24/11/2020

རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་གི་ཉེས་མིང་འོག་བོད་མི་གསུམ་ལ་ཁྲིམས་ཐག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  

ལོ་སྔོན་མར་རྒྱ་ནག་དབུས་ཁྲིམས་ཁང་དང་ཁྲིམས་ཞིབ་ཁང་། ཉེན་རྟོག་སྡེ་ཁག་བཅས་ཀྱིས་བོད་ནང་བྱུང་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ལ་ཆེད་དུ་དམིགས་ཏེ། རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་དང་འགལ་བའི་ཐོག་ནས་རང་ལུས་མེར་བསྲེགས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཚོར་ཉེས་མིང་སྣ་ཚོགས་འོག་ཁྲིམས་གཅོད་ཆོག་པའི་བཀའ་རྒྱ་ཞིག་བོད་ཁུལ་གྱི་ས་གནས་ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་སུ་བསྒྲགས་གཏོང་བྱས་པའི་རྗེས་སུ། བོད་ཁུལ་གྱི་ས་གནས་སོ་སོའི་རྒྱ་གཞུང་ཁྲིམས་ཁང་གིས་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ནང་མི་ཉེ་འབྲེལ་དང་དགའ་ཉེ་གྲོགས་པོ་དག་ལ་ཉེས་མིང་འདྲ་མིན་བཏགས་ཏེ་གང་འདོད་ལྟར་ཁྲིམས་ཐག་གཅོད་མགོ་བརྩམས་ཡོད་པ་ལྟར། ཉེ་ཆར་མཚོ་སྔོན་ཞིང་གྱི་ཐད་གཏོགས་ས་ཁུལ་ཙོང་ཁ་མཁར་(ཕིན་ཨན་)རྫོང་དུ་ཡོད་པའི་མཚོ་ཤར་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། བོད་མི་གསུམ་ལ་རང་བསྲེགས་གནས་ཚུལ་དང་འབྲེལ་ཏེ་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ཉེས་མིང་འོག་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

རྒྱ་ནག་གཞུང་འབྲེལ་ཞིན་མི་དམངས་དྲ་བས་གནས་ཚུལ་སྤེལ་དོན། ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ། མཚོ་ཤར་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། འཇིགས་མེད་ཐབས་མཁས་དང་། སྐལ་བཟང་དོན་འགྲུབ། བློ་བཟང་གསུམ་གྱིས་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བྱས་པའི་གྱོད་གཞིར་ཁྲིམས་ར་བསྡུས་ཏེ་ཁྲིམས་ཐག་བཅད་ཡོད་པ་དང་། འཇིགས་མེད་ཐབས་མཁས་ལ་ལོ་ ༥ དུས་བཀག་བཙོན་འཇུག་དང་ཆབ་སྲིད་ཁེ་དབང་ ༣ ལ་བཙན་འཕྲོག སྐལ་བཟང་དོན་འགྲུབ་ལ་ལོ་ ༦ དུས་བཀག་བཙོན་འཇུག་དང་ཆབ་སྲིད་ཁེ་དབང་ལོ་ ༤ ལ་བཙན་འཕྲོག བློ་བཟང་ལ་ལོ་ ༤ དུས་བཀག་བཙོན་འཇུག་དང་ཆབ་སྲིད་ཁེ་དབང་ལོ་ ༢ ལ་བཙན་འཕྲོག་བཅས་བྱས་ཡོད་འདུག

དེ་བཞིན། མཚོ་ཤར་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། བོད་མི་དེ་གསུམ་གྱིས་རང་བསྲེགས་དོན་རྐྱེན་བེད་སྤྱད་དེ། བོད་རང་བཙན་གྱི་ནང་དོན་ལྡན་པའི་ཡི་གེ་དང་པར་རིས་སོགས་བརྒྱུད་སྒྲོག་གི་ལམ་ནས། རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་ལ་སྐུལ་སློང་བྱས་ཏེ་ས་གནས་དང་རྒྱལ་སྤྱིར་ཤུགས་རྐྱེན་ངན་པ་བཟོས་ཡོད་སྟབས། ཉེས་ཁྲིམས་ཨང་ ༡༠༣ པའི་ཐག་གཅོད་ལྟར་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ནག་ཉེས་ཕོག་ཡོད་སྐོར་བསྒྲགས་འདུག

རྒྱ་གཞུང་གི་ཁྲིམས་ལུགས་ནང་ནག་ཉེས་ཕོག་མཁན་མི་སུ་འདྲ་ཞིག་ཡིན་ཡང་། རང་དབང་ཐོག་ཁྲིམས་རྩོད་པ་བཙལ་ཏེ་ཞུ་སྦྱོར་དག་འབུད་བྱེད་ཆོག་པའི་ཁེ་དབང་ཡོད་ནའང་། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་མཚོ་ཤར་ས་ཁུལ་ཡན་ལག་ཁང་དུ་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་ཞུ་མཁན་མི་སྣ་ཆེད་གཏོང་བྱས་ཡོད་པ་ཙམ་ལས། བོད་མི་དེ་གསུམ་ལ་སོ་སོའི་ངོས་ནས་ཁྲིམས་རྩོད་པ་བཙལ་ཏེ་བཤེར་རྩོད་དག་འབུལ་བྱ་རྒྱུའི་ཁེ་དབང་སྤྲད་མེད་པ་རེད།

དེ་བཞིན། ཁྲིམས་ར་ཚོགས་སྐབས་བོད་སྐད་ཐོག་སྐད་སྒྱུར་བྱེད་མཁན་གོ་སྒྲིག་དང་། ཁྲིམས་རའི་ནང་བོད་མི་དེ་དག་གི་གཉེན་ཉེ་འབྲེལ་དང་མང་ཚོགས་ ༡༠༠ ཙམ་ལ་ཟུར་ཉན་བྱེད་བཅུག་ཡོད་ཚུལ་ཙམ་ལས། བོད་མི་དེ་གསུམ་གྱི་ནང་མི་གང་དག་མཉམ་ཞུགས་བྱེད་བཅུག་ཡོད་མེད་དང་། ཐ་ན་ཁྲིམས་ཆད་ཕོག་མཁན་བོད་མི་དེ་གསུམ་གྱི་ཕ་ཡུལ་དང་ལོ་ཚད། ག་དུས་ནས་བཟུང་ཉེས་འཛུགས་འཇུ་བཟུང་བྱས་མིན། ཁྲིམས་ཆད་ཕོག་དགོས་པའི་ནག་ཉེས་ག་རེ་བསགས་ཡོད་མེད་སོགས་གསལ་ཁ་གང་ཡང་བཏོན་མེད་པ་མ་ཟད། གཞུང་འབྲེལ་རྒྱུད་ལམ་དུ་བཀོད་པའི་ཁྲིམས་གཅོད་སྐབས་ཀྱི་པར་རིས་ལས་ཀྱང་བོད་མི་དེ་གསུམ་གྱི་ངོ་གདོང་མཐོང་མ་བཅུག་པར་རྒྱབ་ཕྱོགས་ནས་པར་བརྒྱབ་པ་ཞིག་བཀོད་དེ། ཁྲིམས་ཆད་ཕོག་མཁན་བོད་མི་གསུམ་པོ་དེ་ག་སུ་ཡིན་མིན་གསལ་བོ་ཤེས་རྟོགས་མི་ཐུབ་པ་བཟོས་ཡོད་པ་རེད།

Select Language