12/11/2019

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་ནག་གཤེད་སྟོབས་ཤུགས་དང་ཏཱ་ལའི་རུ་ཚོགས་ལ་ཆེད་དོན་འཐབ་རྩོད་ཇེ་དྲག་ཏུ་གཏོང་དགོས་ཟེར།

  •   
  •  
  •  
  •  
  •  
  •  
  •  

ཕྱི་ཟླ་༧ ཚེས་༦ ཉིན་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཟེར་བས། བོད་རང་སྐྱོང་ལྗོངས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པའི་གནས་ཚུལ་ཚུར་ལན་སློག་པའི་ཚོགས་འདུ་ལྷ་སར་བསྡུས་པ་དང་། སྐབས་དེའི་ཞིབ་བཤེར་ཚོགས་ཆུང་གི་འགོ་གཙོ་ཀྲུའུ་ཝེ་ཆུན་གྱིས། བོད་ཀྱི་དམིགས་བསལ་ལྗོངས་བབ་དང་ཟུང་འབྲེལ་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་དང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་དགོས་ལུགས་བཤད་ཅིང་། གནས་ཚུལ་དེ་ཀྲུང་གོའི་བོད་ལྗོངས་ཟེར་བའི་དྲ་ཚིགས་སྟེང་སྤེལ་འདུག

དེ་ནི་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཟེར་བས་ཧ་ལམ་དུས་ཡུན་ཟླ་གཅིག་མ་ཟིན་ཙམ་རིང་བོད་རང་སྐྱོང་ལྗོངས་ནང་ཞིབ་བཤེར་བྱས་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་དང་འབྲེལ་ཏེ། ཀྲུའུ་ཝེ་ཆུན་གྱིས་བོད་རང་སྐྱོང་ལྗོངས་ནང་ད་དུང་ལྷོད་གཡེངས་སྣང་མེད་བཏང་བ་དང་ཕན་འབྲས་མ་ཐོན་པའི་གནད་དོན་མང་པོ་ཞིག་ངེས་པར་དུ་གཙང་སེལ་དགོས་པའི་སྐོར་ལ་དག་ཐེར་བསམ་འཆར་དྲུག་བཏོན་པའི་གྲས་ཀྱི་གཅིག་རེད།

ཕྱི་ལོ་༢༠༡༨ ཟླ་༡ ནས་བཟུང་དུས་ཡུན་ལོ་ངོ་གསུམ་རིང་རྒྱ་ནག་རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟེར་བ་སྤེལ་འགོ་བཙུགས་པའི་རྐྱེན་གྱིས། འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྡལ་བཤིག་རྡོག་རོལ་བཏང་བ་དང་། དེ་ཡང་རྒྱ་གཞུང་གིས་ཁ་བྲལ་རིང་ལུགས་ནི་ནག་གཤེད་ཆེན་པོ་གསུམ་ཟེར་བའི་གྲས་ཀྱི་གཅིག་ཡིན་པས་ངེས་པར་དུ་རྩ་མེད་གཏོང་དགོས་པའི་འདུ་ཤེས་བཟུང་ཡོད། རྒྱུ་རྐྱེན་ཕྲ་ལ་ཕྲན་བུར་བརྟེན་ནས་རྒྱ་གཞུང་གིས་ཁ་བྲལ་ལས་འགུལ་གྱི་མིང་ཐོག་ནས་བོད་མི་ཚོ་མུ་མཐུད་དུ་བཀག་བསྐྱིལ་བྱེད་པ་དང་མནར་གཅོད་གཏོང་མུས་ཡིན་པ་རེད། དེ་ཡང་ཚང་མས་ཤེས་གསལ་གྱི་དཔེ་མཚོན་ཞིག་ནི། བོད་སྐད་ཡིག་སློབ་གསོ་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བྱས་པའི་ནག་ཉེས་བཙན་འགལ་གྱིས་མི་ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད། གོང་ཞུས་ཚོགས་འདུའི་ཐོག་ཀྲུའུ་ཝེ་ཆུན་གྱིས། རིམ་ཁག་འགོ་ཁྲིད་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་ནི་ཐད་ཀར་ཏང་ལ་ཡིད་རྟོན་བྱེད་པ་དང་། ཞི་ཅིན་ཕིན་གྱི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དེ་ཡིན་ཟེར།

