16/12/2019

རྒྱ་གཞུང་གིས་བོད་སྐད་ཡིག་ཐོག་འཛིན་པའི་དབང་སྒྱུར་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པའི་ཉེས་འཛུགས་འོག་དགེ་འདུན་པ་ཞིག་བཀག་ཉར་གྱིས་མནར་གཅོད་གཏོང་བའི་ཉེན་ཁར་འཕྲད་ཡོད།

  •   
  •  
  •  
  •  
  •  
  •  
  •  
བསོད་ནམས་དཔལ་ལྡན།

འདི་ལོའི་ཕྱི་ཟླ་༩ བ་ནས་བཟུང་རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆིང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་ཞིག་བཀག་ཉར་གྱིས་ནང་མིར་ཐུག་འཕྲད་བྱེད་མ་བཅུག་པར་མུ་མཐུད་བཀར་ཉག་བྱས་ཡོད་པ་དང་། འདི་ག་ལྟེ་གནས་ཁང་གི་ངོས་ནས། དགེ་འདུན་པ་ཁོང་གི་ལུས་སེམས་ཀྱི་འཕྲོད་བསྟེན་བདེ་ཐང་ཐད་ལ་སེམས་འཚབ་བྱེད་ཀྱི་ཡོད།

རང་ལོ་༢༢ ཡིན་པའི་དགེ་འདུན་པ་བསོད་ནམས་དཔལ་ལྡན་ཕྱི་ཟླ་༩ ཚེས་༡༩ ཉིན་གྱི་ཕྱི་དྲོར་རྔ་བ་རྫོང་ཐོག་གི་གཟུགས་པོ་འཁྲུད་ས་ཞིག་གི་ཕྱི་ལོགས་ནས་འཇུ་བཟུང་གིས་བཀག་ཉར་བྱས་ཡོད་པ་དང་། དེ་ཡང་ཁོང་གིས་གཟུགས་པོ་བཀྲུས་ཚར་ནས་ཁྲུས་ཁང་གི་ཕྱི་ལོགས་ལ་ཐོན་སྐབས། སྤྱི་བདེ་མི་སྣས་ཁོང་བཙན་ཁྲིད་བྱས་ཡོད་པ་རེད།

གནས་ཚུལ་རྒྱུས་ལོན་ལྟར་ན། དགེ་འདུན་པ་བསོད་ནམས་དཔལ་ལྡན་གྱིས་ཁོང་གི་འཕྲིན་ཕྲན་རྒྱབ་ལྗོངས་སུ་རྒྱ་གཞུང་གིས་བོད་སྐད་ཡིག་ཐོག་འཛིན་པའི་དབང་སྒྱུར་སྲིད་ཇུས་སྐོར་གྱི་རྩོམ་ཐུང་ཞིག་སྤེལ་བར་བརྟེན་ནས། རྒྱ་གཞུང་གིས་ཁོང་འཇུ་བཟུང་བཀག་ཉར་བྱས་པ་ཡིན་འདུག ཕྱི་ཟླ་༩ ཚེས་༡༨ ཡས་མས་ཤིག་ལ་ཁོང་གིས་རང་ཉིད་ཀྱི་འཕྲིན་ཕྲན་སྟེང་རྩོམ་ཐུང་ཞིག་སྤེལ་ཏེ། རྒྱ་གཞུང་གིས་སྤྱི་སྐད་ཟེར་བའི་མིང་བྱང་འོག་ཏུ་རྒྱ་ཡིག་རྒྱ་སྐད་གཙོ་གནད་དུ་འཛིན་པའི་སྲིད་ཇུས་འོག བོད་སྐད་ཡིག་གི་ཡིད་སྐྱོ་བའི་གནས་བབ་དང་གནས་སྟངས་དངོས་བརྗོད་ཡོད་པ་རེད། ཕ་སྐད་ལགས་ཞེས་པའི་རྩོམ་ཐུང་དེ་དང་མཉམ་དུ་རྒྱ་ནག་ནང་བཀག་སྡོམ་བྱས་པའི་བོད་ཀྱི་རྒྱལ་དར་ཞིག་སྤེལ་ཡོད་པ་དང་། རྩོམ་ཐུང་དེ་ཕལ་ཆེར་ཁོང་གིས་འཕྲིན་ཕྲན་རྒྱབ་ལྗོངས་ལ་སྤེལ་བའི་རྩོམ་ཡིག་མཐའ་མ་དེ་ཆགས་ཡོད་འདུག

