09/12/2019

རྒྱལ་ཁབ་ཁ་བྲལ་སྐུལ་སློང་ཉེས་འཛུགས་ནི་ངོས་ལེན་ཐབས་བྲལ་བ་ཞིག་རེད།

  •   
  •  
  •  
  •  
  •  
  •  
  •  

twangchuk (1)རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལ། ༼རྒྱལ་ཁབ་ཁ་བྲལ་སྐུལ་སློང༽གི་ནག་ཉེས་འཛུགས་བཞིན་པ་དེ་ནི། དོན་དངོས་གནས་སྟངས་དང་འགལ་བའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་དང་། ༼རྒྱལ་ཁབ་ཁ་བྲལ༽གྱི་ནག་ཉེས་ལག་ཆར་སྤྱད་དེ་བོད་མིའི་སྨྲ་བརྗོད་རང་དབང་མཐའ་གཅིག་ཏུ་བརྡལ་བཤིག་གཏོང་བཞིན་པའི་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་ཅིག་རེད།

བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ཞུ་གཏུགས་ལས་འགུལ་བ་བོད་མི་བཀྲ་ཤིས་དབང་ཕྱུག་ལགས། རྒྱ་གཞུང་གི་རྒྱལ་ཁབ་བདེ་འཇགས་ཚན་པས་གསང་བའི་ཐོག་འཇུ་བཟུང་བཙན་འཁྲིད་བྱས་ཀྱིས་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ཟླ་བ་གཉིས་ལྷག་འགྲོ་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་ཉེན་རྟོག་སྡེ་ཁག་གིས་ཁོང་ལ་༼རྒྱལ་ཁབ་ཁ་བྲལ་སྐུལ་སློང་༽གི་ནག་ཉེས་འཛུགས་བཞིན་ཡོད་འདུག

བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་ཀྱིས་ཟླ་གཉིས་མ་ཟིན་ཙམ་རིང་གར་སོང་ཆ་མེད་དུ་གྱུར་རྗེས། ཕྱི་ཟླ་ ༣ ཚེས་ ༢༤ ཉིན་བཀྲ་ཤིས་དབང་ཕྱུག་གི་ནང་མིར་ཁོང་དངོས་སུ་འཇུ་བཟུང་བྱས་པའི་བརྡ་ཡིག་སྤྲད་ཡོད་པ་རེད། དེ་བཞིན། རྒྱ་གཞུང་ཉེན་རྟོག་པ་ཞིག་གིས་ཉེས་འཛུགས་ཁྲིམས་གཏུགས་ཀྱི་ཡིག་ཆ་དེ་བཀྲ་ཤིས་དབང་ཕྱུག་གི་ནང་མིར་སྤྲད་ཡོད་པ་དང་། ནེའུ་ཡོག་དུས་བབ་ལ་ཡིག་ཆ་དེའི་པར་རིས་ཤིག་ལག་སོན་བྱུང་བའི་སྟེང་དུ། ཡིག་ཆ་དེའི་སྒང་གི་ཟླ་ཚེས་ནི་ཕྱི་ཟླ་ ༣ ཚེས་ ༤ བཀོད་ཡོད་འདུག རྒྱ་གཞུང་གི་ཉེས་ཁྲིམས་ཞུ་གཏུགས་བཅའ་ཁྲིམས་ལྟར་ན་དུས་ཚོད་ཉེར་བཞིའི་ནང་དོགས་ཡོད་མི་སྣ་གང་དེའི་ནང་མིར་འཇུ་བཟུང་བཀག་ཉར་གྱི་བརྡ་ཡིག་སྤྲོད་དགོས་ཀྱི་ཡོད་པ་རེད།

ནེའུ་ཡོག་གསར་དུས་བབ་གསར་ཁང་གིས་བརྗོད་པ་ལྟར། བཀྲ་ཤིས་དབང་ཕྱུག་གི་ནང་མིའི་ངོས་ནས་ཁོང་ལ་ཁྲིམས་རྩོད་བྱེད་མཁན་ཁྲིམས་རྩོད་པ་འཚོལ་རྒྱུར་ཐབས་ཤེས་གང་ཡང་རག་གི་མེད་པ་དང་། དེ་བཞིན། རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་གི་ངོས་ནས་ཀྱང་ནས་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་ག་དུས་བྱེད་ཀྱི་ཡིན་མིན་གྱི་ཟླ་ཚེས་སོགས་གང་ཡང་གསལ་ཁ་བཏོན་མེད་པ་རེད།

