28/09/2020

རྒྱ་གཞུང་གིས་བོད་མིའི་རང་བསྲེགས་བདེན་དཔང་ནག་བསུབ་གཏོང་ཐབས་བྱེད་ཀྱིན་འདུག

  •   
  •  
  •  
  •  
  •  
  •  
  •  
རང་ལུས་མེར་བསྲེག་གིས་འདས་གྲོངས་ཕྱིན་པའི་བོད་རིགས་བུད་མེད་བསོད་ནམས་འཚོ་ལགས།
རང་ལུས་མེར་བསྲེག་གིས་འདས་གྲོངས་ཕྱིན་པའི་བོད་རིགས་བུད་མེད་བསོད་ནམས་འཚོ་ལགས།

བོད་མདོ་སྨད་མཛོད་དགེ་ཨ་སྐྱིད་སེ་ར་དགོན་པའི་གླིང་སྐོར་དུ། བོད་རིགས་བུད་མེད་བསོད་ནམས་འཚོ་ཡིས་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་འདས་གྲོངས་ཡོད་འདུག ཡིན་ནའང་། རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱས་ཡོད་སྟབས་ད་ལྟའི་བར་དུ་གནས་ཚུལ་ཕྱི་ལོག་ཏུ་ཐོན་ཐུབ་མེད་པ་རེད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པའི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ དང་ཕྱེད་ཀ་ཙམ་གྱི་སྟེང་། ཁོ་མོའི་ཁྱོ་ག་སྐལ་བཟང་རྒྱ་མཚོ་དང་ཁོ་མོ་གཉིས་མཉམ་དུ་དགོན་པའི་གླིང་སྐོར་ལ་སྐོར་བར་བསྐྱོད་བཞིན་པའི་སྐབས། ཁོ་མོས་རང་ཉིད་ཀྱི་ཁྱོ་ག་ལ་ཁྱེད་རང་སྔོན་དུ་ག་ལེར་སོང་དང་། ང་རང་འཁོར་ཁང་དུ་གཅིག་སོང་ནས་ཡོང་དགོས་ཞེས་ལབ་ཡོད་པ་དང་། དེ་ནས་དུས་ཡུན་སྐར་མ་ཁ་ཤས་ཀྱི་རྗེས་སུ་དགོན་པའི་གྲྭ་ཕྲུག་ཅིག་གིས་རང་ལུས་མེར་བསྲེགས་གནང་སོང་ཞེས་སྐད་ཅོར་བརྒྱབ་ཡོད་པ་དང་། སྐབས་དེར་ཁོ་མོའི་ཁྱོ་གས་ཕྱིར་མིག་ལྟ་དུས་ཁོང་མོས་རང་ལུས་མེར་བསྲེགས་གནང་བཞིན། བོད་ལ་རང་དབང་དགོས། ༧རྒྱལ་བ་ཡིད་བཞིན་ནོར་བུ་ཕྱིར་བོད་ལ་ཕེབས་དགོས། ཞེས་འབོད་ཚིག་སྒྲོག་བཞིན་རྒྱུགས་ཡོང་གིན་ཡོད་འདུག སྐབས་དེར་གྲྭ་ཕྲུག་དེ་དང་ཁྱོ་ག་སྐལ་བཟང་རྒྱ་མཚོ་གཉིས་ཁོང་མོའི་ལུས་སྟེང་གི་མེ་གསོད་ཐབས་བྱས་ཡོད་པ་དང་། དེ་རྗེས་དགོན་པ་དེར་ཡོད་པའི་སྤུན་མཆེད་དགེ་འདུན་པ་ཚུལ་ཁྲིམས་ལགས་ཀྱང་སླེབས་ཏེ་རོགས་རམ་གྱིས་རླངས་འཁོར་ཞིག་ནང་བཞག་སྟེ་དགོན་པའི་བླ་མའི་གཟིམ་ཆུང་དུ་ཁྱེར་ཡོང་ཡོད་པ་དང་། དེ་དུས་ཀྱང་ཁོང་མོས་གོང་གསལ་འབོད་ཚིག་དང་གསོལ་འདེབས་ཤུགས་དྲགས་གནང་ཡོད་འདུག དེ་རྗེས་དགོན་པའི་གཟིམ་ཁང་ནས་སྨན་ཁང་དུ་འཁྱེར་རྩིས་ཀྱིས་དགོན་འདབས་སུ་སླེབས་སྐབས་འདས་གྲོངས་ཕྱིན་ཡོད་འདུག

ཁོང་མོས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་དེ་ས་གནས་ཉེན་པས་ཤེས་རྟོག་བྱུང་སྟེ། ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པར་ཉེན་རྟོག་པ་རྣམས་སླེབས་ཏེ་ཁོང་མོའི་སྐུ་ཕུང་རྩིས་སྤྲོད་དགོས་སྐོར་བརྗོད་ཡོད་འདུག འོན་ཀྱང་། ནང་མི་རྣམས་ཀྱིས་ཁོང་མོའི་སྐུ་ཕུང་ཞུགས་འབུལ་བྱས་ཟིན་སྐོར་བརྗོད་ནས་ཉེན་རྟོག་པའི་ལག་ཏུ་ཤོར་མ་བཅུག་པར། ཉིན་དེར་དུད་ཁྲོད་དུ་ཁྱེར་ནས་བོད་པའི་ལུགས་སྲོལ་ལྟར་ཞུགས་འབུལ་བྱས་ཡོད་འདུག

ཡིན་ནའང་། ཉེན་རྟོག་པས་ཁོང་མོའི་སྤུན་མཆེད་དགེ་འདུན་པ་ཚུལ་ཁྲིམས་ལགས་འཇུ་བཟུང་བཙན་འཁྲིད་ཐོག ཉིན་ ༨ རིང་བཀག་ཉར་གྱིས་འདྲི་གཅོད་དང་། ཁོང་གི་ཁ་པར་ནང་ཡོད་པའི་འབྲེལ་ཡོད་པར་རིས་ཡོངས་རྫོགས་བསུབ་ཡོད་འདུག ད་དུང་། ཁོང་མོའི་ཁྱོ་གར་ཡང་ཐེངས་འགར་འདྲི་གཅོད་བྱས་ཡོད་འདུག

བསོད་ནམས་འཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་ཕྱིན་རྗེས། ད་ལྟའི་བར་དེའི་སྐོར་གྱི་གནས་ཚུལ་ཕྱི་ལོག་ཏུ་ཐོན་ཐུབ་མེད་པ་རེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་གཞུང་གིས་བོད་ནང་དམག་མི་མང་པོ་འགྲེམས་འཇོག་དང་། བརྙན་མིག་མང་པོ་གང་སར་བཙུགས་ཏེ་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་མཐའ་དག་ལ་དོགས་ཟོན་དང་བཀག་སྡོམ་ནན་མོ་བྱས་ཡོད་སྟབས། རང་ལུས་མེར་བསྲེགས་ཀྱིས་ཞི་རོགལ་གནང་མཁན་རྣམས་ཀྱིས་གཞན་གྱིས་མི་མཐོང་བའི་ཁུག་གྱོག་དེ་འདར་སོང་ནས་རང་ལུས་མེར་བསྲེགས་གནང་གི་ཡོད་སྟབས། མི་རྣམས་ཀྱིས་དུས་ཐོག་མཐོང་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་དང་། དེ་བཞིན། རྒྱ་གཞུང་གིས་བོད་མིའི་འགྲུལ་བཞུད་ལ་བཀག་སྡོམ་དང་། ཁ་པར་དང་དྲ་རྒྱ་སོགས་ལའང་ཞིབ་བཤེར་སྟངས་འཛིན་ནན་མོ་བྱེད་ཀྱིན་ཡོད་སྟབས། གནས་ཚུལ་རྣམས་ཡོངས་ཁྱབ་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པས་རེད།

བསོད་ནམས་འཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ། ཉིན་གྲངས་བཅུ་གྲངས་ལྷག་གི་རྗེས་སུ་མ་གཏོགས་ཕྱི་ལོག་ཏུ་ཤེས་རྟོགས་ཐུབ་མེད་པའི་གནས་སྟངས་འདི་ལས། བོད་ནང་དུ་རང་ལུས་མེར་བསྲེགས་བཏང་རྗེས་ཡོངས་གྲགས་ཤེས་རྟོགས་མ་ཐུབ་པར་ལྷག་མཁན་ཡོད་སྲིད་པ་མཚོན་ལ། དེ་བཞིན། རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བཀག་སྡོམ་ཤུགས་ཆེན་པོ་བྱེད་བཞིན་པ་གསལ་བོར་བསྟན་ཡོད།

རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་བོད་རིགས་བུད་མེད་བསོད་ནམས་འཚོ་ལགས་ནི། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་མདོ་ཚ་སྡེ་བ་ནས་ཡིན་པ་དང་། ད་ལོ་དགུང་ལོ་ ༥༠ ཙམ་ཡིན་འདུག ཁོང་མོར་བུ་གཉིས་དང་བུ་མོ་གསུམ་བཅས་བུ་ཕྲུག་ལྔ་ཡོད་པ་དང་། བུ་མོ་འབྲིང་བ་དེ་བཙུན་མ་ཡིན་འདུག

ད་ལྟའི་བར་ཡོངས་གྲགས་ཤེས་རྟོགས་བྱུང་བའི་གྲགས་འབོར་གཞིར་བཟུང་ལྟར་ན། བོད་ནང་དུ་རང་ལུས་མེར་བསྲེག་གནང་མཁན་ ༡༤༥ དང་། བཙན་བྱོལ་དུ་རང་ལུས་མེར་བསྲེག་གནང་མཁན་ ༨ ། བོད་མདོ་སྨད་མཛོད་དགེ་རྫོང་ཁོངས་སུ་ད་ལྟའི་བར་ཡོངས་གྲགས་ཤེས་རྟོགས་བྱུང་བའི་རང་ལུས་མེར་བསྲེག་གནང་མཁན་ ༨ བྱུང་ཡོད་པ་རེད།