15/07/2020

རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་གདུག་རྩུབ་ཁྲིམས་གཅོད་མུ་མཐུད་ལག་བསྟར་བྱེད་བཞིན་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་གདུབ་རྩུབ་ཁྲིམས་གཅོད་འོག་འདས་གྲོངས་ཕྱིན་པའི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་མ་གྲོངས་སྔོན་གྱི་འདྲ་པར།
རྒྱ་གཞུང་གིས་གདུབ་རྩུབ་ཁྲིམས་གཅོད་འོག་འདས་གྲོངས་ཕྱིན་པའི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་མ་གྲོངས་སྔོན་གྱི་འདྲ་པར།

ཉེ་ཆར་འདས་གྲོངས་ཕྱིན་པའི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་ལ།  རྒྱ་གཞུང་གིས་བཀག་ཉར་འདྲི་གཅོད་དང་དུས་བཀག་བཙོན་འཇུག་བཅས་ཀྱི་སྐབས་སུ།  རྒྱལ་སྤྱི་ཁྲིམས་ལུགས་དང་རྒྱ་གཞུང་རང་གི་ཁྲིམས་དང་འགལ་བའི་ཐོག་ནས། བཙན་གྱིས་གཟུགས་པོར་ཟུག་གཟེར་དང་གཅོང་ནན་བཟོ་བྱེད་ཀྱི་དུག་སྨན་དང་དུག་ཁབ་བརྒྱབ་སྟེ།  མི་སྤྱོད་ལས་འདས་པའི་མནར་གཅོད་སྣ་ཚོགས་མྱངས་བཅུགས་ནས་ལུས་པོ་སྐམ་རུད་དུ་གྱུར་ནས་གསོན་ཐབས་བྲལ་བ་བཟོས་རྗེས།  བཙོན་ཁང་ནང་གདུག་རྩུབ་ཁྲིམས་གཅོད་འོག་དམར་གསོད་བྱས་པའི་ཉེས་མིང་ལས་གཡོལ་ཆེད། བཙོན་འཇུག་དུས་ཡུན་མ་རྫོགས་གོང་བཙོན་ཁང་ནས་ཕྱིར་ཕུད་བཏང་རྗེས།  རང་ཁྱིམ་དུ་ཟླ་འགའ་ལས་གསོན་མ་ཐུབ་པར་འདས་གྲོངས་སུ་གྱུར་ཡོད་པ་རེད།

 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ལ་ཕབ་པའི་༼གདུག་རྩུབ་ཁྲིམས་གཅོད་དང་། གཞན་པའི་དམའ་འབེབས་བརྙས་བཅོས་དང་མི་སྤྱོད་ལས་འདས་པའི་མནར་གཅོད་བྱ་སྤྱོད་རིགས་བཀག་སྡོམ་སྤྱི་ཆིངས༽དོན་ཚན་གཉིས་པའི་ནང་། རྒྱལ་ཁབ་སོ་སོས་ཁྲིམས་བཟོ་ལྷན་ཁང་དང་སྲིད་གཞུང་། ཁྲིམས་འཛིན་ལྷན་ཁང་བཅས་ཀྱི་ངོས་ནས་རང་ཉིད་ཀྱི་མངའ་ཁོངས་ནང་གདུག་རྩུབ་ཁྲིམས་གཅོད་རིགས་བཀག་སྡོམ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་ལ་གཡོ་འགུལ་དང་དམག་འཁྲུག་འབྱུང་ཉེན། དམག་འཁྲུག་གི་གནས་སྐབས་སོགས་སྤྱི་ཚོགས་གནས་སྟངས་ག་འདྲ་ཞིག་གི་འོག་ཏུའང་། སྲིད་གཞུང་དང་དཔོན་རིགས་གང་གི་བཀའ་མངགས་ལྟར་གདུག་རྩུབ་ཁྲིམས་གཅོད་རིགས་གཏན་ནས་ལག་བསྟར་བྱེད་མི་ཆོག་པར་གཏན་འགོག་བྱེད་དགོས་པ་གསལ་ཡོད།

