24/11/2020

རྒྱལ་ཚོགས་བཙུགས་ནས་མི་ལོ་༧༥ འཁོར་བ་དང་བསྟུན་ནས་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིགས་འཛུགས་ལ་ཁྱབ་ཆེའི་ལེགས་བཅོས་གཏོང་དགོས་པའི་ཞུ་འབོད།

  •   
  •  
  •  
  •  
  •  
  •  
  •  

དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་མི་ལོ་༧༥ འཁོར་བ་དང་། ཕྱི་ལོ་༡༩༤༨ ལོ་ནས་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཏན་འབེབས་གནང་བ་རེད། ང་ཚོས་འབྲེལ་ཡོད་ཚོགས་ཞུགས་རྒྱལ་ཁབ་ཁག་ལ་ཡིད་ཆེས་དང་ང་ཚོ་ཐུན་མོང་གི་མངོན་འདོད་རྩོད་ལེན་ལ་བསྐྱར་དུ་ངོས་འཛིན་ཡོང་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛུགས་གནང་བའི་ཉིན་མོ་སྲུང་བརྩི་བྱེད་སྐབས། སྐྱེ་བོ་ཚང་མའི་ཆེ་མཐོང་དང་འདྲ་མཉམ། དྲང་བདེན་བཅས་མངོན་འགྱུར་ཡོང་ཆེད་ཚོགས་ཞུགས་རྒྱལ་ཁབ་ཚང་མས་ཁ་ཡོད་ལག་ཡོད་ཀྱིས་འགྲོ་བ་མིའི་དཀའ་སྡུག་སེལ་ཐབས་ཀྱི་འགན་འཁུར་དགོས།

ལོ་༦ གི་སྔོན་ལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཚོགས་ཆེན་གྱི་གྲོས་ཆོད་ཡིག་ཨང་༦༨།༢༦༨ གཏན་འབེབས་བྱུང་བ་ལྟར། ཕྱི་ལོ་༢༠༢༠ ལོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་གྱི་བསྐྱར་ཞིབ་དབུ་འཛུགས་གནང་ཡོད་པ་རེད། ད་ཆར་འཚོགས་བཞིན་པའི་བསྐྱར་ཞིབ་སྐབས་སུ། འབྲེལ་ཡོད་ལས་འཛིན་པས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། རྒྱ་གཞུང་དང་ཆ་འདྲ་བའི་རྒྱལ་ཁབ་གཞན་དག་གིས་དབང་འཛིན་བཀོད་ཁྱབ་དང་ཁེ་ཕན་གྱི་ཆེད་དུ་གྲོས་ཆིངས་ཁག་གི་ནུས་པ་ཤུགས་ཆེར་གཏོང་ཐབས་ལ་འབད་བཞིན་པ་གསལ་བོར་ཤེས་རྟོགས་གནང་བ་དང་། ཆིངས་ཡིག་ལས་འཛིན་ཀྱི་བསྐྱར་ཞིབ་སྐབས་སུ། རྒྱལ་ཁབ་འདི་རིགས་ཀྱིས་སོ་སོའི་ཆབ་སྲིད་ཀྱི་དམིགས་འདུན་ཁོ་ན་སྒྲུབ་ཆེད་མི་མང་གི་ཐོབ་ཐང་དང་དབང་ཆ་བཙན་འཕྲོག་བྱེད་བཞིན་པར་ཐུགས་སྣང་གནང་རོགས།

དེ་རིང་འདི་ག་ལྟེ་གནས་ཁང་གི་ངོས་ནས་སྙན་ཐོ་ཞིག་འདོན་སྤེལ་གྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་བསྐྱར་ཞིབ་གནང་སྐབས། སྐྱེ་བོ་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་གི་ནུས་པ་ཤུགས་ཆེར་གཏོང་ཆེད་ཁྱབ་ཆེའི་ལེགས་བཅོས་གཏོང་དགོས་པ་དང་། སྲིད་གཞུང་གི་དགོས་དམིགས་གཙིགས་སུ་འཛིན་པའི་རྒྱལ་ཁབ་དག་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནུས་པ་ཤུགས་ཆེར་གཏོང་དུ་འཇུག་མི་རུང་བའི་འབོད་སྐུལ་ཞུས་ཡོད། གལ་ཏེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནུས་པ་ཤུགས་ཆེར་གཏོང་བཅུག་པ་ཡིན་ན། ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་ཡུལ་གཙོ་བོ་དཔེར་ན། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གྱི་དཀའ་སྡུག་མྱོང་མཁན་གྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་ཐབས་མེད་ཁར། རྒྱལ་ཚོགས་ཀྱི་སྒྲིགས་འཛུགས་ནུས་མེད་བཟོ་ཐབས་ཀྱི་ཐེ་ཇུས་བྱེད་པ་རེད།

