28/09/2020

རྒྱ་གཞུང་གིས་བོད་མི་མང་ཚོགས་ལ་འཇིགས་སྐུལ་བཙན་དྲག་ཐོག་གནས་རིར་གཏེར་ཁ་བསྔོག་འཆར།

  •   
  •  
  •  
  •  
  •  
  •  
  •  

བོད་མདོ་སྨད་མཛོད་དགེ་འབྲིང་བ་ས་ཁུལ་གྱི་མང་ཚོགས་ཀྱིས་གནས་རི་ཨ་མྱེ་བྲག་རྫོང་དུ་གཏེར་ཁ་བསྔོག་རྒྱུར་ཞུ་འབོད་རོ་རྒོལ་པར། རྒྱ་གཞུང་གིས་བཙན་དྲག་འཇིགས་སྐུལ་གྱིས་མང་ཚོགས་ཀྱི་རེ་འདུན་ཡ་མེད་བཏང་ཐོག གཏེར་ལེན་ཚན་པས་གནས་རིའི་འདབས་སུ་གྲ་སྒྲིག་ཨང་གསར་གྱིས་གཏེར་ཁ་བསྔོག་རྩིས་བྱེད་བཞིན་ཡོད་འདུག

རྒྱ་གཞུང་གིས་ཡུ་རེ་ནི་ཡཱམ་དུག་རྫས་ཀྱི་གཏེར་ཁ་བསྔོག་འཆར་བྱེད་བཞིན་པའི་གནས་རི་བྲག་རྫོང་གི་ས་ཆའི་ཁོར་ཡུག་གི་འདྲ་པར།
རྒྱ་གཞུང་གིས་ཡུ་རེ་ནི་ཡཱམ་དུག་རྫས་ཀྱི་གཏེར་ཁ་བསྔོག་འཆར་བྱེད་བཞིན་པའི་གནས་རི་བྲག་རྫོང་གི་ས་ཆའི་ཁོར་ཡུག་གི་འདྲ་པར།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་༨ ཚེས་ ༡༠ ཉིན་བོད་མདོ་སྨད་མཛོད་དགེ་འབྲིང་བའི་ཡུལ་ཏེ། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་གནས་རི་བྲག་རྫོང་དུ། རྒྱ་གཞུང་གི་གཏེར་འདོན་ཚན་པ་ཞིག་གིས་བཙན་ཤེད་ཀྱིས་གཏེར་ཁ་སྔོག་རྩིས་བྱེད་བཞིན་ཡོད་ཅིང་། ས་གནས་མང་ཚོགས་ཀྱིས་གནས་རི་ཨ་མྱེ་བྲག་རྫོང་སྔོག་ན་ཡུལ་ལ་བཀྲ་མི་ཤིས་ཤིང་། འཁོར་ཡུག་ལ་གནོད་པ་ཆེ་བ་སོགས་ལ་བསམ་ནས་དེར་གཏེར་ཁ་བསྔོག་ན་མི་འགྲིག་ཚུལ་ནན་བརྗོད་བྱས་ཏེ། གནས་རི་བྲག་རྫོང་ལ་འགྲོ་སའི་ལམ་ཁར་མི་མང་འདུ་འཛོམས་ཐོག་ནུས་པ་གང་ཡོད་ཀྱི་སྒོ་ནས་གཏེར་རྐོ་པ་དག་བཀག་འགོག་བྱས་ཀྱང་། རྒྱ་གཞུང་གིས་གཏེར་བརྐོ་རུ་མ་བཅུག་ན་སྲིད་གཞུང་གིས་དམག་མི་གཏོང་རྒྱུ་ཡིན་ཚུལ་སོགས་མི་མང་ལ་འཇིགས་སྐུལ་དང་བཙན་ཤེད་བྱས་ཏེ། མང་ཚོགས་ཀྱི་གནས་རིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རེ་བ་དེ་རྩིས་མེད་རྡོག་རོལ་བཏང་མཐར། གཏེར་འདོན་ཚན་པ་དེས་ད་ལྟའི་ཆར་གནས་རི་བྲག་རྫོང་འདབ་ཏུ་གཏེར་ཁ་སྔོག་བྱེད་ཀྱི་འཕྲུལ་ཆས་མང་པོ་འོར་འདྲེན་བྱས་ཏེ། གཏེར་བསྔོག་འདོན་གྱི་གྲ་སྒྲིག་ཨང་གསར་གྱིས་གཏེར་བརྐོ་ལས་ཀ་འགོ་འཛུགས་ཆོག་ཆོག་བྱས་ཡོད་འདུག