དེ་བཞིན། རྒྱ་དམར་གཞུང་གིས་ཀྱང་གོང་གསལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་དེར། ཕྱི་ལོ་ ༡༩༨༦ ལོར་མོས་མཐུན་མིང་རྟགས་བཀོད་པ་དང་།  ཕྱི་ལོ་ ༡༩༨༨ ཟླ་ ༩ པའི་ནང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་སྤྱི་ཆིངས་དེ་ཡོངས་བསྒྲགས་ཐོག་ངོས་ལེན་གཏན་འབེབས་བྱས་ཏེ།  ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་བསྒྲགས་ཡོད།  ཡིན་ནའང་། རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་ལ།  བཀག་སྐྱིལ་བཙོན་འཇུག་སྐབས་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཁྲིམས་གཅོད་བཏང་ཡོད་པ་དེས།  རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་གཙོས་རྒྱ་གཞུང་རང་གི་ཉེས་ཁྲིམས་དང་ཉེས་ཁྲིམས་ཞུ་གཏུགས་བཅའ་ཁྲིམས་བཅས་སུ་གསལ་བའི་ཁྲིམས་ཐོག་གི་ཁས་ལེན་རྣམས་རྡོག་རོལ་བཏང་ཡོད།  བྱ་སྤྱོད་དེ་ཡིས་རྒྱ་གཞུང་ནི་ཁྲིམས་ཀྱིས་དབང་སྒྱུར་བའི་རྒྱལ་ཁབ་ཅིག་མ་ཡིན་པར། ཁྲིམས་མེད་ལུགས་མེད་ཀྱི་དྲག་སྤྱོད་པའི་གཞུང་ཞིག་ཡིན་པ་གསལ་འདོན་བྱས་ཡོད།

 

དེར་བརྟེན།  མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཁག་གིས་གཙོས།  འཛམ་གླིང་གི་རྒྱལ་ཁབ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས།  རྒྱ་གཞུང་གི་ཁ་བཤད་དོན་ལ་མི་གནས་པའི་གཡོ་ཇུས་བྱ་སྤྱོད་དེ་རིགས་ཐེར་འདོན་ཐོག  དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ།  བོད་གཙོས་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་ནང་།  རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཁྲིམས་གཅོད་རིགས་མུ་མཐུད་ལག་བསྟར་བྱེད་བཞིན་པ་དེ་ངེས་པར་མཚམས་འཇོག་བྱེད་འཇུག་དགོས།

 

སྒོ་ཤུལ་བློ་བཟང་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

 

སྐུ་གཤེགས་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་ཀྱིས་དེ་སྔོན་ཕ་ཡུལ་དུ་མང་ཚོགས་ལ་དབྱིན་ཡིག་སློབ་ཁྲིད་གནང་བཞིན་པའི་འདྲ་པར།
སྐུ་གཤེགས་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་ཀྱིས་དེ་སྔོན་ཕ་ཡུལ་དུ་མང་ཚོགས་ལ་དབྱིན་ཡིག་སློབ་ཁྲིད་གནང་བཞིན་པའི་འདྲ་པར།

སྐུ་གཤེགས་རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ནི། བོད་མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་དབལ་བཎ་ཚང་གི་རྒྱུ་ཚ་སྡེ་བ་རུ་སྐྱེས་ཤིང་། ད་ལྟ་རང་ལོ་༤༢  ཡིན། ཕྱི་ལོ་ ༡༩༩༢ ལོར་རྒྱ་གར་ལ་ཡོང་སྟེ་སུ་ཇ་བོད་ཁྱིམ་སློབ་གྲྭར་ཞུགས། ལོ་ཤས་རྗེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་འབྲོག་པའི་འཚོ་བ་བསྐྱལ།

 