<< རྒྱ་ནག་གིས་རྒྱལ་ཚོགས་ཀྱི་སྒྲིག་གཞི་བཤིག་གི་ཡོད་པས།  འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ལ་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་དགོས།>>ཞེས་པའི་སྙན་ཐོ་འདིའི་ནང་དུ། ཁེ་དབང་འཕྲོག་རྩོད་སེལ་ཐབས་དང་། ཕྱི་གསལ་ནང་གསལ་གྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོགས་ཞིབ་གནང་ཐབས་སུ། ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་ལས་མིའི་རང་དབང་དང་ཕྱོགས་རིས་མེད་པ། ཕྱི་གསལ་ནང་གསལ། དྲང་སྙོམ། དངོས་ཡོད་གནས་སྟངས་སྙན་སེང་ཞུ་སྲོལ་བཅས་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བསྟན་ཡོད། དེར་མ་ཟད། ཆིངས་ཡིག་ལས་འཛིན་གྱི་སྒྲིག་འཛུགས་དང་འབྲེལ་བའི་ལས་ཀྱི་སྣེ་མོ་བར་བདེ་འཇགས་དང་རང་དབང་གི་དགོས་འདུན་བཏོན་ཡོད།

རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ལས་འཛིན་ཁག་༡༠ གྲས་ཀྱི་༦ ནང་འཛུལ་ཞུགས་ཀྱིས་གྲོས་ཆིངས་ཁག་ལ་མོས་མཐུན་གྱི་མིང་རྟགས་འཁོད་ཀྱང་། རྒྱ་གཞུང་གིས་ཡང་ནས་བསྐྱར་དུ་ཆིངས་ཡིག་ཁག་ནང་གསལ་གྱི་གཡོལ་མེད་འགན་འཁྲི་ཁག་རྩིས་མེད་བཏང་ཡོད། རྒྱ་གཞུང་གིས་སྤྱི་ཆིངས་ཁག་ལག་བསྟར་ལ་ངོ་རྒོལ་གྱིས་དུས་ཐོག་ལས་དོན་སྙན་སྒྲོན་ཞུས་མེད་པ་དང་། རྒྱ་གཞུང་གི་སྐུ་ཚབ་ཚོས་ནམ་ཞར་ཚུལ་མིན་དང་ཁྲིམས་འགལ་ལུགས་འགལ་གྱི་བསམ་སྦྱོར་སྤེལ་ནས། ཆིངས་ཡིག་ལས་འཛིན་གྱི་བསྐྱར་ཞིབ་སྐབས་སུ། ལན་རེར་འཇིགས་སྐུལ་ཡང་གཏོང་གི་ཡོད། དེ་ལས་ཀྱང་ཡ་ང་བ་ཞིག་ནི། རྒྱ་གཞུང་གིས་སྤྱི་ཆིངས་ཁག་རྩིས་མེད་བཏང་བའི་ཐད་ཀྱི་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྐུལ་འདེབས་ཁག་སྣང་མེད་བཏང་བའི་ཉེར་ལེན་གྱིས། བོད་དང་ཤར་ཏུར་ཀི་སི་ཐན་ནང་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཁྲིམས་འགལ་ཉེས་གསོག་ཚབས་ཆེན་བཟོ་མུས་ཡིན་པ་རེད།

