17/02/2020

རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་འོག་རྐྱེན་འདས་བཏང་བར་བློ་ཕམ་ཚད་མེད་དང་སྐྱོན་བརྗོད་བྱེད་བཞིན་ཡོད།

  •   
  •  
  •  
  •  
  •  
  •  
  •  

delekའདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་འོག་ཏུ་རྐྱེན་འདས་སུ་བཏང་བར་བློ་ཕམ་ཚད་མེད་དང་། ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་ཀྱིས་བོད་པའི་སྲོལ་རྒྱུན་ལས་སྐུ་ཕུངས་ཞུགས་འབུལ་དང་། ནང་མི་དང་བོད་རིགས་དད་ལྡན་མང་ཚོགས་ལ་མཆོད་འབོད་བསྔོ་སྨོན་བསྒྲུབ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ནན་མོ་བྱེད་བཞིན་ཡོད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢ ཉིན་ལི་ཐང་རྫོང་ཁྲིམས་སྲིད་ལྷན་ཁང་གི་འབྲེལ་ཡོད་མི་སྣ་གསུམ་བསླེབས་ནས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐོར་ལ་གནས་ཚུལ་འདུག་ཟེར་ནས་ནང་མིར་བརྡ་བརྒྱབས་ཏེ། རིན་པོ་ཆེའི་ནང་མི་སྐུ་སྲིང་སྐུ་སྲིང་བསོད་ནམས་བདེ་སྐྱིད་དང་སྒྲོལ་དཀར་ལྷ་མོ་གཉིས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཁྲིད་རྗེས། སྐད་ཆ་འདྲ་མིན་བཤད་དེ་ཉིན་བཅུའི་རིང་མནར་འགྱངས་ངང་སྒུག་བྱེད་བཅུག་མཐར། ཕྱི་ཚེས་ ༡༢ ཉིན་གྱི་བོད་ནང་གི་དགོང་མོ་ཆུ་ཚོད་ ༡༠ སྟེང་། ལི་ཐང་རྫོང་ཁྲིམས་སྲིད་ལྷན་ཁང་གི་མི་སྣ་ཚོར་ཐུག་འཕྲད་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གྲོངས་ཟིན་སྐོར་བརྗོད་ཡོད་འདུག

དེར་བརྟེན། རིན་པོ་ཆེའི་ནང་མིའི་ངོས་ནས་མཚན་ལ་ཞུ་གཏུགས་བྱ་ཡུལ་གང་ཡང་མ་རེག་པར་མི་འདུག་ག་མེད་བྱུང་འདུག ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པར་རིན་པོ་ཆེ་ཁོང་གི་ནང་མི་ཉེ་འབྲེལ་དག་གིས་ཧ་ཅང་བློ་ཕམ་དང་གདུང་སེམས་དྲག་པོའི་སྒོ་ནས་རྒྱ་གཞུང་འབྲེལ་ཡོད་མི་སྣ་ཡོད་སར་བསྐྱོད་དེ། རིན་པོ་ཆེའི་སྐུ་ཕུང་ཕྱིར་ནང་མིར་རྩིས་སྤྲོད་བྱ་དགོས་པའི་རེ་སྐུལ་ཞུ་གཏུགས་བྱས་ཡོད་འདུག ཡིན་ནའང་། རྒྱ་གཞུང་གིས་བརྡ་ལན་གསལ་པོ་གང་ཡང་སྤྲད་མེད་པ་རེད།

དེ་བཞིན། གནས་ཚུལ་བརྗོད་མཁན་གཞན་ཞིག་གིས་བརྗོད་ན། རིན་པོ་ཆེའི་ནང་མི་ཚོའི་ངོས་ནས་ཁོང་གི་སྐུ་ཕུང་ཕྱིར་ནང་མིར་རྩིས་སྤྲོད་མ་བྱས་ཚེ། ནང་མི་རྣམས་ཕྱིར་ལོག་བྱེད་ཀྱི་མིན་པའི་ཞུ་ནན་བྱས་ཏེ། ཁྲིན་ཏུའུ་གྲོང་ཁྱེར་དུ་མུ་མཐུད་ཞུ་གཏུགས་བྱེད་བཞིན་ཡོད་འདུག ཡིན་ནའང་། རྒྱ་གཞུང་གིས་ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པར་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་མི་སྣ་འགའ་ཡོང་ནས་དེའི་ཐད་ཚོགས་འདུ་འཚོགས་ཀྱིན་སྐོར་ཙམ་ལས། རིན་པོ་ཆེའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མིན་དང་གྲོངས་རྐྱེན་སྐོར་ལ་ད་ལྟའི་ཆར་ལན་འདེབས་གང་ཡང་བྱས་མེད་པ་རེད།