ཕྱི་ལོ་གཅིག་དགུ་དགུ་བཅུ་གོ་གྲངས་ནང་རྨ་ཆུའི་ས་ཁུལ་གང་སར་བོད་དོན་སྐོར་གྱི་སྦྱར་ཡིག་གང་མང་སྤེལ་བའི་ལས་འགུལ་ནང་དུ་མཉམ་ཞུགས་བྱས་རྐྱེན། རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་ཤས་རིང་གཅར་རྡུང་བཀག་ཉར་བྱས་ཀྱང་ཁོང་གིས་ཅི་ཡང་ཁས་བླངས་མེད་པ་རེད། ཡིན་ནའང་། རྒྱ་གཞུང་གི་གནོན་ཤུགས་ཀྱིས་རང་ཡུལ་དུ་སྡོད་མ་ཐུབ་སྟབས། ལྷ་ས་སོགས་སུ་འཁྱམས་ཉུལ་བྱས་ཏེ་ལོ་འགར་བསྡད་ཡོད་པ་རེད། རྗེས་སུ་ཕྱིར་ཕ་ཡུལ་དུ་ལོག་ནས་དུས་ཐུང་རིང་འཛིན་གྲྭ་གཉེར་ཏེ། དོན་གཉེར་ཅན་གང་མང་ལ་དབྱིན་ཡིག་སློབ་ཁྲིད་བྱས་ཡོད།

 

ཕྱི་ལོ་ ༢༠༠༨ ལོར་བོད་མདོ་དབུས་ཁམས་གསུམ་དུ་༼ས་བྱི་ཞི་རྒོལ་ཆེན་མོ༽ བྱུང་སྐབས། ཁྲོ་ཁོ་དབལ་བཎ་སྡེ་བའི་ཡུལ་ཚོ་རུ་ཡང་ཕྱི་ཟླ་གསུམ་པའི་ཚེས་ ༡༧ དང་ ༡༨ །  ༡༩ བཅས་ཉིན་གསུམ་རིང་ཞི་བའི་ངོ་རྒོལ་ཡར་ལངས་བྱུང་ཡོད་པ་ལྟར། ཁོང་ནི་ཞི་རྒོལ་སྣེ་ཁྲིད་པ་གཙོ་བོའི་གྲས་ཡིན་པ་དང་། སྐབས་ཐོག་དེར་ཁོང་གིས་རང་ཁྱིམ་གྱི་སྦྲ་ནག་ཀླད་དུ་བོད་ཀྱི་རྒྱལ་དར་མཐའ་རུ་དར་ཚོན་སྔ་ལྔའི་ཤན་པ་ཞིག་རྒྱུན་རིང་བསྒྲེངས་འཛུགས་བྱས་ཡོད་འདུག

 

ཕྱི་ལོ་ ༢༠༠༩ ལོའི་ཟླ་དང་བོའི་ནང་དུ་དབལ་བཎ་སྡེ་བའི་ཡུལ་ཚོ་དང་སྡེ་དགོན་སོ་སོར་བོད་ཀྱི་ལོ་སར་རྒྱས་སྤྲོས་ཅན་གཏོང་མི་རུང་བའི་འབོད་སྐུལ་སྦྱར་ཡིག་༼འབོད་སྐུལ་ངང་མོའི་སྐྱོ་དབྱངས།༽ ཞེས་པ་དང་། ས་གནས་ཀྱི་རྒྱ་ནག་དང་མཉམ་འབྲེལ་གྱིས་རང་མི་གཡོ་ཚོང་བྱེད་མཁན་དག་ལ་བྱ་ངན་དེ་རིགས་མྱུར་དུ་མཚམས་འཇོག་དགོས་པའི་སྦྱར་ཡིག་༼དྲན་སྐུལ་གསེར་གྱི་དྲུལ་ཆུང་།༽ ཞེས་པ་གཉིས་སྦྱར་སྤེལ་གྱི་གནས་ཚུལ་བྱུང་སྐབས། སྒོ་ཤུལ་བློ་བཟང་སོགས་ཀྱིས་ས་གནས་ཀྱི་གནས་ཚུལ་རྣམས་གླེང་མོལ་(qq)བརྒྱུད་དེ། བོད་ཕྱིའི་གསར་ལམ་ཁག་ལ་བརྒྱུད་སྤྲོད་བྱས་ཡོད།

 

༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་སྒོ་ཤུལ་བློ་བཟང་ལགས་ཀྱིས་རང་ཁྱིམ་གྱི་སྦྲ་སྟེང་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པའི་འདྲ་པར།
༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་སྒོ་ཤུལ་བློ་བཟང་ལགས་ཀྱིས་རང་ཁྱིམ་གྱི་སྦྲ་སྟེང་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པའི་འདྲ་པར།