རྒྱལ་ཁབ་མང་པོ་ཞིག་གིས་་སོ་སོའིཆབ་སྲིད་ཀྱི་དགོས་དམིགས་གཞིར་བཟུང་གི་འགྲོ་བ་མིའི་ཐོབ་ཐང་ལག་ལེན་བསྟར་ཐབས་སུ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་སྒྱུར་བཅོས་གཏོང་ཐབས་ཀྱི་གཡོ་ཇུས་འཐེན་མུས་ཡིན་པ་ལྟར། རྒྱ་གཞུང་ནི་རྒྱལ་ཁབ་དེ་དག་གྲས་ཀྱི་དཔེ་མཚོན་ཞིག་ཆགས་ཡོད། ང་ཚོས་ཤེས་གསལ་ལྟར། ཕྱོགས་མང་པོ་ཞིག་ནས་རྒྱ་གཞུང་ལྟ་བུའི་སྲིད་དབང་གཅིག་སྡུད་སྒེར་གཅོད་ཀྱི་རྒྱལ་ཁབ་དག་གིས་ད་ཡོད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་གཏོར་བརླག་དང་འགོག་རྐྱེན། སྒྱུར་བཅོས་གཏོང་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པས། བསྐྱར་ཞིབ་སྐབས་སུ་དཀའ་ཁག་སེལ་ཐབས་དང་སྐུལ་འདེབས་གཏོང་ཐབས་ལས་ཀྱང་སྤྱི་ཆིངས་ལག་བསྟར་དང་རྟོགས་ཞིབ་ལ་དོ་སྣང་མང་བ་གནང་དགོས་ཀྱི་འདུག འབྲེལ་ཡོད་ལས་འཛིན་པས་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཐབས་གཅིག་པུ་ཙམ་མིན་པར། སྐྱེ་བོ་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་ཐོག་མའི་དམིགས་འདུན་མངོན་འགྱུར་ཡོང་ཐབས་ཀྱི་ནུས་པར་ཡང་འཕོ་འགྱུར་གཏོང་དགོས་ཀྱི་འདུག

སྙན་ཐོ་འདིའི་ནང་དུ་རྒྱ་གཞུང་གཞིར་བཞག་ནས་འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ནས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་སྣང་མེད་གཏོང་འཇུག་བཞིན་པའི་གནས་སྟངས་བཏོན་ཡོད། རྒྱ་གཞུང་གིས་ཡང་ནས་བསྐྱར་དུ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་ཁག་ནང་གསལ་གྱི་འགན་འཁྲི་རྩིས་མེད་རྡོག་རོལ་བཏང་བ་དེས། འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་ད་ཡོད་སྒྲིག་འཛུགས་ལས་འཛམ་གླིང་སྒང་གི་སྲིད་དབང་གཅིག་སྡུད་སྒེར་གཅོད་ཀྱི་རྒྱལ་ཁབ་དག་ལ་ཡང་ནས་བསྐྱར་དུ་ཆིངས་ཡིག་ནང་གསལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་རྩིས་མེད་རྡོག་རོལ་གཏོང་བཅུག་པ་དང་། དེ་ལ་རྟེན་ནས་སྲིད་དབང་གཅིག་སྒེར་གཅོད་དང་ཆ་འདྲ་བའི་རྒྱལ་ཁབ་གཞན་མང་པོ་ཞིག་ཀྱང་གཅིག་མཚུངས་སུ་འགན་འཁྲི་རྩིས་མེད་གཏོང་ཐབས་ཀྱི་ལམ་ཕྱོགས་སུ་འཁྲིད་པར་གསལ་སྟོན་བྱས་ཡོད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ཁག་ཡོངས་ཁྱབ་ཏུ་ལག་བསྟར་ཡར་རྒྱས་གཏོང་བ་དང་ཚོགས་ཞུགས་རྒྱལ་ཁབ་ཁག་གིས་ཆིངས་ཡིག་ནང་གསལ་གྱི་འགན་འཁྲི་འཁུར་དུ་འཇུག་པར། འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ལ་ཆིངས་གནས་རྒྱལ་ཁབ་ཁག་གི་འཁོན་འཛིན་གྱི་དཀག་རྙོག་འཕྲད་མུས་ཡིན་པ་རེད། སྤྱིར་ན་མཉམ་འབྲེལ་རྒྱལ་ཚོགས་ནི་“འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་ཁག་ནང་གསལ་གྱི་ཡོངས་ཁྱབ་ཀྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་གནང་མཁན”ཡིན་པས། འགྲོ་བ་མིའི་ཐོབ་ཐང་ཆིངས་ཡིག་ལས་འཛིན་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་འཇིགས་སྐུལ་ཐེབས་པ་ཡིན་ན། སྐྱེ་བོ་རེ་རེས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་ཡང་རང་བཞིན་གྱིས་ཉེན་ཁར་ཚུད་ཡོད།

འདི་ནས་སྙན་ཐོ་ཕབ་ལེན་བྱེད་ཐུབ། 

Select Language