གཞན་ཡང་། གནས་ཚུལ་གོ་ཐོས་ལྟར་ན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གྲོངས་ཟིན་པའི་གནས་ཚུལ་ཐོས་རྗེས། ས་གནས་དད་ལྡན་སྐྱ་སེར་མང་ཚོགས་མང་པོ་ཨོ་ཐོག་དགོན་པ(རིན་པོ་ཆེ་ཁོང་གི་དེ་སྔའི་བཞུགས་དགོན་ཡིན)ཕེབས་ཏེ། མྱང་ངན་དང་མཆོད་འབུལ་སོགས་བྱས་ཡོད་འདུག དེ་བཞིན། ས་གནས་མང་ཚོགས་རྣམས་ཐང་དཀར་མ་ཟེར་བའི་ས་ཆ་ཡོད་པའི་ཞང་སྲིད་གཞུང་དུ་བསྐྱོད་ནས། རིན་པོ་ཆེའི་སྐུ་གྲོངས་རྐྱེན་སྐོར་རྒྱ་གཞུང་གིས་གསལ་བཤད་དང་། ཁོང་གི་སྐུ་ཕུང་ཕྱིར་ནང་མིར་རྩིས་སྤྲོད་ཀྱི་དགོས་འདུན་བཏོན་ཏེ་ཞི་བའི་ངོ་རྒོལ་བྱས་པར། རྒྱ་གཞུང་གིས་མང་ཚོགས་ཐོག་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་ཡོད་སྐོར་འདུག ཡིན་ནའང་། ཉེ་བའི་ཉིན་ཉི་ཤུ་ཙམ་གྱི་དཀར་མཛེས་ཁུལ་གྱི་ཁོངས་སུ་གནས་འཕྲིན་དྲ་རྒྱ་བཀག་སྡོམ་བྱས་ཡོད་སྟབས་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མི་འདུག ད་ལྟའི་ཆར་རྒྱ་གཞུང་གིས་ལི་ཐང་རྫོང་དང་ཉག་ཆུ་རྫོང་བར་གྱི་གཞུང་ལམ་ཁག་བཀག་སྟེ་མང་ཚོགས་ཀྱི་འགྲོ་བསྐྱོད་ལ་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་འདུག

འདི་ག་ལྟེ་གནས་ཁང་གི་ངོས་ནས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་ཕྱིན་པ་དེར་བློ་ཕམ་ཆེན་པོ་བྱེད་བཞིན་ཡོད། རིན་པོ་ཆེ་ཁོང་རྒྱ་གཞུང་གིས་བཙོན་འཇུག་བྱས་ཏེ་མི་ལོ་ ༡༣ འདས་པའི་རིང་། བཙོན་ཁང་ནང་ལོ་མང་རིང་མནར་གཅོད་སྡུག་བརྩུབ་འོག་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་པོ་ཆགས་ཡོད་ཁར། སྙིང་ལ་ན་ཚ་ལྗིད་པོ་ཕོགས་ཏེ་ས་ལ་ཐེངས་མང་འགྱེལ་བ་མ་ཟད། ལུས་པོ་འདར་སིག་གིས་འཁར་བར་བརྟེན་དགོས་པ་སོགས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས། ས་གནས་བོད་རིགས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། དེ་བཞིན། འདི་ག་ལྟེ་གནས་ཁང་བཅས་ཀྱི་ངོས་ནས་རིན་པོ་ཆེ་ཁོང་སྨན་བཅོས་ཆེད་གང་མྱུར་གློད་གྲོལ་དགོས་པའི་འབོད་སྐུལ་རིམ་པར་བྱས་ཡོད། ཡིན་ནའང་། རྒྱ་གཞུང་གིས་ས་གནས་མང་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འབོད་སྐུལ་སྣང་དུ་གཡུགས་ཏེ། རིན་པོ་ཆེ་ཁོང་ལ་དགོས་ངེས་ཀྱི་སྨན་བཅོས་མཐུན་དང་བཙོན་པ་སྤྱི་མཚུངས་ལྟར་གྱི་ཚུལ་མཐུན་ལྟ་སྐྱོང་མ་བྱས་པར། མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་འོག་རྐྱེན་འདས་སུ་བཏང་བ་ཞིག་ཆགས་ཡོད། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཙོས་བོད་མི་བཙོན་པ་རྣམས་ལ། བཙོན་ཁང་ནང་བསམ་བཞིན་སྡུག་སྦྱོང་མནར་གཅོད་བཏང་སྟེ། དམར་གསོད་གཏོང་བཞིན་པའི་ཛ་དྲག་གནས་སྟངས་ཐད་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད།