ཕྱི་ལོ་༢༠༠༨ ལོ་ནས་དབལ་བཎ་ཡུལ་ཚོར་རྒྱ་དམག་གིས་དམངས་ཚོགས་ལ་བཙན་དྲག་ཐུབ་ཚོད་བསྟུད་མར་བྱེད་ཀྱིན་ཡོད་སྟབས། ཕྱི་ལོ་༢༠༠༩ ལོའི་ཟླ་༤ ཚེས་༡༠ ཉིན་སྒོ་ཤུལ་བློ་བཟང་སོགས་ཀྱིས་རྒྱ་དམག་ལ་བདེན་པའི་གནས་ལུགས་དང་རྒྱུ་མཚན་བཤད་དེ། ཁ་རྩོད་བྱེད་སྐབས་མཐར་ཛ་དྲག་ཏུ་གྱུར་ནས་རྒྱ་དམག་གིས་སྒོ་ཤུལ་བློ་བཟང་དང་། གྲགས་པ་གཉིས་ལ་གཅར་རྡུང་དྲག་པོ་བཏང་སྟེ། ལག་ལྕགས་བརྒྱབ་ནས་ཁྲིད་འགྲོ་རྩིས་བྱེད་སྐབས། ས་གནས་མི་དམངས་ ༤༠༠ ལྷག་གིས་རྒྱ་དམག་ལ་ངོ་རྒོལ་དང་རྡོ་ཁ་བྱས་པས། སྒོ་ཤུལ་བློ་བཟང་དང་གྲགས་པ་གཉིས་ལག་ལྕགས་བརྒྱབ་བཞིན་དུ་བྲོས་བྱོལ་བྱེད་ཐུབ་ཡོད་པ་རེད། དེ་ནས་བཟུང་སྟེ་རྒྱ་དམག་སྡོད་མ་ཐུབ་པར་གནས་སྐབས་ཕྱིར་འཐེན་བྱ་དགོས་ཐུག

 

ཕྱི་ལོ་༢༠༠༩ ལོའི་ཟླ་༤  ཚེས་༡༢ ཉིན་རྨ་ཆུ་རྫོང་གིས་དབལ་བཎ་སྡེ་བའི་རུ་ཆེན་ཁག་གི་སྡེ་དཔོན་རྣམས་སྐད་བཏང་སྟེ། སྒོ་ཤུལ་བློ་བཟང་སོགས་ས་བྱི་ཞི་རྒོལ་གྱི་སྣེ་ཁྲིད་པ་མི་ལྔ་རྩིས་སྤྲོད་བྱ་དགོས་པའི་བཙན་བཀའ་བཏང་སྟེ། གལ་སྲིད་ཁོང་ཚོ་རྩིས་སྤྲོད་མ་བྱས་ན་ས་གནས་ལ་ཛ་དྲག་བཙན་གནོན་གྱི་ལས་འགུལ་སྤེལ་རྒྱུའི་འཇིགས་སྐུལ་བྱས་ཡོད་པ་རེད། འོན་ཀྱང་སྐབས་དེར་སྒོ་ཤུལ་བློ་བཟང་སོགས་མི་མེད་ལུང་སྟོང་གི་རི་མགོ་སོགས་ལ་བྲོས་བྱོལ་བཀབ་སྦས་བྱས་ཏེ་ལྟོག་སྐོམ་གྲང་སྡུག་མྱོང་བཞིན་ཟླ་ངོ་མང་བོ་བསྐྱལ་དགོས་བྱུང་ཡོད།

 

ཕྱི་ལོ་༢༠༡༠ ལོའི་ལོ་མགོ་ཞིག་ནས་སྒོ་ཤུལ་བློ་བཟང་ལགས་ཀྱིས་འདི་ལྟར་ལོ་དང་ཟླ་བ་བསྟུད་དེ་མི་མེད་ལུང་སྟོང་སོགས་སུ་སྦས་ཏེ་བསྡད་ན་དོན་སྙིང་ཅི་ཡང་མི་འདུག དེ་ལས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་ལ་ཕན་ཅུང་ཟད་ཙམ་རེ་ཐོགས་སོང་ན། རང་ཉིད་ལྟ་བུ་བཙོན་ཁང་དུ་སྡོད་དགོས་བྱུང་ན་ཡང་འགྱོད་རྒྱུ་མི་འདུག རང་ཉིད་གཅིག་པུ་མི་སུས་ཀྱང་མི་མཐོང་ས་ཞིག་ནས་ལྐོག་ཏུ་འཛིན་བཟུང་བྱས་འགྲོ་བ་ལས། རྒྱ་ཆེས་མི་མང་གིས་རིག་ས་མཐོང་ས་ནས་བཟུང་སོང་ན་དེའི་དགའ་ཞེས་དབལ་བཎ་ཡུལ་ཚོ་སོགས་སུ་མངོན་གསལ་དོད་པོའི་ཐོག་ནས་འགྲོ་སྡོད་བྱས།

