31/05/2020

རྒྱ་ནག་གཞུང་གིས་ངེས་པར་དུ་གར་སོང་ཆ་མེད་བཟོས་པའི་༸པཎ་ཆེན་རིན་པོ་ཆེའི་དངོས་ཡོད་གནས་སྟངས་ཡོངས་བསྒྲགས་གསལ་བཤད་བྱེད་དགོས།

  •   
  •  
  •  
  •  
  •  
  •  
  •  

ཀུན་གཟིགས་༸པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་དབང་གིས་གར་སོང་ཆ་མེད་བཟོས་ནས་མི་ལོ་༢༥ འཁོར་བའི་དུས་དྲན་དང་འབྲེལ་ཏེ། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཡང་ནས་བསྐྱར་དུ། རྒྱ་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་ཁོང་ཉིད་མྱུར་དུ་གློད་གྲོལ་གཏོང་དགོས་པར་མ་ཟད། རྒྱལ་སྤྱིའི་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ནས་ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་གནང་བར་བཀག་སྡོམ་བྱས་མི་ཆོག་པའི་འབོད་སྐུལ་ཞུ་ཡི་ཡོད།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་༡༠ བའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༧ ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༦ གི་སྟེང་ཁོང་དང་ཁོང་གི་ཡབ་ཡུམ་དང་བཅས་པ་བཙན་དབང་གིས་གར་སོང་ཆ་མེད་བཟོས་ཡོད།

བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་སྟེ། ཕྱི་ལོ་༡༩༩༥ ཟླ་༡༡ ནང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱལ་མཚན་ནོར་བུ་ཟེར་བའི་བྱིས་པ་ཞིག་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཅུ་བའི་སྤྲུལ་སྐུར་བསྐོ་བཞག་བྱས་ཡོད།

རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བདེན་དཔང་ཅི་གང་སྟོན་རྒྱུ་མེད་པར་དགེ་འདུན་ཆོས་ཀྱི་ཉི་མ་མཆོག“བདེ་མོ་སྐྱིད་པོ”ཡིན་ལུགས་དང་། ཁོང་གིས“དཀའ་རྙོག་བར་ཆད་གང་ཡང་མྱོང་འདོད་མེད”རབས་བཤད་ནས་མགོ་གཡོག་མགོ་སྐོར་གཏོང་བཞིན་པ་ངེས་པར་དུ་མཚམས་འཇོག་དགོས། བདེན་པ་ཁུངས་སྐྱེལ་ཅི་ཡང་མེད་པར་འདས་པའི་མི་ལོ་བཅུ་ཕྲག་མང་པོར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྫུན་གཏམ་འདི་རང་བཤད་ནས་ཡོང་བ་རེད། ༸པཎ་ཆེན་རིན་པོ་དགུང་གྲངས་༧ ལ་ཕེབས་པའི་ཕྱི་ལོ་༡༩༩༦ ལོར་ཕོར་ཇུ་གྷལ་རྒྱལ་ཁབ་ནས་ཡིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སྐོར་གྱི་ཆེད་མཁས་པ་ལྕམ་སན་ཐོ་སི་ཕཱ་ཡེ་སི་(Santos Pais)ཡིས་རྒྱ་གཞུང་ལ། “རྒྱ་ནག་གཞུང་ཕྱོགས་ནས་བཤད་པ་ལྟར། ༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་བོད་མི་རང་གིས་ངོས་འཛིན་གནང་བའི་བྱིས་པ་དེ། ཁོང་གི་ཡབ་ཡུམ་གཉིས་ཀྱི་རེ་བ་དང་ཁོང་གི་འདོད་མོས་ནང་བཞིན་ལོགས་སུ་སྡོད་འདོད་ཡོད་མེད་ཀྱི་བདེན་དཔང་ཅི་ལྟར་བྱེད་རྒྱུ་ཡིན་ནམ།” ཞེས་དང་། “བསམ་ཚུལ་དེ་གཞན་གྱིས་ཁོང་ལ་བསླབས་པ་མིན་ན། བྱིས་པ་བསམ་མེད་ཅིག་གིས་སོ་སོའི་འདོད་མོས་དེ་འདྲ་ཅི་ལྟར་བརྗོད་ཤེས་སམ། བྱིས་པ་ཁོང་བདེ་ཐང་ཡིན་པ་བདེན་དཔང་བྱ་ཆེད། རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམས་ཁོང་ལ་ཐུག་འཕྲད་བྱེད་དུ་འཇུག་རོགས།” ཞེས་འདྲི་ཞིབ་གནང་ཡོད།