ནམ་རྒྱུན་རྒྱ་གཞུང་གིས་བོད་མི་རྣམས་གསང་བའི་ཐོག་འཇུ་བཟུང་བཙན་འཁྲིད་བྱས་རྗེས། གནས་ཚུལ་ཁ་གསལ་གང་ཡང་མེད་པར་ཟླ་བ་མང་པོའི་རིང་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད། དེ་བཞིན། བཀྲ་ཤིས་དབང་ཕྱུག་ལགས་ཀྱང་རྒྱ་གཞུང་འཇུ་བཟུང་བཙན་འཁྲིད་ཀྱིས་ཟླ་གཉིས་ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། ཉེ་ཆར་ནེའུ་ཡོག་དུས་བབ་གཙོས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་གནང་ཐོག རྒྱ་གཞུང་གིས་སོ་སོའི་ཉེས་དོན་བཅའ་ཁྲིམས་ཀྱི་གཏན་འབེབས་དུས་བཅད་ཁག་རྩིས་མེད་ཀྱིས་གསང་བའི་བཀག་ཉར་བྱེད་བཞིན་པའི་ཐད་སྐྱོན་བརྗོད་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་སྒང་གླེང་སློང་ཤུགས་ཆེན་པོ་སླེབས་ཀྱིན་པར་བརྟེན། ས་གནས་རྒྱ་གཞུང་གི་འབྲེལ་ཡོད་སྡེ་ཁག་ནས་ཁྲིམས་བཤེར་བརྒྱུད་རིམ་མགོ་རྩོམ་བཞིན་པའི་རྣམ་པ་ཞིག་མངོན་ཡོད། ཡིན་ནའང་། ད་ལྟའི་བར་དུ་ནང་མི་རྣམས་བཀྲ་ཤིས་དབང་ཕྱུག་ལགས་ལ་ཐུག་འཕྲལ་བྱེད་བཅུག་མེད་པ་རེད།

རྒྱ་གཞུང་གི་ཉེས་དོན་བཅའ་ཁྲིམས་དོན་ཚན་བརྒྱ་དང་གསུམ་པ་སྟེ། ༼རྒྱལ་ཁབ་ཁ་བྲལ་ནག་ཉེས་དང་རྒྱལ་ཁབ་ཁ་བྲལ་སྐུལ་སློང་ནག་ཉེས༽ཞེས་པ་དེ་ནི། རྒྱ་གཞུང་གིས་ཁྲིམས་ལུགས་ཁ་ལ་ཁྱེར་ཏེ་བོད་མི་ཚོར་ཉེས་འཛུགས་ཁྲིམས་གཅོད་བྱ་ཐབས་ཀྱི་ལག་ཆ་གཙོ་བོ་ཞིག་ཆགས་ཡོད། གལ་སྲིད། རྒྱ་གཞུང་ས་གནས་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་དངོས་སུ་༼རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་༽གི་ནག་ཉེས་བཙན་འགེལ་བྱས་ཚེ། ༼རྒྱལ་ཁབ་ཁ་བྲལ་ནག་ཉེས་དང་རྒྱལ་ཁབ་ཁ་བྲལ་སྐུལ་སློང་ནག་ཉེས།༽ཞེས་པའི་ཉེས་ཁྲིམས་དོན་ཚན་དེའི་ནང་། གཅིག རྒྱལ་ཁབ་ཁ་བྲལ་ནག་ཉེས་ལ་ཁྲིམས་ཆད་ལྕི་ཤོས་ལ་ལོ་ ༡༠ ཡན་ནས་ཚེ་བཙོན་དང་། ཁྲིམས་ཆད་ཅུང་ཡང་ཤོས་ལ་ལོ་ ༣ ཡན་ནས་ལོ་ ༡༠ བར་དང་། ཆེས་ཡང་ཤོས་ལ་ལོ་ ༣ མན་བཅས་ཡིན་པ་དང་། གཉིས། རྒྱལ་ཁབ་ཁ་བྲལ་སྐུལ་སློང་ནག་ཉེས་ལ་ཁྲིམས་ཆད་ལྕི་ཤོས་ལ་ལོ་ ༥ ཡན་དང་། ཁྲིམས་ཆད་ཡང་ཤོས་ལ་ལོ་ ༥ མན་བཅས་ཡིན་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ནི་རང་ལོ་ ༣༠ སོན་པའི་བོད་རིགས་གཞོན་སྐྱེས་ཚོང་པ་ཞིག་ཡིན་ལ། ཁོང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཕྱག་ལས་གནང་ཡོད་པ་དང་། དེ་བཞིན། ས་གནས་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གནས་ཉམས་རྒུད་དུ་གཏོང་བཞིན་པའི་ཐད་རྒྱ་དམར་སྲིད་གཞུང་རིམ་པར་ཞུ་གཏུགས་འབོད་སྐུལ་དང་། དྲ་རྒྱའི་སྟེང་དེ་འབྲེལ་གྱི་རྩོམ་ཡིག་སྤེལ་བ། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་དངོས་ཡོད་གནས་ཚུལ་དྲང་བརྗོད་བྱས་པ་བཅས་ལ་བརྟེན་ནས། རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་འཁྲིད་ཐོག་༼རྒྱལ་ཁབ་ཁ་བྲལ་སྐུལ་སློང་༽གི་ནག་ཉེས་བཙལ་འགེལ་བྱེད་བཞིན་པ་ཞིག་ཆགས་ཡོད།

བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཕ་ཡུལ་ནི་བོད་མདོ་ཁམས་སྡེ་རྒུ་མདོ་ཡིན་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་ཡིན་པ་རེད། བཀྲ་ཤིས་དབང་ཕྱུག་ལགས་དེ་སྔོན་ཐེངས་གཉིས་ལ་རྒྱ་གཞུང་གིས་བཀག་ཉར་བྱེད་མྱངས་ཡོད་པ་རེད། ལོ་བཅུའི་སྔོན་ལ་ཁོང་རྒྱ་གར་དུ་གནས་མཇལ་ལ་བསྐྱོད་རྒྱུའི་ཐབས་ཤེས་གནང་སྐབས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༢ ལོར་ས་གནས་རྒྱ་གཞུང་ལས་བྱེད་ཚོས་བོད་མིའི་ས་ཆ་བཙན་འཕྲོག་བྱེད་སྐབས། ཁོང་གི་དྲ་རྒྱའི་སྟེང་སྐྱོན་བརྗོད་ཀྱི་དཔྱད་བརྗོད་སྤེལ་ཡོད་པ་སོགས། དྲང་བདེན་གྱི་སྒོ་ནས་གཞི་རིམ་མང་ཚོགས་ཀྱི་བདེ་སྡུག་གླེང་མཁན་ཞིག་ཡིན་པ་རེད། དེ་བཞིན། དེ་སྔོན་ནེའུ་ཡོག་གསར་ཁང་གིས་ཁོང་ལ་བཅར་འདྲིའི་སྐབས། ཁོང་གིས་རང་ཉིད་ནི་བོད་རང་བཙན་འཐབ་རྩོད་བྱེད་མཁན་ཞིག་མིན་པ་དང་། བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ཐད་སེམས་ཁུར་དང་དོ་སྣང་བྱེད་ཀྱིན་ཡོད་པ་བརྗོད་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་༼རྒྱལ་ཁབ་ཁ་བྲལ་སྐུལ་སློང་༽གི་ནག་ཉེས་འཛུགས་བཞིན་པ་དེ་ནི། དངོས་ཡོད་གནས་ཚུལ་དང་འགལ་བའི་ཁྲིམས་འགལ་བྱ་སྤྱོད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེར་མ་ཟད། རྒྱ་གཞུང་གིས་༼རྒྱལ་ཁབ་ཁ་བྲལ༽ཞེས་པའི་ཉེས་ཁྲིམས་དོན་ཚན་དེ་ལག་ཆར་སྤྱད་དེ། མི་རིགས་དབྱེ་འབྱེད་ཀྱི་ཐོག་ནས་བོད་མིའི་སྨྲ་བརྗོད་རང་དབང་མཐའ་གཅིག་ཏུ་བརྡལ་བཤིག་གཏོང་བཞིན་པའི་བྱ་སྤྱོད་དེ་མཚམས་འཇོག་དགོས་པ་ནན་སྐུལ་བྱེད་བཞིན་ཡོད། དེ་བཞིན། ཁོང་ཁྲིམས་འགལ་ཐོག་འཇུ་བཟུང་བཀག་ཉར་བྱས་པ་ལས་གང་མགྱོགས་གློད་དགོས་པ་དང་། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ཁོང་ལ་ཐུག་འཕྲད་བྱེད་བཅུག་སྟེ་ཁོང་གི་གཟུགས་པོའི་གནས་སྟངས་ཤེས་རྟོགས་ཡོང་བ་བྱ་དགོས།