 

ཕྱི་ལོ་༢༠༡༠ ལོའི་ཟླ་༦ ཚེས་༢༩ ཉིན་རྨ་ཆུ་རྫོང་གི་ཉེན་རྟོག་པས་དོན་དག་གནས་ཚུལ་གཞན་ལ་ཁ་གཡར་ནས་སྒོ་ཤུལ་བློ་བཟང་ལགས་འཛིན་བཟུང་བྱས་ཏེ། ཟླ་བ་ལྔ་མ་ཟིན་ཙམ་ལ་རྨ་ཆུ་རྫོང་དུ་བཀག་ཉར་གྱིས་གཅར་རྡུང་ཚ་འདྲི་ཚད་ལས་བརྒལ་བ་བྱས་ཏེ། ཐ་ན་ཟས་དང་གཉིད་བཀག་པ་དང་། ཟུག་གཟེར་གཏོང་བའི་དུག་ཁབ་བརྒྱབ་པ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ཡོད་པ་རེད། ཕྱི་ལོ་༢༠༡༠ ལོའི་ཟླ་༡༡  ཚེས་༢༦ ཉིན་ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། སྒོ་ཤུལ་བློ་བཟང་ལགས་ལ་ལོ་ ༡༠ བཙོན་འཇུག་དུས་བཀག་གི་ཁྲིམས་ཐག་བཅད་དེ། རྒྱ་ནག་ལན་ཀྲུའུ་གྲོང་ཁྱེར་ནས་སྤྱི་ལེ་བརྒྱ་ཡས་མས་ཀྱི་སར་ཡོད་པའི་ཏེན་ཤན་གྲོང་ཁྱེར་གྱི་བཙོན་ཁང་དུ་བཙོན་འཇུག་བྱས། བཙོན་ཁང་དེ་ནས་ཀྱང་སྒོ་ཤུལ་བློ་བཟང་ལགས་ལ་དགོས་ངེས་ཀྱི་སྨན་བཅོས་དང་བཟའ་བཏུང་མ་སྤྲད་སྟབས། ནད་མནར་གྱིས་ཁོང་གི་ཤ་སྐམ་ཞིང་ལུས་རུད་པར་གྱུར་པ་མ་ཟད། དེ་སྔོན་ཁོང་ལ་རྒྱ་གཞུང་ཉེན་རྟོག་པས་དུག་ཁབ་བརྒྱབ་པའི་རྐྱེན་གྱིས་བཟོད་དུ་བྲལ་བའི་ཟུག་གཟེར་ཧ་ཅང་ཆེན་པོ་ཡོད་ནའང་། དེ་མུར་ལོ་གསུམ་ལྷག་ལ་སྨན་བཅོས་སོགས་ཀྱི་ལྟ་སྐྱོང་གང་ཡང་མེད་པར་བཙོན་ཁང་ནང་མནར་གཅོད་མྱངས་ནས་སྡོད་དགོས་བྱུང་ཡོད།

 