གནས་རི་བྲག་རྫོང་ནི་ས་གནས་འབྲིང་བ་ཤོག་ཀ་སྤྱིའི་ཡུལ་ལྷར་མཆོད་བཀུར་བཞིན་པ་ཞིག་ཞིང་། རི་ངོས་སུ་གནས་མཇལ་ཞུ་ཡུལ་གྱི་བྲག་ཕུག་གཉིས་ཡོད་པ་དང་། ནམ་རྒྱུན་གནས་མཇལ་ཞུ་མཁན་ས་གནས་དད་ལྡན་མང་ཚོགས་རྒྱུན་ཆད་པར་ཡོང་གི་འདུག ས་གནས་མང་ཚོགས་ཀྱིས་ད་ལྟའི་བར་དུ་གནས་རི་དེ་རྩ་ཆེན་པོར་བརྩིས་ནས། རི་སྒང་དུ་ས་རྐོ་རྡོ་སློག་གཅིག་ཀྱང་བྱས་མྱོང་མེད་པར་སྲུང་སྐྱོབ་བྱས་ཡོད་ཀྱང་། ད་སྐབས་རྒྱ་གཞུང་གིས་བཙན་དྲག་གི་སྒོ་ནས་གནས་རིར་གཏེར་ཁ་བསྔོག་འདོན་བྱ་རྩིས་བྱས་ཡོད་སྟབས། ས་གནས་ཡུལ་མི་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག

སྤྱིར་བཏང་བོད་ཀྱི་ཡུལ་སྡེ་སོ་སོར་མཆོད་བཀུར་བྱ་ཡུལ་གནས་རི་རེ་ཡོད་པ་དང་། གནས་རི་དེ་དག་ལ་ས་ཆ་དང་ཡུལ་མིར་སྲུང་སྐྱོབ་དང་མགོན་སྐྱབས་གནང་མཁན་གྱི་ཡུལ་ལྷ་རེ་གནས་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད། དེར་བརྟེན། བོད་མི་དད་ལྡན་མང་ཚོགས་ཀྱིས་གནས་རི་དེ་དག་གི་རི་སྒང་དུ། ལབ་ཙེ་དང་དར་ལྕོག བསང་ཁྲི་སོགས་བརྩིགས་ཏེ་བསང་མཆོད་བྱེད་ཀྱིན་པར་མ་ཟད། གནས་རི་དེ་དག་གི་སྒང་ནས་ས་བརྐོ་རྡོ་སློག་བྱེད་པ་དང་ཤིང་ནགས་གཅོད་འབྲེགས་བྱེད་པ། རི་དྭགས་རྔོན་པ་སོགས་བྱས་ཚེ་ཡུལ་ཕྱོགས་དེའི་མི་དང་སྒོ་ཕྱུག་ཡོངས་ལ་བར་ཆད་དང་ནད་ཡམ། ཆག་འཇིག་ཡོང་བར་ངོས་འཛིན་གྱིས་གནས་རིར་སྲུང་སྐྱོབ་བྱ་བཞིན་ཡོད། དེ་ནི་བོད་མི་རིགས་ཀྱི་ཆོས་ལུགས་དད་མོས་དང་རིག་གཞུང་གོམ་སྲོལ་ཞིག་ཆགས་ཡོད། ཕ་མེས་ཡང་མེས་ནས་བརྒྱུད་པའི་རིག་གཞུང་གོམ་སྲོལ་དེ་དག་ལ་བརྟེན་ནས། ད་ལྟའི་བར་དུ་བོད་ཀྱི་ས་ཁུལ་སོ་སོར་ཁོར་ཡུག་སྲུང་སྐྱོབ་དང་། རི་སྐྱེས་སྲོག་ཆགས་དང་འདབས་ཆགས་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། དེ་བས་རྒྱ་གཞུང་གིས་གནས་རིར་གཏེར་ཁ་བསྔོག་འདོན་བྱེད་པ་དེ་ནི། བོད་ཁུལ་གྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་བཟོ་བ་ཞིག་ཡིན་པ་མ་ཟད། བཙན་དབང་གི་སྒོ་ནས་བོད་མིའི་དད་མོས་དང་རིག་གནས་གོམ་སྲོལ་ལ་གཏོར་བཤིག་གཏོང་བཞིན་པ་ཞིག་ཆགས་ཀྱིན་ཡོད།

