26/02/2021

རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་རྔ་པ་ཀིརྟི་དགོན་པའི་གྲྭ་པ་གཉིས་ལ་ཁྲིམས་ཐག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  
ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ལགས།
ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ལགས།

ཉེ་ཆར་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་དང་བློ་བཟང་རྒྱ་མཚོ་གཉིས་ལ། རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་འཛུགས་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༧ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡ ཙམ་ལ། རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ལགས་ལ་ལོ་ ༢ དང་། གྲྭ་བློ་བཟང་རྒྱ་མཚོ་གཉིས་ལགས་ལ་ལོ་ ༣ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་གཉིས་ལ་ཁྲིམས་ཐག་གཅོད་སྐབས་ནང་མིར་བརྡ་བརྒྱབ་སྟེ་ཁྲིམས་རར་ཟུར་ཉན་དུ་ཡོང་བཅུག་ཡོད་ཀྱང་། སོ་སོ་དང་ནང་མིའི་ངོས་ནས་ཁྲིམས་རྩོད་པ་གླས་ཏེ་ཉེས་འཛུགས་དག་འབུལ་བྱ་རྒྱུའི་གོ་སྐབས་གང་ཡང་སྤྲད་མེད་པ་རེད། མི་འགྱང་པར་ཁོང་གཉིས་ས་གནས་གཞན་གྱི་བཙོན་ཁང་དུ་བསྐྱར་རྒྱུ་ཡིན་འདུག

གྲྭ་བློ་བཟང་བསྟན་པ་ལགས་ནི་ལོ་ ༡༩ ཡིན་ལ། ཕ་ཡུལ་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པ་ཡིན་པ་རེད། ཁོང་གི་ཕའི་མིང་ལ་ངག་ཆུང་དང་མའི་མིང་སྒྲོལ་མ་ཆོས་ཁོ་ཟེར་བ་དང་། ཁོང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་དེང་སྐབས་སྔོན་འགྲོའི་འཛིན་གྲྭ་དགུ་བ་ཡིན་འདུག ཁོང་ལ་མ་གཅིག་གི་སྤུན་རྒན་པ་གྲྭ་པ་གཉིས་ཡོད་པའི་ནང་ནས། གཅིག་དེང་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་སློབ་གཉེར་གནང་བཞིན་ཡོད་པ་དང་། གཅིག་རྔ་བ་ཀིརྟི་དགོན་པའི་ནང་དུ་ཡོད་འདུག

གྲྭ་བློ་བཟང་བསྟན་པ་ལགས་ཀྱིས། ད་ལོའི་ཕྱི་ཟླ་ ༤ ཚེས་ ༢༦ ཉིན། རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མ་ནས་མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་། ལག་ཏུ་༧གོང་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས། ༼བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།༽ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་གནང་ཡོད་པ་དང་། སྐབས་དེར་ཁྲོམ་ལམ་དུ་ཡོད་པའི་རྒྱ་གཞུང་ཉེན་རྟོག་པ་རྣམས་ཀྱིས་ཁོང་འཇུ་བཟུང་བཙན་འཁྲིད་ཀྱིས། ད་ལྟའི་བར་མནར་གཅོད་སྣ་ཚོགས་བཏང་མཐར་ཉེ་ཆར་གཞི་ནས་ཁྲིམས་ཐག་བཅད་ཡོད་པ་རེད།

ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས།
ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས།

དེ་བཞིན། གྲྭ་བློ་བཟང་རྒྱ་མཚོ་ལགས་ནི་ལོ་ ༢༠ ཡིན་ལ། ཕ་ཡུལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པ་ཡིན་པ་རེད། ཁོང་གི་ཕའི་མིང་ལ་བྷེ་ཚེ་དང་མའི་མིང་ཞིས་ཆུང་ཟེར། ཁོང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ། དེང་སྐབས་སྔོན་འགྲོའི་འཛིན་གྲྭ་དགུ་པ་ཡིན་འདུག

གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས། ད་ལོའི་ཕྱི་ཟླ་ ༤ ཚེས་ ༢ ཉིན། རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ནས། ལག་ཏུ་ཁོང་རང་ཉིད་ཀྱིས་བྲིས་པའི་བོད་ཀྱི་རྒྱལ་དར་ཞིག་བཟུང་སྟེ། ༼བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།༽ཞེས་འབོད་ཚིག་སྒྲིག་བཞིན་སྐད་འབོད་གནང་ཡོད་པ་རེད། སྐབས་ཐོག་དེར་རྒྱ་གཞུང་ཉེན་རྟོག་པའི་ལག་ཏུ་མ་ཤོར་པ་ཕྱིར་དགོན་པའི་ནང་འབྱོར་ཡོད་ཀྱང་། ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རྒྱ་གཞུང་ཉེན་རྟོག་པ་དགོན་པའི་ནང་འཛུལ་ཡོང་སྟེ། ཁོང་འཇུ་བཟུང་བཙན་ཁྲིད་ཀྱིས་ད་ལྟའི་བར་བཀག་ཉར་འོག་མནར་གཅོད་རིམ་པར་བཏང་མཐར། ཉེ་ཆར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག