12/11/2019

རྒྱ་གཞུང་གིས་བྱ་མདའ་དགོན་པའི་བཙུན་མ་ ༢༦ བཙན་གྱིས་ཕྱིར་འབུད་བཏང་འདུག

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཉེ་ཆར་ཁམས་ནག་ཤོད་འབྲི་རུ་རྫོང་པད་དཀར་ཡུལ་ཚོ་བྱ་མདའ་དགོན་དཔལ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་ ༢༦ ཙམ་རྒྱ་གཞུང་གིས་བཙན་གྱིས་དགོན་པ་ནས་ཕྱིར་འབུད་བཏང་ཡོད་འདུག

བྱ་མདའ་དགོན་པ་ནི་བོད་དུ་རྒྱ་གཞུང་གིས་བཙན་འཛུལ་དབང་བསྒྱུར་མ་བྱས་གོང་ལ། ཁམས་རྒྱལ་སྟོན་རྫོང་གི་ཁོངས་གཏོགས་སུ་ཡོད་མོད། ད་ལྟ་འབྲི་རུ་རྫོང་ཁོངས་སུ་བཅད་བགོས་བྱས་ཡོད་པ་རེད། དགོན་པའི་ནང་རྒྱ་གཞུང་གིས་ཚད་བཀག་ལྟར་ཆོག་མཆན་ཡོད་པའི་བཙུན་མ་ ༡༤༠ ཙམ་མེད་པ་རེད། ཡིན་ནའང་། ཆོག་མཆན་མ་རག་པའི་བཙུན་མ་མང་པོས་དགོན་པ་དེར་སློབ་གཉེར་བྱེད་ཀྱི་ཡོད་པ་དང་། ནམ་རྒྱུན་རྒྱ་གཞུང་གི་ལས་དོན་རུ་ཁག་ཡོང་སྐབས་ཐོ་དེབ་ནང་མ་འཁོད་པའི་བཙུན་མ་རྣམས་རི་མགོ་སོགས་ལ་གབ་དགོས་པའི་གནས་སྟངས་འོག་ལྷག་ཡོད་པ་རེད།

ད་ལོའི་ཕྱི་ཟླ་༩ ནས་བཟུང་ལས་དོན་རུ་ཁག་མང་པོ་སྔ་ཕྱིར་དགོན་པའི་ནང་ཡོང་ནས། ༧གོང་ས་མཆོག་ལ་མཚན་སྨད་བྱེད་དགོས་པའི་བཙན་བཀའ་བཏང་ཡང་། བཙུན་མ་རྣམས་ཀྱིས་ཁ་གཅིག་གྲགས་ཀྱིས་ཁས་ལེན་མ་བྱས་པས། དགོན་པར་བཅའ་སྡོད་ལས་བྱེད་ཚོས་ཞིབ་བཤེར་བྱས་ཏེ། ཐོ་དེབ་ནང་མ་འཁོད་པའི་དགོན་པའི་བཙུན་མ་ ༢༦ ཙམ་བཙན་གྱིས་ཕྱིར་འབུད་བཏང་ཡོད་སྟབས། བཙུན་མ་ཁག་ཅིག་ཆགས་ས་བརྟེན་ས་མེད་པ་གྱུར་ཏེ་དཀའ་སྡུག་དང་ངུ་འབོད་འོག་གནས་དགོས་བྱུང་ཡོད་འདུག

བྱ་མདའ་དགོན་པ་ནི་དགེ་ལུགས་པའི་བཙུན་མའི་དགོན་སྡེ་ཞིག་ཡིན་པ་དང་། འཛིན་རིམ་དགུ་པ་བར་སློབ་སྦྱོང་གི་མཐུན་རྐྱེན་སྤྲོད་ཀྱིན་ཡོད་སྟབས། རྒྱུན་དུ་བན་དཀར་ཡུལ་ཚོའི་བཙུན་མ་དང་། ཉེ་འཁོར་གྱི་རྒྱལ་སྟོན། ཁྲི་རྡོ། ནགས་ཤོད། སོག་རྫོང་བཅས་ཀྱི་བཙུན་མ་མང་པོ་དགོན་པ་དེར་འོང་སྟེ་སློབ་གཉེར་བྱེད་བཞིན་ཡོད་པ་མ་ཟད། མདོ་དབུས་ཁམས་གསུམ་གང་ས་ནས་བཙུན་མ་མང་པོ་དགོན་པ་དེ་གར་སློབ་གཉེར་ཆེད་ཡོང་བཞིན་ཡོད་འདུག

བྱ་མདའ་དགོན་དཔལ་ལྡན་མཁའ་སྤྱོད་གླིང་ནི། ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་སྲས་དྲུང་ཆེན་བསོད་ནམས་དོན་གྲུབ་ལགས་ཀྱིས། ཕྱི་ལོ་ ༡༤༨༨ ལོར་ཕྱག་བཏབ་པ་ཞིག་ཡིན་ལ། ཐོག་མར་བཀའ་བརྒྱུད་པའི་དགོན་པ་ཡིན་པ་དང་། ཕྱིས་སུ་སྟག་ཕུ་མཐུ་ཆེན་བློ་བཟང་འཇམ་དཔལ་གྱིས་དགེ་ལྡན་པའི་དགོན་པར་བསྒྱུར་ཡོད་འདུག རིག་གསར་སྐབས་བོད་སྤྱིའི་དགོན་སྡེ་ལྟར་གོད་ཆག་བྱུང་ཡང་། རྗེས་སུ་ཕྱི་ལོ་ ༡༩༨༤ ལོ་ཙམ་ནས་བཙུན་མ་ཆོས་འཛོམས་ཀྱིས་གཙོས་བཙུན་མ་དག་གི་ཉམས་གསོ་བྱས་ཡོད་འདུག