ཕྱི་ལོ་༢༠༡༣ ཟླ་༡༡ ནང་དུ་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་རུ་སོང་སྟེ་གསོན་གནས་མི་ཐུབ་པའི་མཚམས་ལ་སླེབས་དུས། རྒྱ་གཞུང་གིས་བཙོན་ཁང་དུ་འདས་གྲོངས་སུ་སོང་བའི་ངན་ཁག་གཡོལ་ཆེད། ཟླ་དེའི་ཕྱི་ཚེས་༢༩ ཉིན་ཕྱིར་རང་ཁྱིམ་དུ་བཏང་ཡོད་པ་རེད། སྐབས་དེར་ཁོང་གི་ནང་མི་གཉེན་ཉེ་ཚོས་སྨན་བཅོས་དང་ཞབས་རིམ་གང་ཐུབ་ཅི་ནུས་བྱས་སྒྲུབ་ཀྱང་ཕན་ཐོགས་ཐོན་མི་འདུག ཉེ་ལམ་ཁོང་གི་དབུགས་རྒྱུན་མ་ཆད་པའི་སྔོན་གྱི་ཟླ་གཅིག་ལྷག་གི་རིང་ལ། བཟའ་བཏུང་སོགས་ཅི་ཡང་སྤྱོད་མ་ཐུབ་པར་ལྟོག་སྐོམ་དང་ཟུག་གཟེར་དྲག་པོ་སྐྱེས་ཏེ། མི་གཞན་གྱིས་མཐོང་ན་བལྟ་མི་བཟོད་པ་ལྟ་བུའི་གསོན་སྡུག་མྱོང་དགོས་བྱུང་ཡོད་འདུག

 

སྐབས་དེ་དག་ཏུའང་ཁོང་གིས་མཚམས་རེར་ཁ་ཅུང་ཟད་རེ་གྲག་ཐུབ་དུས། ཁོང་གིས་སྔར་བཞིན་རང་གི་སེམས་ཀྱི་དམ་བཅའ་དང་ཡིད་ཆེས་ལ་འགྱུར་བ་ཅུང་ཟད་ཀྱང་མེད་པར། ངས་སྡུག་ཅི་འདྲ་མྱངས་ན་ཡང་བོད་ཀྱི་ཆོས་དང་རིག་གཞུང་དང་། བོད་མི་ས་ཡ་དྲུག་གི་དོན་ཡིན་པས་འགྱོད་པ་སྤུ་རྩེ་ཙམ་ཡང་མེད་ཅེས་དང་། ཡང་ཐེངས་གཅིག་ཁོང་གིས་གྲོགས་པོ་ཞིག་ལ་རང་ཉིད་པར་ལེན་དུ་བཅུག་ནས་བཤད་དོན། ངའི་པར་འདི་རྒྱ་གར་ལ་བསྐུར་ནས་༸རྒྱལ་བ་རིན་པོ་ཆེའི་སྤྱན་ལམ་ལ་འབུལ་ཨེ་ཐུབ་ཅིག་ལྟོས། ལྷག་པར་ང་ལྟ་བུའི་སྡུག་དང་མནར་གཅོད་ཀྱི་འོག་ན་གནས་པའི་བཙོན་པ་དག་གི་བདེ་སྡུག་གི་གནས་སྟངས་སྙན་ལ་འཇོག་ཨེ་ཐུབ་བལྟ་རོགས། འདི་ངའི་སྒེར་དོན་ལྟ་བུ་ཞིག་ཡིན་ནའང་འབྲོག་གླེན་ཉམས་ཆུང་ནུས་མེད་ཅིག་གི་འཆི་ཁའི་རེ་བ་ཆུང་ཆུང་ཞིག་ཡིན་ཞེས་བརྗོད་འདུག  སྐད་ཆའམ་ཁ་བརྡ་འདི་དག་ཁོང་གི་མི་ཚེའི་ནང་གི་ཆེས་མཐའ་མའི་རེ་བ་དང་ཁ་ཆེམས་ཆགས་ཡོད་པ་རེད།

 

གཞན་ཡང་ཕྱི་ལོ་༢༠༡༤ ལོའི་ཟླ་༣  ཚེས་ ༡  ཉིན་ཁོང་གིས་དེ་སྔོན་བཙོན་ཁང་དུ་སྡོད་སྐབས་བྲིས་པའི་ཁ་ཆེམས་ལྟ་བུའི་རྩོམ་ཡིག་༼འགྱོད་སེམས་མེད་པའི་ཁྲིམས་པ།༽ཞེས་དེ་རང་ཉིད་ཀྱི་ཉམས་ང་བའི་པར་རིས་ཀྱི་གཤམ་ལ་འབྲི་འགོད་བྱས་ཏེ་གྲོགས་པོ་ཁ་ཤས་ལ་སྤྲད་འདུག མཐར་ཕྱི་ལོ་༢༠༡༤  ལོའི་ཟླ་༣  ཚེས་༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་གཅིག་ཡས་མས་ཤིག་ལ་ཚེ་ལས་འདས་ཡོད་པ་དང་།  ཕྱི་ཚེས་༢༦ ཉིན་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག

 

ད་ལྟ་རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་ཤུལ་དུ།  ལོ་ ༧༣ ལ་སོན་པའི་ཁོང་གི་ཨ་མ་ཏཱར་སྒྲོན་མ་དང་། ལོ་ ༣༩ ཡིན་པའི་བཟའ་ཟླ་ཏཱར་པེ། ལོ་ ༡༨་ཅན་གྱི་བུ་ཤེས་རབ། ལོ་༡༤ ཅན་གྱི་བུ་མོ་སྒྲོལ་མ་བཅས་ཡོད་འདུག

 

སྒོ་ཤུལ་བློ་བཟང་ལགས་ཀྱི་ཞལ་ཆེམས།

 

རྒྱལ་གཅེས་དཔའ་བོ་སྒོ་ཤུལ་བློ་བཟང་ལགས་ཀྱི་༼འགྱོད་སེམས་མེད་པའི་ཁྲིམས་པ༽ ཞེས་པའི་ཞལ་ཆེམས་ནང་། ང་ལ་ཁྱིམ་ཚང་ཡོད་ལ་ཕ་མ་མིང་སྲིང་དང་ཆུང་མ་བུ་རྒྱུད་ཀྱང་ཡོད།

སྐུ་གཤེགས་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་ཀྱི་ཞལ་ཆེམས་༼འགྱོད་སེམས་མེད་པའི་ཁྲིམས་པ༽།
སྐུ་གཤེགས་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་ཀྱི་ཞལ་ཆེམས་༼འགྱོད་སེམས་མེད་པའི་ཁྲིམས་པ༽།

དེ་དག་དང་འབྲེལ་བའི་བཅོས་མིན་གྱི་བརྩེ་དུང་ཡོད་ལ་བརྩེ་དུང་དེའི་ཆེད་དུ་ཚེ་སྲོག་གཏོང་ཕོད་པའི་ཆོད་སེམས་ཀྱང་ཡོད། འོན་ཀྱང་རང་མི་རིགས་ཀྱི་ཆེད་དུ་བརྩེ་དུང་དེ་དག་ཤོར་ཀྱང་འགྱོད་སེམས་མེད། ང་ནི་རང་རིགས་ལ་དགའ་བའི་འབྲོག་པ་གླེན་པ་ཞིག་ཡིན་པས་རང་མི་རིགས་ཀྱི་ཆེད་དུ་ཅི་ཞིག་ཀྱང་བསྒྲུབ་ན་འདོད། ཁོག་གདུག་བསྲིངས་པའི་མནར་གཅོད་ཀྱི་འོག་ནས་ན་ཁོས་ཚ་གཟེར་གྱིས་སྐམ་རིད་དུ་གྱུར་བའི་ལུས་པོ་འདི་འདི་ལྟར་ཤོར་སྲིད་ཀྱང་འགྱོད་སེམས་མེད། མེ་ཕུང་གི་ཀློང་ནས་ཡོད་ཚད་ལ་འགྲེལ་བཤད་རྒྱག་ཐུབ་པའི་དཔའ་རྒོད་ཚོའི་རྗེས་སུ་ཞུགས་འདོད་ཀྱང་སྙིང་སྟོབས་ཀྱིས་མ་འདང་། ཡིན་ཡང་དྲང་བདེན་མ་ཡིན་པའི་གནས་སྟངས་དང་རང་དབང་དང་འདྲ་མཉམ་ཟེར་བ་གླེང་ས་མེད་པའི་འཁོར་ཡུག་འདིར་མགོ་སྒུར་མ་འདོད་པར་གནས་བབ་འདི་འདྲར་ལྷུང་བའི་འབྲོག་གླེན་ང་ལ་འགྱོད་སེམས་གང་ཡང་མེད། ངས་མཐོང་འདོད་པ་རང་དབང་གི་འཇིག་རྟེན་ན་འཆམ་མཐུན་གྱི་འཚོ་བར་སྤྱོད་པའི་མི་རིགས་དེ་ཡིན་པ་ལས། མུན་ནག་གི་ཁོར་ཡུག་ན་མནར་གཅོད་ཀྱི་ཚོར་བ་རྒུམ་པའི་སྤྱི་ཚོགས་དེ་མ་ཡིན།