སྤྱིར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི། རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་འཇུ་བཟུང་བཙོན་འཇུག་བྱས་པ་ཞིག་ཆགས། འདི་ག་ལྟེ་གནས་ཁང་གིས་ངོས་ནས་རིན་པོ་ཆེ་ཁོང་གིས་ཁྲིམས་འགལ་ཉག་གང་ཡང་བསགས་མེད་པར། རྒྱ་གཞུང་གིས་བོད་མིར་དྲག་གནོན་འཇིགས་སྐུལ་བྱ་ཆེད་ཁོ་ནར་དམིགས་ཏེ། རིན་པོ་ཆེ་མཆོག་ཉེས་མེད་འཇུ་བཟུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཁྲིམས་འགལ་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་བཞིན། ས་གནས་བོད་རིགས་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་ངོས་ནས་ཀྱང་། རིན་པོ་ཆེ་ཁོང་ལ་ནག་ཉེས་ཅི་ཡང་མེད་པའི་ས་རྟགས་ཁྲི་ ༣ ལྷག་བསྡུ་རུབ་ཀྱི་ཐོག་ནས། རྒྱ་དམར་སྲིད་གཞུང་རིམ་པར་ཞུ་གཏུགས་སྙན་ཞུ་རིམ་པར་ཕུལ་ཏེ། རིན་པོ་ཆེ་ཁོང་གི་གྱོད་དོན་ལ་བསྐྱར་དུ་ཁྲིམས་བཤེར་གྱིས་ཉེས་པ་གང་ཡང་མེད་པ་གསལ་འདོན་གྱིས་གློད་གྲོལ་གཏོང་དགོས་པའི་རེ་སྐུལ་རིམ་པར་བྱས་ཡོད་པ་རེད། དེ་བཞིན། རིན་པོ་ཆེ་མཆོག་གིས་ཀྱང་ཁོང་ལ་ཉེས་འགེལ་བྱས་པའི་གནད་དོན་དེ། རྒྱ་ནག་དབུས་གཞུང་བར་དུ་ཞུ་འབུལ་གསལ་བོ་ཞིག་བྱེད་ཐུབ་པ་བྱུང་ཚེ་ཐག་གཅོད་ཡག་པོ་ཞིག་ཡོང་ཐུབ་པའི་རེ་བ་གནང་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་ཞིབ་འཇུག་གིས་བསྐྱར་དུ་ཁྲིམས་ཞིབ་བྱ་རྒྱུ་ལས་ལྡོག་སྟེ། ཞུ་གཏུགས་ཆེད་བསྐྱོད་མཁན་ནང་མི་ཉེ་འབྲེལ་ཚོའང་འདྲི་གཅོད་བཀག་ཉར་དང་ཆད་གཅོད་སོགས་བྱས་པར་མ་ཟད། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༡ ཚེས་ ༦ ད་ལྟའི་བར་ནང་མི་གཅིག་ཀྱང་རིན་པོ་ཆེར་ཐུག་འཕྲད་བྱེད་བཅུག་མེད་པ་རེད། མདོར་ན། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ཉེས་འཛུགས་བཙོན་འཇུག་གིས། མཐར་ཁོང་བཙོན་ཁང་ནས་རྐྱེན་ལམ་དུ་བཏང་བའི་གནས་ཚུལ་མཐའ་དག་ནི། སྒེར་གཅོད་སྲིད་དབང་གི་སྟོབས་ཤུགས་སྤྱད་དེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་ཚེ་སྲོག་བཙན་འཕྲོག་བྱས་པ་ཞིག་ཆགས་ཡོད།