གནས་རི་ཨ་མྱེ་བྲག་རྫོང་དུ་ཡོད་པའི་གཏེར་རྫས་དེའི་མིང་ལ་དབྱིན་སྐད་དུ་ཡུ་རེ་ནི་ཡམ་(Uranium)་དང་རྒྱ་སྐད་ཀྱིས་ཡུའུ་(铀)ཞེས་ཟེར་ལ། གཙོ་བོ་རྡུལ་ཕྲན་མཚོན་ཆ་བཟོ་བྱེད་ཀྱི་རྫས་སྦྱོར་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་རེད། ད་ལྟའི་ཆར་གཏེར་ཁ་བསྔོག་མཁན་གྱི་གཏེར་ལེན་ཚན་པའི་མིང་དང་ལས་ཁུངས་རྒྱབ་ལྗོངས་སོགས་གང་ཞིག་ཏུ་གཏོགས་མིན་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། མ་གཞི་ཡུ་རེ་ནི་ཡཱམ་ཞེས་པ་གཏེར་རྫས་དེ་ནི་ཐོག་མར་ ༡༩༦༠ ནས་བཟུང་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆའི་ཆེད་བེད་སྤྱོད་བྱེད་ཀྱིན་ཡོད། ཡུ་རེ་ནི་ཡཱམ་ནི་དུག་རྫས་ཤིག་ཡིན་པས་གཏེར་ཁ་བསྔོག་ཡུལ་ས་ཆ་དེའི་མཁའ་རླུང་དང་ས་རྒྱུ། ཆུ་སོགས་ཁོར་ཡུག་སྤྱི་ཡོངས་ལ་འབག་བཙོག་བཟོ་བཞིན་ཡོད་པ་རེད། ལྷག་པར་དུ་ཡུ་རེ་ནི་ཡཱམ་བསྔོག་འདོན་བྱེད་པར་ཆུ་མང་པོ་བེད་སྤྱོད་གཏོང་དགོས་སྟབས། བཙོག་བསྒྱུར་བྱས་པའི་ཆུ་དེས་ས་འོག་གི་ཆུ་དང་རྒྱུགས་ཆུ་སོགས་བཙོག་བསྒྱུར་བྱས་ཏེ། ས་གནས་དེ་གའི་ཉེ་འཁོར་གྱི་ཡུལ་མིའི་འཐུང་ཆུ་དང་ཞིང་ཆུ་སོགས་ལ་གནོན་སྐྱོན་ཚབས་ཆེན་ཕོག་བཞིན་ཡོད་པ་རེད།