བསོད་ནམས་དཔལ་ལྡན་གྱི་འཕྲིན་ཕྲན་སྟེང་གི་རྩོམ་ཐུང་ཞིག

གནས་ཚུལ་ལྟར་ན། དགེ་འདུན་པ་བསོད་ནམས་དཔལ་ལྡན་གྱིས་རང་ཉིད་ཀྱི་འཕྲིན་ཕྲན་ནང་རྩོམ་ཡིག་འབྲི་ཡི་ཡོད་སྟབས། དེ་སྔོན་ནས་སྤྱི་བདེ་མི་སྣས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་འདུག དགེ་འདུན་པ་ཁོང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཡོད་པ་དང་། ཕ་ཡུལ་རྔ་བ་རྫོང་གཅའ་ཡུལ་ཚོ་ནག་ཚང་མའི་སྡེ་བ་ནས་ཡིན་ཞིང་འཚོ་ཐབས་གཙོ་བོ་འབྲོག་ལས་ཡིན་པ་དང་། ཁོང་གི་མ་མིང་ལ་སྐལ་ཁོ་ཞུ་བ་རེད།

འདི་ག་ལྟེ་གནས་ཁང་ནས། དགེ་འདུན་པ་བསོད་ནམས་དཔལ་ལྡན་ད་ཆར་རྔ་བ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད། ཕྱི་ཟླ་༡༠ དང་༡༡ ནང་ཁོང་གི་ནང་མི་ཚོ་སྔ་གཞུག་ཐེངས་གཉིས་ལ་ཐུག་འཕྲད་དུ་བཅར་ཡང་། བཀག་ཉར་ཁང་གི་དབང་འཛིན་པ་ཚོས་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པར་མ་ཟད། ནང་མི་ཚོར་ཁོང་ལ་དངུལ་མ་གཏོགས་ཟ་མ་དང་གོན་པ་གང་ཡང་སྤྲད་མི་ཆོག་པར་བཤད་འདུག

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་བསོད་ནམས་དཔལ་ལྡན་ནང་མིར་ཐུག་འཕྲད་བྱེད་དུ་མ་བཅུག་པར་དུས་ཡུན་རིང་བོར་བཀག་ཉར་གྱིས། གསང་བའི་ཐོག་ནས་བཀག་ཉར་ཁང་དུ་ཁོང་ལ་སྡུག་སྦྱོང་མནར་གཅོད་གཏོང་བར་བློ་འཚབ་བྱེད་ཀྱི་ཡོད་ལ། འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པར་ཁོང་མྱུར་དུ་གློད་དགོས་པ་མ་ཟད། ཁོང་ལ་དུ་ཐོག་འཕྲོད་བསྟེན་ལྟ་སྐྱོང་བྱེད་དགོས་པ་དང་། དུས་ཐོག་ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་བཅུག་ནས་ཁོང་གི་བདེ་ཐང་ལ་ཁག་ཐེག་དང་དངོས་ཡོད་གནས་སྟངས་ཤེས་རྟོགས་བྱེད་དུ་འཇུག་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད།

གསང་བའི་ཐོག་ནས་བསོད་ནམས་དཔལ་ལྡན་བཀག་ཉར་བྱས་པ་དེ་ནི། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ནང་། སྤྱི་མང་ཚང་མིའི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་ཁས་ལེན་ཁག་ཐེག་བྱས་པའི་འོས་འགན་ཁག་རྩིས་མེད་རྡོག་རོལ་བཏང་བ་རེད། བསོད་ནམས་དཔལ་ལྡན་ལ་དངོས་ཡོད་གནད་དོན་ཐད་ལ་གྲོས་མོལ་དང་འབོད་སྐུལ། ཐེར་འདོན་དང་མངོན་འདོད་བརྗོད་པ། རང་དབང་གི་སྒོ་ནས་སོ་སོའི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བཅས་ཀྱི་བསམ་བརྗོད་རང་དབང་གི་ཐོབ་ཐང་ཡོད། རྒྱལ་ཁབ་ཀྱི་སྤྱི་མང་ཚང་མར་བསམ་བློའི་རང་དབང་གི་ཐོབ་ཐང་ཁག་བསྙོན་མེད་དུ་ཡོད་པ་དང་། རྒྱལ་ཁབ་སུ་ཡིན་ཡང་སྤྱི་མང་གི་རང་དབང་ཐོབ་ཐང་ལོངས་སུ་སྤྱོད་པར་ཉེས་འཛུགས་དང་དམ་དྲག་བྱས་མི་ཆོག དེར་མ་ཟད། ཚོགས་སྒེར་གང་ཡིན་ཡང་དེ་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་པར་མ་ཟད། གནས་ཚུལ་འཚོལ་བསྡུའི་ཐོབ་ཐང་དང་ཕ་རོལ་བོའི་བསམ་བརྗོད་ལ་འཇུག་པའི་རང་དབང་ཐོབ་ཐང་ཡོད།