14/07/2020

རྒྱ་གཞུང་གིས་བོད་རིགས་ཁེ་ལས་བར་དབྱེ་འབྱེད་ཀྱི་བཅད་ཁྲ་བཏང་བར་བསྐྱར་ཞིབ་ཀྱིས་དྲང་བདེན་མིན་པའི་བཙོན་འཇུག་ལས་གློད་གྲོལ་གཏོང་དགོས། 

  •   
  •  
  •  
  •  
  •  
  •  
  •  
འདྲ་པར། ཨ་རིའི་རླུང་འཕྲིན་ཁང་།

འདི་ག་ལྟེ་གནས་ཁང་གི་ངོ་ནས། རྒྱ་གཞུང་གིས་ད་ལྟ་ཚེ་བཙོན་གྱི་བཀག་བསྐྱིལ་འོག་བཅུག་པའི་བོད་རིགས་ཁེ་ལས་བ་རྡོ་རྗེ་བཀྲ་ཤིས་མྱུར་དུ་གློལ་གྲོད་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། ཕྱི་ལོ་༢༠༠༨ ཟླ་༧ ཚེས་༡༠ ཉིན་ནས་བཟུང་རྒྱ་གཞུང་གིས་ཁོང་བོད་རང་སྐྱོང་ལྗོངས་སུ་འབོད་པའི་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་གྱི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད།

ཕྱི་ལོ་༢༠༡༠ ཟླ་༦ ཚེས་༢༦ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྡོ་རྗེ་བཀྲ་ཤིས་ལ་དངུལ་བུན་གཡོ་ལེན་བྱས་པའི་ཉེས་འཛུགས་འོག་ཏུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་། འདས་པའི་མི་ལོ་བཅུ་ཕྲག་གཅིག་གི་རྗེས་སུ། རྒྱ་གཞུང་གིས་ཁོང་ལ་བཀལ་བའི་ཉེས་འཛུགས་ཀྱི་ཁྲིམས་ཆད་དེ་ནི་དྲང་བདེན་མིན་པ་དང་ནོར་ཁྲལ་ཡོད་པས་བསྐྱར་དུ་ཁྲིམས་གཏུག་ཐེངས་གཉིས་པ་བྱས་ཡོད།

ཕྱི་ལོ་༢༠༡༨ ཟླ་༡༠ ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནང་རྟེན་གཞི་བྱས་པའི་ཀྲུན་ཞིན་ཁྲིམས་རྩོལ་པའི་ལས་གཉེར་ཁང་(Zheng Xin Law Firm)གི་ཉེས་ཁྲིམས་ཆེད་མཁས་པས། རྡོ་རྗེ་བཀྲ་ཤིས་ཀྱིས་དེ་སྔོན་མ་རྐང་འབོར་ཆེན་འཇོག་ས་ཆེན་སང་ཡུན་(Qin Sangyuan)ཚོང་གཉེར་ཁང་གི་མ་དངུལ་དེ་ཁོ་རང་སྒེར་གྱི་ཁེ་ལས་ཐད་ལ་བེད་སྤྱད་བཏང་བ་མ་གཏོགས། ཁོང་གིས་དངུལ་བུན་གཡོ་ལེན་བྱས་ཟེར་བ་དེ་ཁུངས་མེད་གཡོ་རྫུ་འབའ་ཞིག་ཡིན་པའི་བསམ་འཆར་བཏོན་པ་དང་། རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་གྱི་ཉེས་པ་མེད་པའི་བསམ་འཆར་འདོན་མཁན་རྣམས་ནི། རྒྱ་ནག་ཆིན་ཧྭ་སློབ་ཆེན་གྱི་ཁྲིམས་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་ཀྲུའུ་ཀུང་ཆུན་(Zhouguang Quan) དང་ལེ་ཧོང་(Li Hong)། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་ཉེས་དོན་ཁྲིམས་འཛིན་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་ཀྲང་ལེན་(Zhang ling)དང་རུན་ཆི་ལེན་(Ruanqi lin)། དེ་བཞིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཁྲིམས་ར་ལྔ་བའི་ཁྲིམས་དཔོན་ཟུར་བ་ཀོའུ་ཀེ་ཅིན་(Gaogui jun) དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཞུང་ཕྱོགས་ཞུ་སྦྱོར་ཐིན་གྱི་ཐིན་ཀྲང་ཟུར་བ་ཕིན་ཏོང་(Peng Dong)བཅས་ཡིན་པ་དང་། ཁོང་ཚོས་ཁྲིམས་རྩོད་པའི་ལས་གཉེར་ཁང་གིས་རེ་ཞུས་ལྟར། རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་ཐད་ལ་ཞིབ་འཇུག་གིས་བསམ་འཆར་བཏོན་ཡོད།