ཁོས་ད་དུང་བོད་རང་སྐྱོང་ལྗོངས་ནང་མི་རིགས་འཆམ་མཐུན་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར། ཆབ་སྲིད་ཀྱི་ཚུགས་གནས་སྔར་བ་མཐོ་རུ་གཏོང་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་གཞི་རིམ་གྱི་སྲིད་དབང་རྨང་གཞི་བརྟན་དུ་གཏོང་བ། དམིགས་བསལ་ལྗོངས་བབ་གཞིར་བཟུང་ནས་ཁ་ཕྲལ་ལ་འཐབ་རྩོད་གཏིང་ཟབ་སྤེལ་བ། ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཟེར།

རྒྱལ་ཡོངས་དམངས་མི་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་དོན་ཅུའུ་ཟེར་བའི་འགོ་གཙོ་ཟུར་བ་ཀྲུའུ་ཝེ་ཆུན་གྱིས་ད་དུང་། ཆེད་དོན་འཐབ་རྩོད་ལག་བསྟར་ཁྲོད་ལྷག་པའི་གནད་དོན་ཆེ་ཤོས་ནི། ཞི་ཅིན་ཕིན་གྱི་འཐབ་ཇུས་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་མི་འདང་བ་དང་། ནག་སེལ་བཤེད་བཅོམ་འཐབ་ཇུས་བཀོད་སྒྲིག་གི་དོན་སྙིང་གལ་ཆེན་དང་ནང་དོན་ཟབ་མོར་གོ་བ་ལེན་ཚད་མི་འདང་བ། ཆེད་འཐབ་རྩོད་ཀྱི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུ་གནད་ལ་མི་འཁེལ་བ། ས་གནས་ཁག་དང་སྡེ་ཚན་ཁག་གི་ནག་སེལ་གཤེད་བཅོམ་ལས་དོན་སྤེལ་རྒྱུ་དོ་སྙོམ་མེད་པ།  ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་རྒྱབ་རྩ་གཏོར་བ། ཟ་ལམ་འགོག་པ་བཅས་ཀྱི་ཐད་སྔར་བཞིན་ལས་དོན་སྤེལ་ཤུགས་མི་འདང་བའི་གནད་དོན་འདུག་ཟེར།

ཁོས་མུ་མཐུད་དུ། ནག་སེལ་གཤེད་བཅོམ་གྱི་དོན་དོན་འཐབ་རྩོད་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟུང་འབྲེལ་དམ་ཟབ་བྱེད་ཤུགས་ད་རུང་འདང་གི་མི་འདུག་ཅེས་ཀྱང་ཟེར།

ཀྲུའུ་ཝེ་ཆུན་གྱིས་དག་ཐེར་བསམ་འཆར་དྲུག་བཏོན་པའི་ནང་དུ། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་རང་སྐྱོང་ལྗོངས་སུ་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ཚ་རླབས་གསར་པ་འཕྱུར་བར་བྱེད་དགོས་པས། རིམ་པ་ཁག་གི་ཏང་སྲིད་འགོ་ཁྲིད་ཚང་མས་ཀྲུང་དབྱང་གི་བཀོད་ཇུས་ལྟར། ཞི་ཅིན་ཕིན་གྱི་འཐབ་ཇུས་དང་མཆན་བཀོད་མཛུབ་སྟོན་སྐོར་གྱི་དགོངས་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། འཐབ་ཇུས་འབུར་ཐོན་དང་ཡོངས་ཁྱབ་རང་བཞིན་བྱས་ནས་བོད་རང་སྐྱོང་ལྗོངས་ནང་ལོགས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་ནང་དོན་དང་དེའི་གལ་ཆེའི་རང་བཞིན་བློ་ལ་བརྟན་པོར་ངེས་དགོས་པ་དང་། འབྲེལ་ཡོད་འགོ་ཁྲིད་ཚང་མས་ཕྱོགས་ཡོངས་ནས་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རང་འགུལ་གྱིས་ཆེད་དོན་འཐབ་རྩོད་ནང་ཞུས་ནས་ནག་ཚོགས་གཅིག་ཀྱང་ཐར་ས་སྐུང་ས་མེད་པ་བཟོ་དགོས་ཟེར། གཉིས་ནས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་ནག་གཤེད་ཀྱི་ཕྱོགས་གཏོགས་དང་སྤྱི་ཚོགས་ཟང་ཟིང་གི་སྣང་ཚུལ་ལ་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་དགོས་པ་དང་། དེ་ལ་རིམ་ཁག་ཏང་སྲིད་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་སོ་སོའི་འགན་འཁྲི་ལག་བསྟར་བྱེད་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་ཀྱིས་མཉམ་འབྲེལ་ཤུགས་ཆེར་གཏོང་བ་དང་། ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚན་པས་སོ་སོའི་འགན་འཁྲི་ཡིད་ལ་གསལ་བོར་ངེས་པ་བྱས་ནས། ནག་གཤེད་རྩ་གཏོར་གྱི་འགན་འཁྲི་དང་དེའི་གྲུས་འབྲས་འབུར་དུ་འཐོན་དགོས། གསུམ་ནས་གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་སྲིད་དབང་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། དེ་ཡང་གྲོང་ཚོ་དང་སྡེ་ཁུལ་གྱི་ཨུ་ལྷན་གཉིས་ཀྱི་འདེམས་བསྐོ་ཡག་པོ་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་བྱས་ནས་ཁ་ཕྲལ་སྟོབས་ཤུགས་ལ་དྲག་གནོན་བྱེད་པའི་དམག་འཐབ་བཙན་རྫོང་སྟོབས་ཆེར་གཏོང་དགོས། དེ་ལྟར་བྱས་ན་མང་ཚོགས་ཕྱུག་འགྱུར་ཡོང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་ཐུབ་ཟེར། བཞི་ནས་བོད་ཀྱི་དམིགས་བསལ་ལྗོངས་བབ་དང་ཟུང་འབྲེལ་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་དང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ། དྲུག་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚུར་ལན་གནས་ཚུལ་ལ་མཐོང་ཆེན་པོ་བྱས་ནས་དག་ཐེར་གྱི་ལས་དོན་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། དེ་ཡང་བོད་རང་སྐྱོང་ཏང་སྲིད་རིམ་ཁག་ནས་ཀྲང་དབྱང་གི་གཏན་འབེབས་བཀོད་ཇུས་ཁག་གཞིར་བཟུང་སྟེ་ངེས་པར་དུ་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་དོན་འཁྱོལ་ཡོང་བ་བྱེད་དགོས་ཟེར།