གཞན་ཡང་། འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་རིན་པོ་ཆེ་ཁོང་རྐྱེན་འདས་སུ་བཏང་བར་མ་ཟད། ད་དུང་ཁོང་གི་ནང་མི་དང་དད་ལྡན་བོད་རིགས་མང་ཚོགས་ཀྱི་སྟེང་ལ། མུ་མཐུད་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་རྒྱུ་མཚམས་འཇོག་སྒོས། རིན་པོ་ཆེ་ཁོང་འདས་རྐྱེན་གནས་ཚུལ་སྐོར་ས་གནས་བོད་རིགས་དད་ལྡན་མང་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེལ་བརྗོད་ཁ་གསལ་ཞུ་དགོས་པ་དང་། དེ་བཞིན། རིན་པོ་ཆེ་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་ཀྱིས་བོད་པའི་སྲོལ་རྒྱུན་ལྟར་སྐུ་ཕུང་ཞུགས་འབུལ་དང་བསྔོ་སྨོན་མཆོད་འབུལ་སོགས་བྱེད་འཇུག་དགོས་པའི་འབོད་སྐུལ་ནན་མོ་བྱེད་བཞིན་ཡོད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་༡༩༥༠ཟླ་༩ ཚེས་ ༢༥ ལྷ་བབས་དུས་ཆེན་ཉིན་ཡབ་ཚེ་དཔག་རྡོ་རྗེ་དང་ཡུམ་སྒྲོལ་མ་ཆོས་འཛོམས་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ལི་ཐང་མཐིལ་དུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྟེང་ལི་ཐང་དགོན་ཆེན་དུ་ཆོས་ཞུགས་ཀྱིས་སློབ་གཉེར་གནང་། ཕྱི་ལོ་༡༩༨༢ ལོར་འབྲུག་བརྒྱུད་རྒྱ་གར་དུ་ཕེབས་ཏེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་ཐོག་མར་མཇལ་ཞིང་སྐབས་དེའི་བོད་ཀྱི་གནས་སྟངས་དང་བོད་མིའི་སྐྱིད་སྡུག་༸གོང་མཆོག་ལ་སྙན་སེང་ཞུས་ཤིང་༸གོང་ས་མཆོག་གི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེ་ནས་༸གོང་ས་མཆོག་གི་བཀའ་བཞིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བཀྲིས་སྒོ་མང་གྲ་ཚང་དུ་ཕེབས། ཕྱི་ལོ་༡༩༨༣ ལོར་༸གོང་ས་མཆོག་ནས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་གནང་ཞིང་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་བསྩལ། ཕྱི་ལོ་༡༩༨༧ ལོར་ཕ་ཡུལ་ཕྱོགས་ཀྱི་ཨོ་ཐོག་སྡེ་ཤོག་དྲུག་གི་སེར་སྐྱ་མི་མང་ནས་གསོལ་བ་འདེབས་པ་བཞིན་ཕ་ཡུལ་ལི་ཐང་དུ་ཕེབས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་། མི་མང་བདེ་སྡུག བུ་གསོ་ཁང་དང་དགོན་པ་གསར་བཞེངས། རང་བྱུང་གཏེར་ཁ་དང་རི་དཱགས་སྲུང་སྐྱོབ་སོགས་ཀྱི་ཞབས་ཞུ་བླ་མེད་བསྒྲུབས་པ་དང་། ལི་ཐང་ཁུལ་གྱི་ས་གནས་མང་ཆེ་བར་ས་རྩོད་ཆུ་རྩོད་དང་། ཆང་རག་ཤོ་སྦག་རྒྱན་འཇོག་སོགས་རྙོག་གླེང་མང་པོ་ཡོད་པར། རིན་པོ་ཆེ་ས་གནས་སུ་ཆེད་ཕེབས་ཀྱི་ལམ་དོན་བཀའ་སློབ་གནང་བ་སོགས་ཀྱིས་ས་གནས་སུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཕྱི་ལོ་༡༩༩༧ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་རིན་པོ་ཆེའི་སྐོར་ལ་དམིགས་བསལ་ཚོགས་འདུ་ཞིག་འཚོགས་ཏེ། ཚོགས་འདུའི་གྲོས་ཆོད་དུ་ཨ་ངག་བཀྲ་ཤིས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་སྲིད་ཇུས་ལས་འགལ་བ་དང་། བླ་མ་དང་ཆོས་ལུགས་ཀྱི་དར་ཆ་བསྒྲེངས་ཏེ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་རྩ་ཁྲིམས་ལ་སྣང་མེད་ཁྱད་གསོད་བྱས་ཏེ་ཆོག་མཆན་མེད་པར་རང་སྒེར་གྱིས་དགོན་པ་གསར་རྒྱག་བྱས་པ། དགོན་པ་གཞན་གྱི་ལས་དོན་ལ་བྱུས་གཏོགས་བྱས་པ། རང་མཚམས་ཀྱིས་སྤྲུལ་སྐུ་ངོས་འཛིན་བྱས་ཚུལ་སོགས་ལ་བསྙད་དེ། ༡༽ཨ་ངག་བཀྲ་ཤིས་སྤྲུལ་སྐུར་ངོས་ལེན་པ། ༢༽ད་ནས་བཟུང་གྲ་བ་དཀྱུས་མའི་ངོ་བོར་གནས་རྒྱུ་ལས་སྤྲུལ་སྐུའི་མིང་ཐོག་བྱེད་སྒོ་སྤེལ་མི་ཆོག་པ། ༣༽ཁོང་གིས་ངོས་འཛིན་བྱས་པའི་སྤྲུལ་སྐུ་རྣམས་རྩིས་མེད་དུ་གཏོང་རྒྱུ། ༤༽དགོན་གཞན་དག་གི་བྱེད་སྒོར་ཞུགས་མི་ཆོག ༥༽མུ་མཐུད་དགོན་པ་རྒྱ་བསྐྱེད་གཏོང་མི་ཆོག ༦༽ཉག་ཆུ་རྫོང་ཆབ་སྲིད་གྲོལ་མོལ་གི་འཐུས་མིའི་གོ་གནས་ཕྱིར་བསྡུ་བྱ་རྒྱུ། ཞེས་གྲོང་ཆོད་དོན་ཚན་དྲུག་གཏན་འབེབས་བྱས་ཏེ་༼ཨ་ངག་བཀྲ་ཤིས་ཁྲིམས་འགལ་གཏན་འབེབས་ཀྱི་ཡིག་ཆ་༽ཟེར་བའི་དེབ་ཆུང་ཞིག་དཀར་མཛེས་ཁོངས་གཏོགས་སུ་བཀྲམ་ཞིང་།སྤྲུལ་སྐུ་འཇུ་བཟུང་བྱ་རྒྱུའི་ཇུས་ངན་བཤམས་ཡོད་པའི་གནས་ཚུལ་ལ་བརྟེན་སྤྲུལ་སྐུ་ཟླ་བ་ལྔ་ལྷག་རི་ལ་བྲོས་བྱོལ་ཕེབས་དགོས་བྱུང་བ་རེད། ཕྱི་ལོ་༢༠༠༠ ལོར་ས་གནས་གཞུང་གིས་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་དང་། རྒྱ་གཞུང་གི་ངོས་འཛིན་བྱས་པའི་༸པན་ཆེན་རིན་པོ་ཆེ་ངོས་འཛིན་གྱི་མཛུབ་ཐལ་རྒྱག་དགོས་པའི་བཙན་བཀའ་བཏང་བར་རིན་པོ་ཆེས་ངོ་ལེན་མ་བྱས་པའི་རྐྱེན་གྱིས་འཇུ་བཟུང་བྱ་ཉེན་སྐབས་རི་ལ་བྲོས་བྱོལ་ཐེངས་གཉིན་པ་ཕེབས་དགོས་བྱུང་ཡོད།

ཕྱི་ལོ་༢༠༠༢ཟླ་༤ ཚེས་༣ ཉིན་ཚོུད་ ༡༢།༡༠ ཙམ་ལ་ཁྲིན་ཏུའུ་གྲོང་ཁྱེར་ནང་འབར་རྫས་གལ་འཐོར་གྱི་དོན་རྐྱེན་བྱུང་སྟེ་ཚོུད་༡༠ རྗེས་སུ་བོད་མི་བློ་བཟང་དོན་གྲུབ་འཇུ་བཟུང་བྱས་པ་དང་། དེ་རྗེས་ཚེས་༧ གྱི་མཚན་མོ་ཚོུད་༡༢ཐོག་ཞིང་ཆེན་དང་། རང་སྐྱོང་ཁུལ། རྫོང་བཅས་དམག་མི་མང་པོས་རིན་པོ་ཆེའི་གཟིམ་ཤག་མཐའ་སྐོར་ཅིང་། རིན་པོ་ཆེ་དང་སྐུ་འཁོར་སོགས་ཡོད་ཚད་འཇུ་བཟུང་བྱས། ཕྱི་ལོ་༢༠༠༢ ཟླ་༡༡ ནང་དཀར་མཛེས་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་དཀར་མཛེས་ཁུལ་ལ་འབར་རྫས་གས་གཏོར་ཐེངས་འགའ་བྱུང་བ་ཡོད་ཚད་ཀྱི་ཉེས་པ་རིན་པོ་ཆེ་དང་བློ་བཟང་དོན་གྲུབ་གཉིས་ལ་བཀལ་ཏེ། བློ་བཟང་དོན་གྲུབ་སྲོག་ཐོག་བཏང་བ་དང་། སྤྲུལ་སྐུ་མཆོག་ལ་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཐོག་གཏོང་རྒྱུའི་བསམ་ཡུལ་ལ་མི་གཤོངས་པའི་ཁྲིམས་ཐག་བཅད་ཡོད་པ་རེད།