བོད་ནི་འཛམ་གླིང་ནང་གི་ཡུ་རེ་ནི་ཡཱམ་གྱི་ཐོན་ཁུངས་མང་ཤོས་ཀྱི་ས་ཆ་གཅིག་ཆགས་ཡོད་ཀྱང་། བོད་ཀྱི་ས་བབ་མཐོ་ལ་མཁའ་དབུགས་སྐམ་པ་སོགས་ཀྱི་རྐྱེན་པས་གཏེར་ཁ་ཕོན་ཆེན་པོ་བསྔོན་འདོན་བྱས་ཏེ། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབ་ཆེན་ཕོག་རྒྱུའི་ཉེན་ཁ་གནས་ཡོད། ཡུ་རེ་ནི་ཡཱམ་བསྔོག་འདོན་བྱེད་སའི་ས་ཆ་གནད་འགག་གཅིག་ནི་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་རི་བོ་ཆེ་ཞེས་པའི་བོད་མི་རྣམས་ཀྱིས་རྩ་ཆེར་འཛིན་པའི་གནས་རི་དེ་ཡིན། རྒྱ་གཞུང་གིས་བོད་ཀྱི་གནས་རི་རྩ་ཆེན་དག་ཏུ་མང་ཚོགས་རྣམས་གནས་མཇལ་དུ་འགྲོ་རྒྱུའང་བཀག་བསྡོམས་བྱས་ཏེ། རྡུལ་ཕྲན་མཚོན་ཆ་བཟོ་སྤྱད་ཀྱི་ཡུ་རེ་ནི་ཡཱམ་གཏེར་རྫས་བསྔོག་འདོན་བྱེད་ཀྱིན་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གིས་བཏོན་པའི་སྙན་ཐོ་ཁག་ནང་གསལ་བ་ལྟར་ན། ཕྱི་ལོ་ ༡༩༩༠ བར་རྒྱ་ནག་གིས་བོད་ནང་གི་ས་ཁུལ་ ༢༠༠ ཙམ་ཞིག་ལ་ཡུ་རེ་ནེ་ཡཱམ་གཏེར་ཁ་བསྔོག་འདོན་བྱས་ཡོད། བོད་གཞུང་ཕྱི་འབྲེལ་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་ཁོངས་གཏོགས་བོད་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ ༡༩༩༢ ལོའི་སྙན་དེབ་ནང་། བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་ནི་ཡུ་རེ་ནི་ཡཱམ་གཏེར་རྫས་མང་ཤོས་ཡོད་པའི་ས་ཆ་ཞིག་ཆགས་ཡོད་པ་བཀོད་འདུག གཞན་ཡང་། རྒྱ་གཞུང་གིས་གཏེར་ཁ་བསྔོག་བྱེད་ཡུལ་ཆེ་ཤོས་ནི་ཀན་སུའུ་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་ཐེ་བོ་རྫོང་གི་ཁོངས་ཆགས་ཡོད། གོང་གསལ་བཙན་བྱོལ་བོད་གཞུང་གི་སྙན་ཐོའི་ནང་རྒྱ་ནག་གིས་གཏེར་དངོས་དེ་དག་ལས་སྣོད་བྱེད་སའི་བཟོ་གྲྭ་ནི། ཐེ་བོ་རྫོང་ཐོག་ནས་སྤྱི་ལེ་ ༨༦ མཚམས་ན་བཙུགས་ཡོད་པ་རེད། ཁུངས་ལྡན་སྙན་ཐོའི་ནང་རྐྱང་ཚ་ཡུལ་ཚོའི་དགུ་རུ་གྲོང་ཚོའི་ནང་། ཕྱི་ལོ་ ༡༩༨༠ ལོ་ནས་ས་གནས་ཡུལ་མི་རྣམས་ལ་ན་ཚ་འདྲ་མིན་ཕོག་མགོ་བརྩམས་ཡོད་པ་མ་ཟད། གྲོང་གསེབ་དེའི་ཉེ་འཁྲིས་ཀྱི་ཤིང་ནགས་དང་རྩི་ཤིང་རྣམས་སྐམ་མགོ་ཚུགས་ཡོད་པ་རེད། སྔ་ཕྱིར་ ༡༩༨༩ ནས་ ༡༩༩༢ བར་ས་གནས་གྲོང་ཚོ་དེར་ཁྱོན་ཡུལ་མི་ ༥༠༠ ལྷག་ཡོད་པའི་ནང་ནས། གློ་བུར་ཚ་བ་འཕར་བ་དང་གྲོད་ཁོག་བཤལ་བ་སོགས་ཀྱི་ན་ཚ་བྱུང་སྟེ། ཉུང་མཐར་གྲོང་མི་ ༣༥ ལྷག་འདས་གྲོང་ཕྱིན་ཡོད་པ་རེད།

