིན་མཆོག་ནས། གནད་དོན་འདིའི་ཐད་ལ་ཐུགས་ཁུར་འགན་བཞེས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་དུས་ལ་བབས་ཡོད། དེ་བཞིན། སྐུ་ཞབས་ཨལ་ཧོ་སིན་མཆོག་གི་ངོས་ནས། རྒྱ་གཞུང་གི་ཁུངས་མེད་དགག་བྱའི་རིགས་ལ་འཛེམས་ཟོན་མེད་པའི་ཐོག་ནས། གྲྭ་འཇིགས་མེད་རྒྱ་མཚོ་ལྟ་བུའི་སྙིང་སྟོབས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དག་ལ་སྲུང་སྐྱོབ་བྱེད་དགོས། དེ་ཡང་། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་མཆོག་གི་ངོས་ནས། ༼འཛམ་གླིང་སྒང་གི་ཡ་ང་བའི་གནས་དོན་གཙོ་བོ་ནི། མི་རྣམས་ཀྱིས་ནག་ཉེས་བྱ་སྤྱོད་དག་གནས་ལུགས་རྒྱུ་མཚན་གྱི་ངོ་བོར་བསྒྱུར་ཐབས་བྱེད་བཞིན་པ་དེ་རེད། ནག་ཉེས་ག་འདྲ་ཞིག་བསག་ཀྱང་དེར་རང་ངོས་རྒྱུ་མཚན་འདྲ་ཆགས་པོ་ཞིག་བགྲང་རྒྱུ་ཡོང་ངེས་པས། འདས་པའི་ཉམས་མྱོང་ལ་གཞིགས་ན་འགྲོ་བ་མིས་ཞིག་མི་གཞན་ཞིག་ལ་མཐོང་ཆུང་དང་མནར་གཅོད། ཁྱད་གསོད་དང་བཤུ་བཤོག་གཏོང་བཞིན་པ་རྣམས། རང་ངོས་རྒྱུ་མཚན་གྱི་ངོ་བོར་བསྒྱུར་ཐབས་བྱེད་བཞིན་པ་དེ་དྲང་བདེན་རྩ་བ་ནས་མ་རེད། ༽ཅེས་གསུངས་ཡོད།

 

གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་དུ་བཏང་བའི་བརྙན་རིས་དེ་དང་། ཁོང་གིས་བོད་མིའི་ཆེད་དུ་མུ་མཐུད་བདེན་དོན་འཐབ་རྩོད་ཀྱི་ཕྱག་ལས་གནང་བཞིན་པ་དེ་ནི། གོང་དུ་འགན་འཛིན་ཨལ་ཧོ་སིན་མཆོག་གི་ངོས་ནས་༼འགྲོ་བ་མིའི་ཐོག་མའི་རིན་ཐང་༽ཞེས་པ་དེ་དང་གཅིག་གྱུར་ཆགས་ཡོད། དེ་བས། འདི་ག་ལྟེ་གནས་ཁང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་མཆོག་ནས། རྒྱ་ནག་གི་མགོ་སྐོར་འོག་མ་ཚུད་པའི་ཐོག་ནས་འཇིགས་མེད་རྒྱ་མཚོའི་གནད་དོན་ཐད་ལ་རྒྱབ་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།