 

གཅེས་ཤིང་དུང་བའི་མིང་སྲིང་ཕུ་ནུ། བརྩེ་ཞིང་མཐུན་པའི་ཆུང་མ་བུ་རྒྱུད་སོགས་ལ་མི་ཚེའི་ལམ་སྐེད་ནས་རང་དབང་མེད་པར་གློ་བུར་ཏུ་གྱེས་ཕྱག་འབུལ་དགོས་སྲིད་ཀྱང་འགྱོད་སེམས་གང་ཡང་མེད། ང་འདི་ལྟར་སྐྱོ་ལྷང་ལྷང་དང་། ལྗིད་ཏིག་ཏིག་འཁྱག་སིམ་སིབ་ངང་འགྲོ་དགོས་ཡང་རང་སེམས་ན་ནག་ཉེས་ཟེར་བ་དེ་དྲན་རྒྱུ་མི་འདུག འདི་ང་རང་འཇིག་རྟེན་འདིར་ཡོང་བའི་ལག་ཡོང་གཅིག་པུ་རེད་བསམ་ཡོད། འདི་མ་གཏོགས་ང་ལ་གང་ཡང་མེད་མོད། དེ་མ་གཏོགས་ང་ལ་ཅི་ཡང་མི་དགོས།

 

ང་ལ་འགྱོད་སེམས་གཅིག་ལྗིད་ཏིག་གེར་ལྷག་ཡོད། དེ་ནི་ང་ཚོའི་མི་རིགས་འདི་ལ་ནང་ཕན་ཚུན་ན་སྤུན་ཟླའི་འདུ་ཤེས་ཟབ་མོ་ཞིག་མེད་པས་རྡོག་རྩ་གཅིག་སྒྲིལ་གྱི་ཁ་ཕྱོགས་བརྟན་པོ་ཞིག་ཆགས་ཐུབ་མེད་པ་དེ་ཡིན། སྤུན་ཟླ་ཚོ། ང་ཚོ་ལ་མིག་རྒྱང་གིས་འཚོས་པའི་ལངས་ཕྱོགས་ཡོད་དགོས་ལ། ང་ཚོ་ལ་ཁ་ཕྱོགས་བརྟན་པའི་མཐུན་སྒྲིལ་ཡོད་དགོས། རང་གི་མི་རིགས་ལ་བཀའ་དྲིན་ཆེ་བའི་མི་སྣ་དང་། ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་ལ་ཡིད་ཆེས་ཡག་པོ་ཡོད་དགོས་པ་དེ་ཡིན། བོད་ཁ་བ་ཅན་གྱི་སྤུན་ཟླ་ཚོ། ཚང་མས་མཐུན་སྒྲིལ་བྱོས། མཐུན་སྒྲིལ་ཁྲི་ལོར་ཤོག  ཁྲི་ལོ་ནས་ཁྲི་ལོར་ཤོག

 

འབྲོག་བུ་གླེན་པ་སྒོ་ཤུལ་བློ་བཟང་གིས་ཀན་སུའུ་ཞིང་ཆེན་ཏེན་ཤེན་གྲོང་ཁྱེར་གྱི་ཁྲིམས་ཁང་ནང་ནས་གཅར་རྡུང་གིས་མནར་བའི་ལུས་སྡུག་དང་ཚིག་མཚོན་གྱིས་གཟིར་བའི་སེམས་གདུང་འོག་སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༨ ལ་བྲིས་པ་ཐེངས་འདིར་ཤི་མ་གསོན་གྱི་ལུས་པོ་འདིའི་གཤམ་ལ་སྤྱི་རྩིས་ ༢༠༡༤ ཟླ་ ༣ ཚེས་ ༡ ཉིན་བཀོད་པའོ།།  ཞེས་བཀོད་འདུག