ཀྲུའུ་ཝེ་ཆུན་གྱི་གླེང་བྱ་ཚང་མར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝུའུ་དབྱང་ཅེས་༼སྐབས་དེར་ཁོ་རང་དམར་ཤོག་དྲུང་ཆེ་གཞོན་པ་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་གཞོན་པ་ཆེ་དགྲ་ལྷ་དང་མཉམ་དུ་ཡོད་པ་རེད།༽བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཅུང་གིས་བཏོན་པའི་དག་ཐེར་གྱི་བླང་བྱ་དང་བསམ་འཆར་ཁག་རེ་རེ་བཞིན་ལག་ལེན་བསྟར་རྒྱུ་ཡིན་ཟེར། ཝུའུ་དབྱང་ཅེས། ཆེད་དོན་འཐབ་རྩོད་སྤེལ་ནས་ནག་ཚོགས་རྩ་མེད་བཟོ་རྒྱུ་ནི་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་མང་ཚོགས་ཀྱི་ཡིད་རྟོན་སྲ་བརྟན། ཆབ་སྲིད་ཀྱི་སྟོབས་ཤུགས་དང་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས། མེས་རྒྱལ་གོང་བུ་གཅིག་གྱུར་བཅས་ལ་འབྲེལ་བ་ཡོད་པས། རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་ཚང་མས་ངེས་པར་དུ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱས་ཏེ། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་ཟེར།

ཀྲུུའུ་ཝེ་ཆུན་གྱིས་སྣེ་ཁྲིད་པའི་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཟེར་བ་དེ་འདི་ལོའི་ཕྱི་ཟླ་༦ ཚེས་༡༠ ནས་༧ ཚེས་༢ བར་བོད་རང་སྐྱོང་ལྗོངས་ནང་བཅའ་སྡོད་རིང་། གྲོང་ཁྱེར་དང་ས་ཁུལ་ཁག་༧ ལ་ཞིབ་བཤེར་བྱས་པ་དང་། དེའི་ནང་དུ་གྲོང་ཁྱེར་དང་རྫོང་༡༠༧ གྱི་ལས་རིགས་སྡེ་ཁག་དང་། ཤང་གྲོང་དང་ཁྲོམ་གཞུང་༥༧ དང་གྲོང་གསེབ་ཀྱི་སྡེ་ཁུལ་༦༡ ཚུད་ཡོད་པ་རེད།

གོང་ཞུས་གནས་ཚུལ་གྱི་དཔྱད་གཞིའི་ཡིག་ཆ་ཁག་འབྲེལ་ཐག་འདི་བརྒྱུད་ནས་ལྟ་ཀློག་བྱེད་ཐུབ།