གཞན་ཡང་། འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། དེ་སྔ་ཕྱི་ལོ་ ༡༩༦༠ རེ་གྲངས་ཤིག་ནས་ཕྱི་ལོ་ ༡༩༩༥ བར་གྱི་ལོ་༣༠ ལྷག་གི་རིང་ལ། རྐྱང་ཚ་དང་ཐེ་བོའི་ཁོག་ལ་རྟེན་གཞི་བྱས་པའི་གཏེར་འདོན་ལས་ཁུངས་ཚབ་མིང་ལ་ ༧༩༢ ཟེར་བ་དེ་དང་མཉམ་དུ། ཚབ་མིང་༤༠༥ དང་༤༠༧ ཟེར་བའི་གཏེར་འདོན་ཚན་པ་གཉིས་བཅས་ཀྱིས། འབྲིང་བའི་ཁོག་ལའང་ལོ་ ༣༠ ལྷག་རིང་གསེར་དང་ལྕགས་རིགས། སོགས་གཏེར་ཁ་རིགས་ ༣༤ གཏེར་འདོན་བྱེད་བཞིན་ཡོད་འདུག དེ་བཞིན། ཟི་ཁྲོན་ཞིང་ཆེན་ཁོར་ཡུག་རྟོགས་ཞིབ་སྡེ་ཁག་གི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༦ ནང་རྒྱ་གཞུང་གི་གཏེར་ཁ་རྟོགས་ཞིབ་ཚན་པ་ཁག་ཅིག་གིས། མཛོད་དགེ་རྫོང་ཁོངས་སུ་རྡུལ་ཕྲན་མཚོན་ཆ་བཟོ་བྱེད་ཀྱི་ཡུ་རེ་ན་ཡཱམ་དུག་རྫས་གཏེར་འདོན་ཐད་རྟོགས་ཞིབ་བྱས་ཡོད་འདུག

༢༠༠༩ ལོའི་མཛོད་དགེ་རྫོང་ནགས་ལས་ཚན་པའི་སྡོམ་རྩིས་ཡིག་ཆ་ལྟར་ན། མཛོད་དགེ་རྫོང་གི་རྩྭ་ཐང་ཀྱི་བཅུ་ཆ་གཅིག་ལ་ཚད་གཞི་མི་འདྲ་བའི་ཕྱེ་འགྱུར་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། ལོ་རེ་བཞིན་རྩྭ་ཐང་ཕྱེ་འགྱུར་གནོད་ཐེབས་ཀྱི་མྱུར་ཚད་བརྒྱ་ཆ་ ༡༡་༦༥ སླེབས་ཀྱིན་ཡོད་པ་དང་། རང་བྱུང་རྒྱུགས་ཆུ་མང་པོ་སྐམ་པ་དང་ཕྱེ་རླུང་དྲག་པོ་གཡུག་པ་སོགས་ལ་བརྟེན་ནས། ས་གནས་མང་ཚོགས་ཀྱི་འཚོ་བར་དཀའ་ཉེན་ཆེན་པོ་འཕྲད་བཞིན་ཡོད་འདུག དེར་མ་ཟད། མཛོད་དགེ་ས་ཆར་མཚོའུ་ཆེན་པོ་གསུམ་ཡོད་པའི་ནང་ནས། མཚོའུ་གཉིས་ལ་དེ་སྔ་རྒྱ་ཁྱོན་ཨེ་ཀར་(hectare) ༦༠༠ ཡོད་པ་ནས་ད་ལྟ་ ༤༠༠ མ་གཏོགས་མེད་པ་དང་། མཚོ་གཞན་གཅིག་ལ་དེ་སྔ་རྒྱ་ཁྱོན་ཨེ་ཀར་ ༤༠༠ ཡོད་པ་ནས་ད་ལྟ་ ༣༠༠ མ་གཏོགས་མེད་པ་རེད།
ཕྱི་ལོ་ ༢༠༠༨ ལོའི་༼རྒྱ་ནག་མི་འབོར་དང་ཐོན་ཁུངས། ཁོར་ཡུག༽ཅེས་པའི་དུས་དེབ་སྟེང་། ཁོར་ཡུག་ཉམས་ཞིབ་པ་རྒྱ་རིགས་ལིས་པིན(李 斌)སྤེལ་བའི་མཛོད་དགེ་རྩྭ་ཐང་བྱེ་འགྱུར་གྱི་གནས་སྟངས་ཐད་ཉམས་ཞིབ་ཀྱི་རྩོམ་ཡིག་ནང་། མཛོད་དགེ་རྩྭ་ཐང་ཕྱེ་འགྱུར་གྱི་རྒྱུ་རྐྱེན་གཙོ་བོ་གཏེར་ཁ་སྣ་ཚོགས་དང་གཅིག་སྤང་བོག་(Peat)ཐོན་ཁུངས་སྔོག་འདོན་ཡིན་པ་དང་། མཛོད་དགེ་ས་ཁུལ་གྱི་སྤང་བོག་ཐོན་ཁུངས་ཀྱི་འདུས་ཚད་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༤༡ ལྷག་ཡིན་པ་བརྗོད་འདུག