ཉེས་ཁྲིམས་ཆེད་མཁས་པ་དེ་དག་གིས། རྡོ་རྗེ་བཀྲ་ཤིས་ཀྱིས་དངུལ་བུན་གཡོ་ལེན་བྱས་པའི་བདེན་དཔང་ཅི་ཡང་མེད་ཁར། ཁོང་གི་ཉེས་ཆད་དེ་ནི་དྲང་བདེན་མིན་པ་དང་ནག་མེད་ཉེས་འཛུགས་བྱས་འདུག་པས་བསྐྱར་ཞིབ་བྱེད་དགོས་པའི་ཞུ་འབོད་ཞུས་པ་དང་། རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་གྱི་བཅད་ཁྲ་གཏོང་མཁན་ཁྲིམས་ཁང་དེས་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་གཅིག་མཚུངས་ཀྱི་གྱོད་དོན་གཞན་ཞིག་ཐག་གཅོད་བྱས་པ་དང་བསྡུར་ན། ཁྲིམས་ཁང་གིས་རྡོ་རྗེ་བཀྲ་ཤིས་ལ་དབྱེ་འབྱེད་ཀྱི་ཉེས་འཛུགས་བྱས་པ་ཧ་ཅང་གསལ་བོ་ཡིན་འདུག དེ་ཡང་ཕྱི་ལོ་༢༠༡༠ ལོར་དངུལ་བུན་གཡོ་ལེན་གྱི་གྱོད་དོན་ཐོག་ནས་རྒྱ་རིགས་ཚོང་པ་གཉིས་ལ་མི་ལོ་༡༥ ཡི་ཁྲིམས་ཆད་བཅད་ཅིང་། རྒྱ་རིགས་དེ་གཉིས་ཀྱིས་མ་དངུལ་སྒེར་སྤྱོད་བྱས་པའི་གྲངས་འབོར་ནི་རྒྱ་སྒོར་བྱེ་བ་ལྔ་དང་ས་ཡ་གསུམ་(5.3 million)ཟིན་པ་དང་། དེ་ནི་རྒྱ་གཞུང་གིས་བོད་ས་བཅད་བཟུང་ལྟར་བྱས་ན་བོད་རང་སྐྱོང་ལྗོངས་ནང་སྔར་བྱུང་མ་མྱོང་བའི་དངུལ་བུན་གཡོ་ལེན་གྱི་གྲངས་འབོར་མཐོ་ཤོས་དེ་ཆགས་ཀྱི་ཡོད་འདུག

ཉེས་ཁྲིམས་ཆེད་མཁས་པས། རྒྱ་རིགས་ཚོང་པ་གཉིས་ལ་རྡོ་རྗེ་བཀྲ་ཤིས་ལས་ཁྲིམས་ཆད་ཡང་བར་མ་ཟད་ཐ་ན་ད་ཆར་རྒྱ་རིགས་དེ་གཉིས་གློལ་གྲོད་ཡང་བཏང་བར་བརྗོད་འདུག རྒྱ་རིགས་གཉིས་ལ་ཁྲིམས་ཐག་མ་བཅད་པའི་ཟླ་༥ ཡི་སྔོན་ལ་རྡོ་རྗེ་བཀྲ་ཤིས་ལ་ཁྲིམས་ཐག་བཅད་ཟིན་པ་དང་། སྔ་རྗེས་ཀྱི་གྱོད་དོན་དེ་གཉིས་ཀྱི་འདྲི་གཅོད་པ་ཆེན་མོ་ཡང་ཐེན་ཡེ་(Yang Tingyi)དང་འདྲི་གཅོད་པའི་ལས་ཚབ་ལེ་རུའུ་ཧོང་(Li Ruihong)གཉིས་དང་། དེ་བཞིན་དུ་ཁྲིམས་ཁང་དང་བཅས་པ་གཅིག་པ་ཡིན་ནའང་། གྱོད་དོན་གྱི་བཅད་ཁྲ་མི་འདྲ་བ་གཉིས་བཏང་ཡོད་པ་རེད།

ཉེས་ཁྲིམས་ཆེད་མཁས་པས་བརྗོད་རྒྱུར། “གྱོད་དོན་འདི་གཉིས་ལ་ས་དང་གནམ་གྱི་ཁྱད་པར་ཤོར་འདུག རྒྱ་རིགས་ཚོང་པ་གཉིས་ནས་ཀྱང་དངུལ་བུན་གཡོ་ལེན་གྱི་ཉེས་དོན་ཁས་ལེན་བྱས་མི་འདུག རྒྱ་རིགས་ཚོང་པ་གཉིས་ཀྱིས་དངུལ་བུན་གཡོ་ལེན་གྱི་གྲངས་ཚད་རྒྱ་སྒོར་བྱེ་བ་ལྔ་དང་ས་ཡ་གསུམ་(5.3 million)ཟིན་པ་དང་བསྡུར་ན། རྡོ་རྗེ་བཀྲ་ཤིས་ཀྱིས་སྒེར་གྱི་ཁེ་ལས་ཐད་ལ་བཏང་བའི་མ་དངུལ་གྱི་གྲངས་འབོར་རྒྱ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་(1.5 million)ཙམ་ལས་ཟིན་མེད་ཀྱང་། ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག་པས། འདི་ལྟ་བུའི་དབྱེ་འབྱེད་ཀྱི་ཉེས་ཆད་ལ་འགྲེལ་བཤད་ཅི་ལྟར་རྒྱག་གམ།”

ཉེས་ཁྲིམས་ཆེད་མཁས་པས། “གལ་ཏེ་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་ལ་ནོར་བཅོས་མ་བྱས་ཚེ། ཁོང་ལ་ཉེས་པ་མེད་པར་མི་ཚེ་གང་བོར་བཙོན་ཁང་དུ་འདུག་དགོས་བྱུང་ཡོད།” ཅེས་དང་། ཡང་ཁོང་ཚོས། “མཐའ་གཞུག་གྱོད་དོན་འདི་དྲང་བདེན་གྱིས་ཐག་གཅོད་ཐུབ་མིན་དེ། རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལས་ཁུངས་ནས་ཁྲིམས་ལྟར་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་གྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་དམ་ཚིག་ལ་ཉམས་ཚོད་ལེན་པ་ཞིག་ཀྱང་རེད།” ཞེས་བརྗོད་འདུག

王飞律师的信息

རིང་མིན་ཉེ་ཆར་ཀྲུན་ཞིན་ཁྲིམས་རྩོལ་པའི་ལས་གཉེར་ཁང་(Zheng Xin Law Firm)གི་རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་རྩོད་པ་ཝང་ཧྥེ་(Wang Fei)ཡིས་ཁོ་རང་གི་སྤྱི་ཚོགས་བརྒྱུད་ལམ་པོད་འཕྲིན་(Weibo)སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཁོང་གིས་བོད་ལྗོངས་ཁྲིམས་འཛིན་པུའུ་ལ། ཁོང་རྡོ་རྗེ་བཀྲ་ཤིས་ལ་ཐུག་འཕྲད་ཀྱི་རེ་བ་བཏོན་ཡང་བརྡ་ལེན་སྤྲད་མེད་འདུག ཁོང་གི་རེ་ཞུ་དེ་ཕྱི་ལོ་༢༠༡༩ ཟླ་༡༢ ཚེས་༢༣ བཏོན་པ་དང་། འདི་ལོའི་ཕྱི་ཟླ་༡ ཚེས་༢ ཉིན་ཁྲིམས་རྩོད་པ་ཝང་གིས་ཡང་བསྐྱར་རྡོ་རྗེ་བཀྲ་ཤིས་ལ་ཐུག་འཕྲད་ཀྱི་འགྲོ་ལུགས་ཡིག་ཆ་ཚང་མ་སྤྲད་ཡོད་པ་རེད། དེ་ལྟར་ཁྲིམས་ཀྱི་འགྲོ་ལུགས་ཆ་ཚང་བསྒྲུབས་པའི་སྒོ་ནས་རེ་ཞུ་ཞུས་ཡོད་ནའང། ཁྲིམས་འཛིན་པུའུ་ཡིས་ཁོང་རྡོ་རྗེ་བཀྲ་ཤིས་ལ་ཐུག་འཕྲད་ཀྱི་བཀོད་སྒྲིག་བྱས་མེད་པ་རེད། ཁྲིམས་རྩོད་པ་ཝང་གིས་བརྗོད་དོན་ལྟར་ན། བོད་ལྗོངས་ཁྲིམས་པུའུ་ཡིས་དུས་ཡུན་ཆུ་ཚོད་༤༨ རིང་ལ་ཁོང་རྡོ་རྗེ་བཀྲ་ཤིས་ལ་ཐུག་འཕྲད་ཀྱི་བཀོད་སྒྲིག་མ་བྱས་པ་ཡིན་ན། དེ་ནི་ཁྲིམས་རྩོད་པ་བཀག་ཉར་མི་སྣར་ཐུག་འཕྲད་ཀྱི་གཏན་འབེབས་དང་འགལ་ཏེ། ཁྲིམས་འཛིན་པུའུ་ཡིས་བཅའ་ཁྲིམས་བརྩིས་མེད་བརྡལ་བཤིག་བཏང་བ་གསལ་བོ་ཡིན་འདུག

ཁྲིམས་རྩོད་པ་ཝང་གིས། བོད་ལྗོངས་ཁྲིམས་འཛིན་ལས་ཁུངས་དང་། པེ་ཅིན་ཁྲིམས་འཛིན་ལྷན་ཁང་། བོད་ལྗོངས་ཞིབ་དཔྱོད་ཁང་དང་ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་བཅས་ལ་རེ་ཞུ་ཞུས་ནས་ཉིན་ཁ་ཤས་རྗེས་ཏེ། འདི་ལོའི་ཕྱི་ཟླ་༡ ཚེས་༦ ཉིན་གཞི་ནས་རྡོ་རྗེ་བཀྲ་ཤིས་ལ་ཐུག་ཏུ་བཅུག་འདུག

མི་ལོ་༦ གི་སྔོན་ལ་རྡོ་རྗེ་བཀྲ་ཤིས་ཀྱི་གྱོད་དོན་དེ་གོང་ཞུ་བྱས་ཀྱང་འདས་པའི་ལོ་ངོ་དྲུག་དེའི་རིང་ལ་བརྡ་ལན་ཅི་ཡང་སྤྲོད་མེད་པ་དང་། ན་ནིང་ཕྱི་ཟླ་༨ ནང་ཞུ་གཏུག་བྱས་པར། ཁྲིམས་འཛིན་དཔོན་རིགས་ཚོས་གྱོད་དོན་དེ་ལ་བསྐྱར་ཞིབ་བྱེད་ཀྱིན་ཡོད་རབས་བཤད་ཀྱང་། ཕྱི་ཟླ་༡༡ ནང་བསྐྱར་དུ་ཞུ་གཏུག་བྱས་སྐབས། ཁོ་ཚོས་རྡོ་རྗེ་བཀྲ་ཤིས་ཀྱི་ཞུ་གཏུག་ཐོག་མ་དེ་ལ་ངོས་ལེན་མེད་ལུགས་བཤད་འདུག

ཕྱི་ལོ་༢༠༡༠ ལོར་རྡོ་རྗེ་བཀྲ་ཤིས་བཙོན་འཇུག་བྱས་རྗེས། བཙན་བྱོལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ཕྱི་ལོ་༢༠༠༨ ལོའི་བོད་ས་བྱིའི་ཞི་རྒོལ་ཆེན་མོའི་ནང་ཞུགས་མཁན་རྣམས་ལ་ལྐོག་ནས་མཐུན་འགྱུར་སྤྲད་པ་དང་བཙན་བྱོལ་གྱི་ཆབ་སྲིད་སྒྲིག་འཛུགས་ཁག་ལ་མ་དངུལ་གྱི་རོགས་སྐྱོར་བྱས་པའི་དོགས་གཞིའི་འོག་ཏུ། རྒྱ་གཞུང་གིས་རྡོ་རྗེ་བཀྲ་ཤིས་བཙོན་འཇུག་བྱས་པ་དང་། ཁོང་དང་ལྷན་དུ་ཁོང་གི་གཅུང་པོ་རྡོ་རྗེ་ཚེ་བརྟན་དང་གདུགས་དཀར་ཚེ་རིང་། ཚུལ་ཁྲིམས་བཅས་འཛིན་བཟུང་གིས། རྡོ་རྗེ་ཚེ་བརྟན་ལ་མི་ལོ་༦ དང་གདུགས་དཀར་ཚེ་རིང་ལ་མི་ལོ་༥ དང་ཚུལ་ཁྲིམས་ལ་མི་ལོ་༢ ཀྱི་ཁྲིམས་ཐག་བཅད་པ་དང་། རྒྱ་གཞུང་གིས་རྡོ་རྗེ་བཀྲ་ཤིས་ཀྱི་རྒྱུ་ནོར་རྒྱ་སྒོར་ས་ཡ་༥༣༠ དང་ལྷ་སའི་གཡག་མགྲོན་ཁང་དང་གཞིས་རྩེར་ཡོད་པའི་མགྲོན་ཁང་བཅས་གཞུང་བཞེས་བཏང་བ། ཁོང་གི་ནང་མི་ཚོ་ཁྲིམས་རར་མཉམ་ཞུགས་བྱེད་དུ་མ་བཅུག་པར་གསང་བའི་ཐོག་ནས་ཁོང་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་ཡོད།

འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས། “ཧ་ལམ་འདས་པའི་མི་ལོ་༡༢ རིང་ལ་རྒྱ་གཞུང་གིས་རྡོ་རྗེ་བཀྲ་ཤིས་དང་ཁོང་གི་ནང་མི་ཚོར་དྲང་བདེན་མིན་པའི་མནར་སྡུག་བཏང་བ་དེས། དམར་ཤོག་སྲིད་གཞུང་གི་དྲང་བདེན་མིན་པ་དང་དབྱེ་འབྱེད་ཀྱི་ཉེས་ཁྲིམས། དབང་སྒྱུར་སྲིད་ཇུས་ཁག་ཁྱབ་ཆེར་བཏང་བ་དང་། དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིམས་མེད་རྡོག་རོལ་གཏོང་བཞིན་པ་གསལ་སྟོན་བྱས་ཡོད།” ཅེས་དང་། ཡང་ཁོང་མོས། “རྒྱ་གཞུང་གིས་དྲང་བདེན་མིན་པའི་བཅད་ཁྲ་འདི་ལ་བསྐྱར་ཞིབ་ཀྱིས། ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་རྡོ་རྗེ་བཀྲ་ཤིས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ཅིང་། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་དང་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་ལ། དེ་ནི་མི་རིགས་འདྲ་མཉམ་དང་དབྱེ་འབྱེད་མེད་པའི་རྨང་རྡོ་ཡིན་པར་མ་ཟད། རྩ་འཛིན་འདི་ནི་ཁྲིམས་ཀྱི་དབང་སྒྱུར་ཚུགས་པའི་སྒྲོམ་གཞི་ཡང་ཡིན།” ཅེས་བརྗོད་ཡོད།