ཕྱི་ལོ་༢༠༡༧ ལོར་ཁེ་ན་ཌ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ལྕམ་ཆཱ་རེ་སི་ཊེ་ཡ་ཧྥི་རེ་ལན་ཌི་(Chrystia Freeland)ཡིས་རྒྱ་ནག་གཞུང་ལ་གོང་ཞུས་འདྲི་ཞིབ་གཅིག་མཚུགས་གནང་སྐབས། “རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་སྐུ་ཚབ་དང་། ཆོས་དད་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་ཐུག་འཕྲད་བྱེད་དུ་འཇུག་དགོས།” ཞེས་བློ་འཚུབ་ཀྱི་འབོད་སྐུལ་ཞུས་ཡོད།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ག་དུས་ཡིན་ནའང་། བཙན་དབང་གིས་གར་སོང་ཆ་མེད་བཟོས་པའི་༸པཎ་ཆེན་རིན་པོ་ཆེའི་མཚན་གནས་མེད་པར་བཟོ་ཐབས་སུ། དད་ལྡན་མང་ཚོགས་ནང་མངོན་ལྐོག་གཉིས་ནས་རྒྱ་གཞུང་རང་གིས་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་འུར་སྒྲོག་དང་དྲིལ་བསྒྲགས་བྱེད་མུས་ཡིན་པ་རེད།

བདེན་དཔང་ཅི་ཡང་མེད་པར་གཡོ་སྒྱུ་བསླུ་བྲིད་གཏོང་བ་ཡིས། རྒྱ་གཞུང་གི་ཚབས་ཆེའི་ཁྲིམས་འགལ་ནག་ཉེས་འདག་ཐབས་མེད་པར་མ་ཟད། དགེ་འདུན་ཆོས་ཀྱི་ཉི་མར་བཙན་དབང་གིས་ཐུག་འཕྲད་བྱེད་དུ་མི་འཇུག་པའི་ཁྲིམས་འགལ་བཟོ་བཞིན་པ་རྒྱ་གཞུང་གིས་ངེས་པར་དུ་ཤེས་དགོས། ཇི་སྲིད་བར་གར་སོང་ཆ་མེད་བཟོས་པའི་སྐྱེ་བོ་སུ་ཞིག་གར་ཡོད་ཅི་བྱས་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་མ་བྱུང་བ་དེ་སྲིད་དུ། བཙན་དབང་གིས་གར་སོང་ཆ་མེད་བཟོས་པའི་ཁྲིམས་འགལ་ནག་ཉེས་མུ་མཐུད་དུ་འདག་ཐབས་མེད་པ་རེད།

ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོང་གཏོང་དགོས་པའི་ཞི་འབོད་གནང་མཁན་དད་ལྡན་བོད་མི་དཀྱུས་མ་ཚོ་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་བཏང་སྟེ། རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་ནག་ཉེས་དང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བའི་ཁྲིམས་འགལ་ཉེས་གསོག་ཚབས་ཆེན་བཟོས་ཡོད། ན་ནིང་རང་ལོ་༢༠ ཡིན་པའི་བོད་རིགས་གཞོན་སྐྱེས་དབང་ཆེན་གྱིས། ༸པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོལ་གཏོང་དགོས་པའི་ཞི་འབོད་གནང་བར་བརྟེན་ནས། རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་མི་ལོ་༤ དང་ཟླ་༦ གི་དུས་བཀག་བཙོན་འཇུག་བྱས་པ་དང་། ཁོང་གི་ཨ་ནེ་སྒྲོལ་དཀར་གྱིས་ཚ་བོ་དབང་ཆེན་འཛིན་བཟུང་བཀག་བསྐྱིལ་བྱས་པའི་དངོས་ཡོད་གནས་ཚུལ་བཤད་པའི་རྐྱེན་གྱིས། རྒྱ་གཞུང་ཁོ་མོ་འབོད་འགུག་བཀག་ཉར་གྱིས་མི་ལོ་༡ དང་ཟླ་༣ གྱི་བཙོན་ཐག་བཅད་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་འཚུབ་གནང་བཞིན་པར་བསམ་ཤེས་བརྩི་འཇོག་བྱས་ནས། རང་དབང་ལྡན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུབ་གཉིས་ལ་ཐུག་འཕྲད་བྱེད་དུ་འཇུག་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད། ད་ཆར་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༡ ལ་ཕེབས་ཡོད་པས། རྒྱ་གཞུང་གི་བཀག་ཉར་ཁང་གི་སྲུང་སྐྱོབ་དགོས་དོན་མེད། རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མིའི་འཇིགས་སྐྲག་མེད་པར་འཚོ་སྡོད་རང་དབང་གི་ཐོབ་ཐང་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས།