16/12/2019

རྒྱ་གཞུང་གིས་ས་ཁུལ་དང་མི་རིགས་དབྱེ་འབྱེད་ཀྱིས་བོད་མིར་དམིགས་བསལ་དམ་དྲག་བྱེད་བཞིན་འདུག

  •   
  •  
  •  
  •  
  •  
  •  
  •  

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་ས་གནས་རྒྱ་གཞུང་གིས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ནི། བོད་རང་སྐྱོང་ལྗོངས་ཡོངས་སུ་དམར་ཤོག་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ཞེས་པའི་དམ་དྲག་དབང་སྒྱུར་གྱི་ཆབ་སྲིད་ལས་འགུལ་དྲིལ་སྒྲོག་དང་ལག་བསྟར་བྱེད་ཡུལ་གྱི་ཐོག་མའི་ཚོད་ལྟའི་ས་ཁུལ་དུ་བདམས་ནས། གཞི་རིམ་ཞང་གྲོང་ཁུལ་དུ་ལས་བྱེད་མི་སྣ་ ༡༨༠༠༠ ལྷག་འགྲེམས་གཏོང་བྱས་ཏེ། གྲོང་ཚོ་སོ་སོའི་ནང་དམར་ཤོག་པའི་ཁ་ལ་ཉན་པ་དང་། དམར་ཤོག་པར་དྲིན་གཟོ་བ། རྒྱ་གཞུང་ལ་དགའ་ཞེན་བྱེད་པ། མི་ཚང་རེ་རེའི་ཁང་སྟེང་དུ་རྒྱ་གཞུང་གི་དར་དམར་བསྒྲེགས་འཛུགས་དགོས་པ་སོགས་ཀྱི་བཙན་དྲག་ལས་འགུལ་སྤེལ་བར་བརྟེན་ནས། འབྲི་རུ་རྫོང་གི་ས་གནས་མང་ཚོགས་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་ཏེ། མང་ཚོགས་རང་བཞིན་གྱི་ཞི་བའི་ངོ་རྒོལ་བྱས་པར་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་དམག་མིས་དྲག་རྡུང་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༦ ཉིན་ལྟ་ཐང་ཞང་དུ་རྒྱ་དམག་གིས་མང་ཚོགས་ཐོག་མེ་མདའ་བརྒྱབ་སྟེ་གནས་སྟངས་སྔར་བས་ཛ་དྲག་ཆགས་ཡོད་པ་རེད།

པར་སྟེང་གི་ཨང་གྲངས་དག་ནི་ས་ཁུལ་དེ་དག་ཏུ་གནས་སྡོད་ཉེན་རྟོག་ས་ཚུགས་དག་གི་གསང་བའི་ཨང་མིང་ཡིན་ལ། ལམ་མདོ་ཁག་གི་ཞིབ་བཤེར་ས་ཚུགས་དག་གིས་ནག་ཆུ་ས་ཁུལ་གྱི་ཡུལ་མི་རྣམས་ཐད་ཀར་བར་སྐོར་མཐའ་སྐོར་གྱི་ཉེན་རྟོགས་ས་ཚུགས་འདི་དག་ལ་གསང་བརྡའི་ལམ་ནས་རྩིས་སྤྲོད་བྱེད་བཞིན་ཡོད།
པར་སྟེང་གི་ཨང་གྲངས་དག་ནི་ས་ཁུལ་དེ་དག་ཏུ་གནས་སྡོད་ཉེན་རྟོག་ས་ཚུགས་དག་གི་གསང་བའི་ཨང་མིང་ཡིན་ལ། ལམ་མདོ་ཁག་གི་ཞིབ་བཤེར་ས་ཚུགས་དག་གིས་ནག་ཆུ་ས་ཁུལ་གྱི་ཡུལ་མི་རྣམས་ཐད་ཀར་བར་སྐོར་མཐའ་སྐོར་གྱི་ཉེན་རྟོགས་ས་ཚུགས་འདི་དག་ལ་གསང་བརྡའི་ལམ་ནས་རྩིས་སྤྲོད་བྱེད་བཞིན་ཡོད།

ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ལྷ་སའི་མཁར་གྲོང་རྙིང་པའི་ཁུལ་གྱི་ཉེན་རྟོག་བཀོད་འདོམས་སྡེ་ཁག་གིས། ས་གནས་ཁུལ་གྱི་བདེ་འཇགས་ཞིབ་བཤེར་ས་ཚུགས་དང་ཉེན་རྟོགས་ས་ཚུགས་ཁག་ལ་༼ ལྷ་ས་གྲོང་ཉེན་རྟོག་བདེ་འཇགས་ས་ཚུགས་ཁག་གི་ནག་ཆུའི་མི་སྣ་རྩིས་སྤྲོད་བྱེད་སྟངས་སྐོར་གྱི་གསང་བའི་བརྡ་ཐོ ༽ཞེས་པའི་ཡིག་ཆ་བཀྲམས་ཏེ། ནག་ཆུ་ས་ཁུལ་གྱི་ཤར་ཕྱོགས་རྫོང་ཁག་གསུམ་སྟེ་འབྲི་རུ་དང་། སྦྲ་ཆེན། སོག་རྫོང་བཅས་ཀྱི་ཡུལ་མི་རྣམས་ལྷ་ས་གྲོང་ཁྱེར་དུ་བསླེབས་སྐབས། ཉེན་རྟོག་ས་ཚུགས་སོ་སོ་ཕན་ཚུན་ལ་གསང་བརྡའི་ལམ་ནས་གནས་ཚུལ་བརྒྱད་སྤྲོད་ཀྱི་ལྟ་རྟོགས་ནན་མོ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད། རྒྱ་གཞུང་ཉེན་རྟོག་སྡེ་ཁག་ནང་ཁུལ་དུ་བཀྲམས་པའི་གསང་བའི་གནས་ཚུལ་བརྒྱུད་སྤྲོད་བྱེད་ཕྱོགས་ཀྱི་ཡིག་ཆ་ཆ་ཚང་གཤམ་དུ་བཀོད་ཡོད།
ལྷ་ས་གྲོང་ཉེན་རྟོག་བདེ་འཇགས་ས་ཚུགས་ཁག་གི་ནག་ཆུའི་མི་སྣ་རྩིས་སྤྲོད་བྱེད་སྟངས་སྐོར་གྱི་གསང་བའི་བརྡ་ཐོ།
གནའ་མཁར་ཁུལ་གྱི་མི་སེར་དཀྱིས་མའི་ཉེན་རྟོག་ས་ཚུགས་ཁག་ལ་སྒྲོགས་རྒྱུ།
ལྷ་ས་གྲོང་ཁྱེར་གྱི་བརྟན་སྲུང་དོ་དམ་ལག་བསྟར་དོན་འཁྱོལ་ཡོང་ཐབས་ཀྱི་ཚོགས་འདུའི་དགོངས་དོན་ལྟར། རུ་ཁག་མགོ་ཁྲིད་ཀྱི་གོ་སྒྲིག་གཞིར་བཟུང་མཁར་གྲོང་རྙིང་པའི་ས་ཁུལ་གྱི་སྤྱི་ཚོགས་བདེ་སྲུང་སྒྲིག་གཞི་བདེ་འཇགས་ཡོང་རྒྱུར་ཁག་ཐེག་ཐུབ་ཆེད། ད་ལྟ་དང་མ་འོངས་པའི་ཆར་ལག་ཐོག་བརྡ་གཏོང་འཕྲིན་ལམ་བརྒྱུད་ནས་ནག་ཆུ་ཤར་ཕྱོགས་རྫོང་ཁག་གསུམ་གྱི་མི་སྣར་གསང་མིང་བཀོལ་སྤྱོད་བྱེད་ཕྱོགས་ཀྱི་བརྡ་སྦྱོར་གཤམ་གསལ།
གསང་བརྡའི་ཚིག་བེད་སྤྱོད་བྱེད་སྟངས། ནག་ཆུ་ས་ཁུལ་གྱི་སྐྱེས་པ་ཚོར་གསང་བརྡའི་ཚིག་ “སྐུ་མགྲོན་བུ” དང་། ནག་ཆུ་ས་ཁུལ་གྱི་སྐྱེས་མ་ཚོར་གསང་བརྡའི་ཚིག་ “སྐུ་མགྲོན་བུ་མོ་” ཞེས་འབོད་དགོས། དེ་བཞིན། འབྲི་རུ་རྫོང་གི་གསང་བརྡའི་ཚིག་ “A ས་ཁུལ” དང་། སོག་རྫོང་ལ་ “ B ས་ཁུལ”། སྦྲ་ཆེན་རྫོང་ལ་ “C ས་ཁུལ” ཞེས་འབོད་དགོས།
གསང་བརྡ་གཏོང་སྟངས་ཀྱི་དཔེར་བརྗོད། གལ་སྲིད་ཉེན་རྟོག་ས་ཚུགས་ཨང་ ༨༩ པས་ནག་ཆུ་འབྲི་རུ་རྫོང་གི་སྐྱེས་པ་ ༣ ཉེན་རྟོག་ས་ཚུགས་ཨང་ ༩༡ པའི་ལྟ་སྲུང་ཁྱབ་ཁོངས་སུ་འཛུལ་ཟིན་པ་ཤེས་པ་ཡིན་ན། དེར་ལག་ཐོག་བརྡ་གཏོང་འཕྲིན་ལམ་བརྒྱུད་བརྡ་ལན་སྤྲོད་སྟངས་ནི། “ཉེན་རྟོག་ས་ཚུགས་ཨང་ ༩༡ པ་ལགས། A ས་ཁུལ་གྱི་སྐུ་མགྲོན་བུ་ ༣ ཁྱོད་ཀྱི་ལྟ་སྲུང་ཁྱབས་ཁོངས་སུ་འཛུལ་ཟིན་པས་ཁྱོད་ཀྱིས་སྣེ་ལེན་བྱོས།” ཞེས་བརྗོད་དགོས།
གཅིག ལྷ་སའི་བར་སྐོར་གླིང་གི་ཉེན་རྟོག་ས་ཚུགས་ཁག་ལ་སོ་སོའི་ཁྱབས་ཁོངས་ཞིབ་བཤེར་ས་ཚུགས་ཀྱིས། ནག་ཆུ་ས་ཁུལ་གྱི་ཡུལ་མི་ལྷ་ས་གྲོང་ཁྱེར་ཁུལ་ནང་འཛུལ་ཟིན་པ་བརྡ་གཏོང་རྩིས་སྤྲོད་བྱས་རྗེས། བར་སྐོར་གླིང་ཉེན་རྟོག་ས་ཚུགས་ཁག་གིས་མི་སྣ་དེ་དག་གི་འགྲོ་འདུག་ལ་ལྟ་རྟོགས་བྱེད་དགོས་པ་མ་ཟད། སོ་སོའི་ལྟ་རྟོགས་ཁྱབ་ཁོངས་ནས་ཕྱིར་བུད་མ་ཐག་ལག་ཐོག་བརྡ་གཏོང་འཕྲིན་ལམ་བརྒྱུད་དེ། འགྲོ་ཡུལ་མཐའ་འབྲེལ་ཉེན་རྟོགས་ས་ཚུགས་ལ་ངེས་པར་བརྡ་གཏོང་རྩིས་སྤྲོད་བྱ་དགོས།
བདེ་འཇགས་ཞིབ་བཤེར་ས་ཚུགས་ཨང་དང་པོ་དང་གཉིས་པས་མཁར་གྲོང་རྙིང་པའི་ས་ཁུལ་(ལྷ་སའི་གྲོང་ཁྱེར་གྱི་བོད་མིའི་མཁར་གྲོང་རྙིང་པ་སྟེ་བོད་མི་འདུས་སྡོད་ས་ཁུལ་གཙོ་བོ།) ནང་འཛུལ་མཁན་ནག་ཆུ་ས་ཁུལ་གྱི་མི་རྣམས། ཨང་རྟགས་ ༨༩ པ་སྟེ་གཙུག་ལག་ཁང་མདུན་ཐང་གི་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད་རྩིས་ལེན་གྱིས་འགན་འཁུར་དགོས།
བདེ་འཇགས་ཞིབ་བཤེར་ས་ཚུགས་ཨང་གསུམ་པས་མཁར་གྲོང་རྙིང་པའི་ས་ཁུལ་ནང་འཛུལ་མཁན་ནག་ཆུ་ས་ཁུལ་གྱི་ཡུལ་མི་རྣམས། ཨང་རྟགས་ ༩༢ པ་སྟེ་ཤ་གསར་ཟུར་(ལྷ་སའི་ཁྲོམ་གཟིགས་ཁང་གི་ཉེ་འཁོར།)ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད་རྩིས་ལེན་གྱིས་འགན་འཁུར་དགོས།

ཐིག་དམར་གྱི་ནང་ལོག་ས་ཁུལ་ནི་རྒྱ་གཞུང་གིས་ལྷ་སའི་མཁར་གྲོང་རྙིང་པའི་ཁུལ་ཞེས་བརྗོད་དེ།  དམིགས་བསལ་སྲུང་སྐྱོང་སྒྲིག་ཡིག་བཟོས་ཏེ་དམ་དྲག་ཤུགས་ཆེན་བྱེད་ཡུལ་བོད་མི་འདུས་སྡོད་ས་ཁུལ་གཙོ་བོ་རེད།
ཐིག་དམར་གྱི་ནང་ལོག་ས་ཁུལ་ནི་རྒྱ་གཞུང་གིས་ལྷ་སའི་མཁར་གྲོང་རྙིང་པའི་ཁུལ་ཞེས་བརྗོད་དེ། དམིགས་བསལ་སྲུང་སྐྱོང་སྒྲིག་ཡིག་བཟོས་ཏེ་དམ་དྲག་ཤུགས་ཆེན་བྱེད་ཡུལ་བོད་མི་འདུས་སྡོད་ས་ཁུལ་གཙོ་བོ་རེད།

བདེ་འཇགས་ཞིབ་བཤེར་ས་ཚུགས་ཨང་བཞི་པས་མཁར་གྲོང་རྙིང་པའི་ས་ཁུལ་ནང་འཛུལ་མཁན་ནག་ཆུ་ས་ཁུལ་གྱི་ཡུལ་མི་རྣམས། ཨང་རྟགས་ ༩༣ པ་སྟེ་བར་སྐོར་བྱང་ཁྲོམ་གྱི་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད་རྩིས་ལེན་གྱིས་འགན་འཁུར་དགོས།
བདེ་འཇགས་ས་ཚུགས་ཨང་ལྔ་པས་མཁར་གྲོང་རྙིང་པའི་ས་ཁུལ་ནང་འཛུལ་མཁན་ནག་ཆུ་ས་ཁུལ་གྱི་ཡུལ་མི་རྣམས། ཨང་རྟགས་ ༩༤ པ་སྟེ་ཚེ་རྟེན་ཁང་གསར་གྱི་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད་རྩིས་ལེན་གྱིས་འགན་འཁུར་དགོས།
བདེ་འཇགས་ཞིབ་བཤེར་ས་ཚུགས་ཨང་དྲུག་པ་དང་བདུན་པས་མཁར་གྲོང་རྙིང་པའི་ས་ཁུལ་དུ་འཛུལ་མཁན་ནག་ཆུ་ས་ཁུལ་གྱི་ཡུལ་མི་རྣམས། ཨང་རྟགས་ ༩༥ པ་སྟེ་བར་སྐོར་ཤར་ཁྲོམ་གྱི་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད་རྩིས་ལེན་གྱིས་འགན་འཁུར་དགོས།
བདེ་འཇགས་ཞིབ་བཤེར་ས་ཚུགས་ཨང་བརྒྱད་པས་མཁར་གྲོང་རྙིང་པའི་ས་ཁུལ་ནང་འཛུལ་མཁན་ནག་ཆུ་ས་ཁུལ་གྱི་ཡུལ་མི་རྣམས། ཨང་རྟགས་ ༩༦ པ་སྟེ་བར་སྐོར་ལྷོ་ཁྲོམ་གྱི་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད་ཀྱིས་འགན་འཁུར་དགོས།
བདེ་འཇགས་ཞིབ་བཤེར་ས་ཚུགས་ཨང་དགུ་པ་དང་བཅུ་པས་མཁར་གྲོང་རྙིང་པའི་ས་ཁུལ་ནང་འཛུལ་མཁན་ནག་ཆུ་ས་ཁུལ་གྱི་ཡུལ་མི་རྣམས། ཨང་རྟགས་ ༩༧ པ་སྟེ་གཙུག་ལག་ཁང་ལྷོ་སྒོའི་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད་ཀྱིས་འགན་འཁུར་དགོས།
གཉིས་པ། བར་སྐོར་གླིང་གི་ཕྱི་སྐོར་བདེ་འཇགས་ཞིབ་བཤེར་ས་ཚུགས་ཀྱི་ཉེས་ཁུལ་ས་ཚུགས་ཀྱིས་རྩིས་སྤྲོད་བྱས་པའི་ནག་ཆུའི་མི་རྣམས་རྩིས་ལེན་བྱས་རྗེས། མི་སྣ་དེ་དག་གི་འགྲོ་འདུག་ལ་ལྟ་རྟོགས་བྱེད་དགོས་པ་མ་ཟད། སོ་སོའི་ལྟ་རྟོགས་ཁྱབ་ཁོངས་བརྒལ་ཏེ་ཕྱིར་འཐོན་སྐབས་ལག་ཐོག་བརྡ་གཏོང་འཕྲིིན་ལམ་བརྒྱུད་ཉེ་ཁུལ་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད་བྱེད་དགོས།
གསུམ། ལག་ཐོག་བརྡ་གཏོང་འཕྲིན་ལམ་བརྒྱུད་གསང་བརྡ་བེད་སྤྱོད་བྱེད་སྐབས་གཟབ་ནན་བྱས་ཏེ། གོང་འཁོད་མི་སྣའི་རིགས་ཀྱི་འགྲོ་འདུག་ཞིབ་བཤེར་ཐད་དོ་སྣང་བྱ་དགོས་པ་མ་ཟད། དོགས་ཡོད་མི་སྣའི་གྲས་ལ་ཞིབ་བཤེར་ལྟ་རྟོགས་ནན་མོ་བྱེད་དགོས།
ལྷ་ས་གནའ་མཁར་ས་ཁུལ་བཀོད་འདོམས་སྡེ་ཁག་ནས།
ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༨ ལ།

གཞན་ཡང་། ཕྱི་ལོ་ ༢༠༡༣ ལོ་ཟླ་ ༡༠ ཚེས་ ༡ ཉིན། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་རྒྱུན་ལས་ཚོགས་འདུ་སྐབས་བཅུ་པ་ཚོགས་ཏེ། ༼ལྷ་ས་གྲོང་ཁྱེར་གྱི་མཁར་གྲོང་རྙིང་པའི་ས་ཁུལ་སྲུང་སྐྱོང་སྒྲིག་ཡིག༽ཞེས་པ་ཞིག་གཏན་འབེབས་ཀྱིས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་རེད། རྒྱ་གཞུང་གིས་བརྗོད་ཀྱིན་པའི་ལྷ་ས་གྲོང་ཁྱེར་གྱི་མཁར་གྲོང་རྙིང་པའི་ཁུལ་ཞེས་པ་ནི། ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་གླིང་སྐོར་ལམ་ནས་མདོ་ལམ་ཀུག་སྲང་ལམ་བར་དང་། ལྷོ་ཕྱོགས་ཅཱང་སུའུ་ལམ་ནས་ལྷ་སའི་ནུབ་ཕྱོགས་གླིང་སྐོར་ལམ་བར་གྱི་གྲོང་ཁྱེར་ས་ཁུལ་ཏེ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡་༣༣ ཡོད་པའི་བོད་མི་འདུས་སྡོད་ས་ཁུལ་གཙོ་བོ་དེ་ཆགས་ཡོད་པ་རེད། རྒྱ་གཞུང་གི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་གཞིར་བཟུང་བྱས་ན། མཁར་གྲོང་ས་ཁུལ་དེར་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་གིས་གཙོས་ལྷ་ཁང་ཆེ་ཆུང་ ༢༧ དང་། ལྷ་སའི་ཁྲོམ་གཟིགས་ཁང་དང་ཤ་གསར་ཟུར་སོགས་ཀྱིས་གཙོས་བོད་པའི་སྲོལ་རྒྱུན་མཁར་རྙིང་ ༥༦ ཡོད་པར་བཤད།
རྒྱ་གཞུང་གིས་ལྷ་ས་གྲོང་ཁྱེར་ཁུལ་གྱི་བོད་མི་འདུས་སྡོད་ས་ཁུལ་ལ་དམིགས་བསལ་གྱིས་དམ་དྲག་སྒྲིག་ཡིག་བཟོས་ཐོག ཉེན་རྟོག་ས་ཚུགས་དང་ཞིབ་བཤེར་ས་ཚུགས་སོགས་མང་པོ་བཙུགས་ཏེ། བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོགས་ཞིབ་བཤེར་ནན་མོ་བྱེད་བཞིན་པ་ལས། ལྷ་ས་གྲོང་ཁྱེར་གྱི་རྒྱ་རིགས་འདུས་སྡོད་ས་ཁུལ་དག་ཏུ་དེ་འདྲའི་ལྟ་རྟོགས་ཞིབ་བཤེར་བྱེད་ཀྱིན་པའི་གནས་སྟངས་འདིས། རྒྱ་གཞུང་གིས་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་འཛིན་གྱི་མེད་པར། བོད་ཁུལ་རྒྱ་མི་མང་པོ་གནས་སྤོར་གྱིས་མི་སེར་སྤེལ་བའི་དབང་སྒྱུར་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་གསལ་བོར་མངོན་ཡོད།