རྒྱ་གཞུང་གིས་ནམ་རྒྱུན་བོད་ཀྱི་རང་བྱུང་ཁོར་ཡུག་གི་ཆག་འཇིག་དང་། ས་གནས་བོད་མིའི་ཕུགས་རིང་གི་འཚོ་གནས་དཀའ་ཉེན་རྣམས་སྣང་མེད་དང་། བོད་རིགས་མང་ཚོགས་ཀྱི་ངོས་ནས་མོས་མཐུན་ཡོད་མེད་སྐད་ཆ་ཙམ་ཡང་མི་འདྲི་བར། དབང་ཡོད་བཙན་དྲག་གི་སྒོ་ནས་གང་འདོད་དུ་གཏེར་ཁ་བསྔོག་འདོན་བྱེད་བཞིན་དེ་ནི། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ལུགས་བཅས་རྡོག་རོལ་གཏོང་བའི་བྱ་སྤྱོད་ཅིག་ཆགས་ཡོད། དེར་མ་ཟད། གཏེར་ཁ་བསྔོག་འདོན་སྐབས་དུག་རྫས་འབག་བཙོག་གཙང་སེལ་གྱི་ལག་རྩལ་ཚན་ལྡན་མ་ཡིན་པའི་ཐོག་ནས། ས་གནས་དཔོན་རིགས་དང་ཚོང་པ་རྣམས་ལྐོག་འབྲེལ་གྱིས་སོ་སོའི་གནས་སྐབས་ཙམ་གྱི་ཁེ་སྤོགས་ཁོ་ནར་དམིགས་ཏེ། བོད་མི་རྣམས་ཀྱིས་རྩ་ཆེན་པོར་བརྩི་བཞིན་པའི་གནས་རི་དག་ཏུ་གང་འདོད་གཏེར་ཁ་བསྔོགས་འདོན་གྱིས་ཁོར་ཡུག་འབག་བཙོག་བཟོ་བཞིན་དེས། བོད་མི་རྣམས་ས་ཁུལ་དེ་དག་ཏུ་མི་རབས་རིམ་བརྒྱུད་ལ་འཚོ་བ་རོལ་ནས་སྡོད་དགོས་ཡོད་སྟབས། ས་གནས་བོད་མིའི་འཕྲོད་བསྟེན་དང་ཕྱུག་ལས་དཔལ་འབྱོར་སོགས་ལ་གནོད་ཚབས་ཆེན་པོ་ཡོད་པ་རེད། དེར་བརྟེན། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་མི་རྣམས་ཀྱི་འཚོ་གནས་བདེ་སྡུག་དང་། ཆོས་ལུགས་དད་མོས་དང་རིག་གནས་གོམ་སྲོལ་བཅས། གང་འདོད་དུ་བརྡལ་བཤིག་དང་རྩ་གཏོར་བྱ་རྒྱུ་མཚམས་འཇོག་དགོས་པར་ནན་སྐུལ་བྱེད་བཞིན་ཡོད།